ཐེངས་འདིའི་རྩོམ་ཡིག་འགྲན་བསྡུར་ཁྲོད་གྲུབ་འབྲས་རྩེ་ཕུད་ཐོབ་པའི་ན་གཞོན་སློབ་མ་རྣམས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་ཆབས་ཅིག འདིར་བཀོད་༢༠༠༥ ལོའི་རྩོམ་ཡིག་འགྲན་བསྡུར་ནང་སླེབས་པའི་རྩོམ་ཡིག་ཁག་རྩོམ་སྒྲིག་གི་ལས་རིམ་ཁྲོད་རང་ཉིད་ལ་བྱུང་བའི་སེམས་ཚོར་དང་བསམ་འཆར་འགའ་རྒྱ་ཆེའི་དགེ་སློབ་རྣམས་ལ་གྲོས་མོལ་ཞུ་རྒྱུ་གཤམ་གསལ།
ཀ)    རྩོམ་ཡིག་ཕལ་ཆེ་བའི་བརྗོད་བྱ་གོ་སྒྲིག་བྱེད་སྟངས་དེ་ཙམ་ལེགས་པོ་ཞིག་བྱུང་མེད་པ་ནི་དུས་རྒྱུན་རྩོམ་ཡིག་སློབ་ཁྲིད་གནད་དུ་མ་སྨིན་པའི་མངོན་རྟགས་ཡིན་ནམ་སྙམ།
ཁ)    རྩོམ་ཡིག་ཁག་ཅིག་རྗོད་བྱེད་ཚིག་གི་མེ་ཏོག་མིག་ལ་མཛེས་ཀྱང༌། བརྗོད་སྙིང་དང་འབྲེལ་བའི་དོན་གྱིས་སྟོངས་པས་རྩོམ་ཡིག་ཕུལ་བྱུང་དུ་ནམ་ཡང་མི་ཚུད་པས། དུས་རྒྱུན་རྩོམ་ཡིག་འབྲི་ཀློག་བྱེད་སྐབས་བརྗོད་སྙིང་དམ་འཛིན་གནང་རྒྱུ་གལ་ཆེ་སྙམ།
ག)    སློབ་ཕྲུག་ཕལ་ཆེ་བས་བཀོད་འབྲི་དང་དུང་སེམས་མཚོན་པའི་འབྲི་ཐབས་སྤྱད་འདུག་ཀྱང༌། སྤྱིར་བཏང་རྩོམ་ཡིག་གི་རྗོད་ཚིག་ནི་དངོས་ཡོད་འཚོ་བ་མཚོན་བྱེད་ཀྱི་མེ་ལོང་ལྟ་བུ་ཞིག་ཡིན་ནའང༌། དངོས་ཡོད་འཚོ་བའི་སྒྱུ་རྩལ་དང་གནས་ལུགས་རྣམས་གཅིག་བསྡུས་ཀྱིས་སྔར་བས་ཚད་མཐོའི་སྒོ་ནས་མཚོན་ཐབས་བྱ་དགོས་སྟབས། རྩོམ་འབྲིའི་ཐབས་རྩལ་འདི་རིགས་ཡར་རྒྱས་གཏོང་དགོས་ན་སློབ་མ་ཚོས་ཕུལ་བྱུང་རྩོམ་ཡིག་གང་མང་ཀློག་བལྟ་བྱ་རྒྱུ་གལ་ཆེར་སྣང༌།
    འདིར་དམིགས་བསལ་གྱིས་བརྗོད་དགོས་པ་ཞིག་ནི། འདིར་བཀོད་རྩོམ་ཡིག་རྣམས་སློབ་མ་ཚོས་འགྲན་བསྡུར་གྱི་དུས་ཡུན་ཐུང་ཐུང་ཆུ་ཚོད་གཉིས་གསུམ་ཙམ་གྱི་རིང་ཤར་མར་བྲིས་པ་ཞེ་གཅིག་ཡིན་སྟབས། སྒྱུ་རྩལ་གྱི་ཉམས་དང་ནང་དོན་ལ་འགྱུར་ཁུག་སོགས་ཀྱི་ཐད་ཕུལ་དུ་བྱུང་བ་ཞིག་འབྱུང་དཀའ་བ་སྨོས་མ་དགོས། འོན་ཀྱང༌། རྩོམ་འགྲན་གྱི་ལས་རིམ་འདི་ཉིད་ལ་བརྟེན་ནས་སློབ་མས་རྩོམ་གཞིའི་རྒྱུ་ཆ་འདེམས་གསེས་བྱེད་སྟངས་དང༌། བརྗོད་བྱ་གོ་རིམ་སྒྲིག་སྟངས། རྩོམ་འབྲིའི་ཐབས་རྩལ། བྱ་དངོས་ལ་དབྱེ་ཞིབ་དང་གདེང་འཇོག་བྱེད་སྟངས་སོགས་ཀྱི་ནུས་རྩལ་གང་མང་ཞིག་མཐོང་ནུས་པས། ཕུལ་བྱུང་རྩོམ་ཡིག་འདི་དག་དཔར་འགྲེམས་གནང་བ་བརྒྱུད་གཏན་ཉིན་སློབ་གྲྭ་ཡོངས་ཀྱི་ན་གཞོན་སློབ་མ་ཚོའི་རྩོམ་འབྲི་བྱ་བར་སྐུལ་འདེད་ཐེབས་ཐུབ་པ་མ་ཟད། མ་འོངས་རྩོམ་ཡིག་འབྲི་སྦྱོང་ལ་ལམ་སྟོན་དང་དཔྱད་གཞིའི་རིན་ཐང་ལྡན་པ་ཡིན།
    རྩོམ་ཡིག་འགྲན་བསྡུར་འདི་ནི་རྒྱལ་ཡོངས་རང་བཞིན་ལྡན་པའི་འགྲན་བསྡུར་ཞིག་ཡིན་པ་དང་ཆབས་ཅིག འཛིན་གྲྭའི་ཚད་རིམ་གཞིར་འཛིན་གྱི་འགྲན་བསྡུར་ཞིག་ཀྱང་ཡིན་སྟབས། འཛིན་རིམ་མི་འདྲ་བའི་སློབ་མའི་རྩོམ་ཡིག་གི་གནས་ཚད་ལ་གདེང་ཞིབ་བྱེད་སྐབས། འཛིན་རིམ་སོ་སོའི་སློབ་གཞིའི་གནས་ཚད་དང་སློབ་ཕྲུག་གི་ན་བབ་བཅས་ཟུང་འབྲེལ་གྱི་སྒོ་ནས་བལྟ་དགོས་པ་ལས། མི་དར་མའི་རྩོམ་ཡིག་གི་གནས་ཚད་དང་བསམ་བློའི་ནང་དོན་ལེབ་འགེབས་བྱ་མི་རུང༌།
    ཐེངས་འདིའི་རྩོམ་འགྲན་ཁྲོད་བྱ་དགའ་ཐོབ་པའི་སློབ་ཕྲུག་རྣམས་དང་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་མཁྱེན་དགོས་པ་ཞིག་ལ། བྱ་དགའ་འདི་ནི་དུས་སྐབས་གཅིག་དང༌། བརྗོད་གཞི་བྱེ་བྲག་པ་གཅིག་གི་གནས་སྐབས་ཀྱི་གྲུབ་འབྲས་མཚོན་བྱེད་ཙམ་ཞིག་ཡིན་པ་མ་གཏོགས། རྩོམ་འགྲན་ཁྲོད་ཨང་དང་པོ་ཐོབ་པའི་དོན་ནི་རྒྱུན་གཏན་ནས་རང་ཉིད་ཨང་དང་པོ་ཡིན་པའི་དོན་མིན། དེར་བརྟེན། བྱ་དགའ་ཐོབ་མ་ཐོབ་དེ་གལ་ཆེན་པོ་མིན་པར། གཙོ་བོ་དུས་རྒྱུན་རང་ཉིད་ཀྱི་རྩོམ་འབྲིའི་ཆུ་ཚད་མུ་མཐུད་གོང་མཐོར་གཏོང་རྒྱུ་དེ་ཡིན། དེ་ལྟར་བྱ་བ་ལ་ཐོག་མར་ཕུལ་བྱུང་རྩོམ་ཡིག་གང་མང་ཞིག་ལ་བལྟ་ཀློག་དང་དཔྱད་ཞིབ་བྱ་རྒྱུ་ཧ་ཅང་གལ། སྨྱུག་གསར་དུས་དེབ་འདི་སློབ་ཕྲུག་ཚོས་དེང་གི་སློབ་ཕྲུག་རྣམས་ཀྱི་རྩོམ་ཡིག་གི་གནས་ཚད་རྒྱུས་མངའ་དང༌། ཕན་ཚུན་དཔྱད་གཤིབས། གཞན་གྱི་ལེགས་ཆ་བསྡུ་ལེན། མ་འོངས་པའི་ཁ་ཕྱོགས་དང་དམིགས་ཡུལ་འཛུགས་སྐྲུན་བཅས་ཀྱི་ས་བོན་བསྐྲུན་པའི་སླད་སློབ་ཕྲུག་ཚོའི་སྤྱན་ལམ་དུ་གཟིགས་འབུལ་ཞུས་ཡོད།
    ཕྱི་ལོ་༡༩༩༦ ལོར་གཏན་ཉིན་སློབ་གྲྭ་ཁག་ཏུ་རྩོམ་ཡིག་འགྲན་བསྡུར་གྱི་ལས་རིམ་སྤེལ་ཏེ་ལོ་ངོ་ཧྲིལ་པོ་བཅུ་འཁོར་བའི་ཉིན་མོ་འདིར། འདས་པའི་ལོ་རབས་ནང་གི་སློབ་མའི་འབྲི་རྩོམ་ལ་ཕྱིར་མིག་ཅིག་ལྟ་དུས་རྩོམ་འབྲིའི་ཤེས་ཚད་གོང་མཐོར་འགྲོ་བའི་རྣམ་པ་ཞིག་སྣང་ཡང༌། ཡར་རྒྱས་འདི་ནི་སློབ་མ་རྩེ་ཕུད་ཀྱི་རྩོམ་ཡིག་གི་གནས་ཚད་ཟུར་ཙམ་མཚོན་ཐུབ་པ་ལས། སློབ་ཕྲུག་བྱིངས་ཀྱི་རྩོམ་འབྲིའི་གནས་ཚད་ཐད་ད་དུང་ཡར་རྒྱས་འདོད་བློ་ཁེངས་པ་ཞིག་མཐོང་དཀའ་བའི་གནས་སུ་ཡོད་པ་ཚང་མས་མཁྱེན་གསལ་ལགས་ན། འབྲེལ་ཡོད་སློབ་དགེ་རྣམས་ཀྱིས་ཕྱོགས་གཅིག་ནས་རྩོམ་ཡིག་སློབ་ཁྲིད་ཀྱི་སྤུས་ཚད་ཡར་རྒྱས་གཏོང་རྒྱུ་དང་ཆབས་ཅིག སློབ་མ་ཚོར་རྩོམ་འབྲིའི་སྦྱོང་བརྡར་དང་ལམ་སྟོན་རྒྱུན་བསྟུད་དུ་གནང་དགོས་ལ། ཕྱོགས་གཞན་ནས་སློབ་མ་ཚོར་རྩོམ་ཡིག་བལྟ་ཀློག་དང་བགྲོ་གླེང་སོགས་དོ་སྣང་ཇེ་ཆེར་འབྱུང་ཐབས་ཀྱི་བྱེད་ཐབས་སྣ་ཚོགས་སྤེལ་ཏེ། སློབ་མའི་རྩོམ་འབྲིའི་དང་བ་འདྲེན་རྒྱུ་དང༌། སྐུལ་སློང་ཤུགས་ཆེན་གནང་རྒྱུ་བཅས་དགེ་སློབ་ཕྱོགས་གཉིས་མཉམ་འབྲེལ་དང་རྒྱུན་བསྟུད་ཀྱི་བྱེད་ཕྱོགས་ལག་ལེན་བསྟར་རྒྱུ་ཧ་ཅང་གལ་ཆེ།
    སྨྱུག་གསར་འདོན་ཐེངས་འདི་ནས་བཟུང་སྟེ་རྩ་བའི་ཚིག་སྦྱོར་ལ་འགྱུར་བ་མ་བཏང་བར་ཡིག་ནོར་གཙོས་པའི་ཕྲད་སྦྱོར་སྟངས་ཀྱི་ནོར་སྐྱོན་ཆེ་རིགས་དག་བཅོས་བྱས་རྗེས། སློབ་མའི་རྩོམ་ཡིག་གི་དགེ་སྐྱོན་ཕྱོགས་ཡོངས་ནས་གསལ་འདོན་བྱ་སླད་རྩོམ་ཡིག་འདབས་སུ་བཀོད་པའི་“ཞན་ཆ་”ཞེས་ཡིག་ནོར་ཁོ་ན་ཙམ་འགོད་པའི་ཚབ་ཏུ། “རྩོམ་ཡིག་དཔྱད་མཆན་”ཞེས། རྩོམ་ཡིག་གི་བརྗོད་བྱ་གཙོ་བོ་མཚོན་ཐབས་ཆེད་རྩོམ་གཞིའི་རྒྱུ་ཆ་བདམས་སྟངས་དང༌། བརྗོད་བྱ་བཀོད་སྒྲིག་བྱེད་སྟངས། མཚོན་ཐབས་ཀྱི་སྒྱུ་རྩལ། དུམ་མཚམས་ཀྱི་དབྱེ་བ་ཕྱེ་སྟངས། ཚིག་སྦྱོར། ཡི་གེ་དང་ཕྲད་རྒྱག་སྟངས་ནོར་བ་རྣམས་གཙོ་བོར་བཟུང་སྟེ་ལེགས་ཆ་ངོས་འཛིན་དང་ཁག་ཐེག ཞན་ཆ་ཐེར་འདོན་དང་ལམ་སྟོན་བཅས་ཀྱི་སྒོ་ནས་བཀོད་ཡོད་ན་ཡང༌། སློབ་མ་རང་ངོས་ནས་རྣམ་དཔྱོད་ཀྱིས་ཞིབ་མོར་དཔྱད་དེ་སྤང་བླང་འཛོལ་མེད་གནང་རྒྱུ་ལས། འདིར་དཔྱད་མཆན་བཀོད་པ་རྣམས་རྩོམ་ཡིག་གདེང་ཞིབ་ཚོགས་ཆུང་གི་དཔྱད་མཆན་མིན་པར་རྩོམ་སྒྲིག་པའི་ཟུར་འདེབས་ལྟ་བུ་ཡིན་པས། རྩོམ་ཡིག་དཔྱད་བརྗོད་ཐད་དགོངས་ཚུལ་མཐུན་མིན་ཅི་རིགས་འབྱུང་བ་ཆོས་ཉིད་ཡིན་ནའང༌། རྩོམ་སྒྲིག་དང་ལས་རིམ། དཔྱད་བརྗོད་གང་ཅིའི་ཆར་རྒྱ་ཆེའི་ཀློག་པ་པོས་རིན་ཐང་བྲལ་བའི་དགོངས་འཆར་ལྷུག་སྩོལ་ཡོང་བའི་རེ་སྐུལ་དང་བཅས། རྩོམ་སྒྲིག་པས་༢༠༠༧ ལོའི་ཟླ་༥ པའི་ཚེས་༢༥ ཉིན།

མདུན་ཤོག

Menu