རུས་སྦལ་སོ་ཡིས་བྱ་རྣམས་བསླུས་པ།

སྐྱེ་བོ་ངན་པ་འགའ་ཞིག་ནི། །
ལོག་པའི་ཆོས་ལ་རབ་ཞེན་པས། །
འདོད་པའི་དོན་གྱིས་བསླུས་འགྱུར་ཏེ། །
རུས་སྦལ་སོ་ཡིས་བྱ་བསླུས་བཞིན། །

    སྔོན་མཚེའུ་གཅིག་ཡོད་པ་ལ་བྱིའུ་མང་པོ་ཆུ་འཐུང་དུ་སོང་བས། དེ་ནས་རུས་སྦལ་མཐོང་ན་དགའ་བྱ་བ་ཅིག་ཡོད་པ་དེས། ལུས་པོ་ཐམས་ཅད་འདམ་གྱི་ནངདུ་སྦས་ནས། སོ་དཀར་ཙིག་གེར་ཕྱིར་བསྟན་པས། བྱིའུ་རྣམས་ཀྱིས་ཆུ་འཐུང་ཞིང་སོ་དཀར་ཙིག་གེ་པ་དེ་མཐོང་ནས་འབུ་ཡིན་སྙམ་ནས་ལེན་དུ་སོང་ཙ་ན། ཁོས་བཟུང་ནས་ཟོས་པས། བྱིའུ་རྣམས་ཇེ་ཉུང་དུ་སོང༌། ནམ་ཞིག་གི་ཚེ་བྱ་རྣམས་ཀྱི་དཔོན་ཀུན་ཏུ་དགེ་ཞེས་བྱ་བ་ཞིག་ཡོད་པ་དེས་མཚེའུ་ལ་ཆུ་འཐུངས་ནས་སོ་དེ་འབུ་ཡིན་སྙམ་ནས་བླངས་པས། རུས་སྦལ་གྱི་ཁ་རུ་སོང་ནས་ཙིར་གྱིས་བཟུང་བ་1དང༌། བྱིའུ་ཆུང་གིས་སྨྲས་པ། གོམ་གསུམ་འཆག་2ཏུ་ཆུག །ཚིག་གསུམ་སྨྲ་རུ་ཆུག །བྱས་པས། རུས་སྦལ་ན་རེ། གོམ་གསུམ་འཆག་ཏུ་འཇུག་རྒྱུ་ལ། །ཁྱོད་གཤོག་ཐོགས་3ཡིན་པས་ངས་ཕྱིས་4མི་ཟིན། །ཚིག་གསུམ་སྨྲ་ན་སྨྲོས་ཤིག །བྱས་པས། བྱིའུ་ཆུང་ན་རེ། ང་འདྲ་བ་ལ་ཟ་རིན་མེད་པས་ད་ལྟ་ཐོངས་དང༌། འོ་ཅག་གཉིས་གྲོགས་པོ་བྱའོ། །ང་བྱིའུ་རྣམས་ཀྱི་དཔོན་ཡིན་པས། ངས་བྱིའུ་ཐམས་ཅད་འཁྲིད་ནས་འདིར་འོང་གིས། དེ་ལ་ཁྱོད་ཀྱིས་གཅིག་ཟ་བ་བྱེད་དུ་འཇུག་ཟེར་བ་ལ། རུས་སྦལ་ན་རེ། ང་ལྟོགས་པས་འོ་ན་ཁྲིད་ལ་ཤོག་ཟེར། བྱིའུ་ཆུང་ན་རེ། ངས་གནངས་ཁྲིད་ལ་འོངས་ཟེར་ནས། ཁོང་གཉིས་ཁ་མི་མཐུན་པ་བྱུང༌། དེའི་གམ་ན་5སྦྲུལ་ཟླ་བ་བྱ་བ་ཡོད་པ་དེ་ན་རེ། ཁྱོད་གཉིས་གནངས་ཉིན་ཡང་མ་ཟེར། ད་ལྟ་ཡང་མ་ཟེར་སང་ཉིན་ཡོད་པ་གྱིས་ཟེར་ཏེ་ཞལ་ལྕེ་6ཡང་བྱུང་བས། དེ་ནས་བྱིའུ་ཆུང་བཏང་བས། བྱིའུ་ཆུང་ཐམས་ཅད་གཤོང་གཅིག་ཏུ་བསགས་ནས་གོ་བར་བསྒྲགས་སོ། །དེ་ཕྱིན་ཆད་བྱིའུ་རྣམས་ཆུ་འཐུང་ཡང་འབུ་ལེན་དུ་མ་བྱུང་བས། རུས་སྦལ་གྱིས་བྱིའུ་རྣམས་ལ་ཀུན་ཏུ་དགེས་བསླབ་བྱ་བྱས་པར་ཤེས་ཏེ། རུས་སྦལ་གྱིས་སྦྲུལ་ཟླ་བ་ལ་འཕྲིན་བཏང་དོན། ངས་དགེ་བསྙེན་གྱི་སྡོམ་པ་བླང་ཡོད་པས་སྲོག་གཅོད་རྒྱུ་སྤང་བས་ཡུད་ཙམ་ཤོག་བྱས་པས། སྦྲུལ་གྱིས་ཀྱང་དེ་སྐད་བྱས་པ་ལས། བྱིའུ་ཀུན་ཏུ་དགེས་འཕྲིན་ལན་བསྐུར་བ།

འཕོངས་བ་རྣམས་ནི་གྲུབ་ན་ཅི་ཡང་བྱེད། །
རྟོག་པའི་ཐ་མ་སེམས་ལ་ཅི་ཡང་འཆར། །
སྡིག་ཅན་རྣམས་ནི་སྙིང་རྗེ་ངང་གིས་ཆུང༌། །
ཀུན་ཏུ་དགེ་ནི་གླེན་པར་མི་གདའ་ཡི། །
ཟླ་བས་བཏོང་ན་དགའ་ལ་སྐད་སྨྲོས་ཤིག། །

    བྱས་པ་དང༌། རུས་སྦལ་གྱིས་དེ་ཐོས་ནས་ཡིད་ཆས་པ་ལྟ་བུའོ། །དེས་ན་འདོད་པའི་ཡོན་ཏན་ལ་ཞེན་ཏེ་གཞན་དག་སླུར་མི་རུང་བའི་དོན་ནོ། །

མཆན།

  1. ཙིར་གྱིས་བཟུང་བ། མགྱོགས་པོར་བཟུང་བའི་དོན།
  2. འཆག་པ་ནི། གོམ་པ་སྤོས་པའི་དོན།
  3. གཤོག་ཐོགས་ནི། གཤོག་པ་ཅན་ཏེ། བྱའི་མིང་གི་རྣམ་གྲངས་ཡིན།
  4. ཕྱིས་མི་ཟིན། རྗེས་མི་ཟིན་པའི་དོན།
  5. གམ་ན་ནི། དྲུང་དུ་དང་མདུན་དུ་ཞེས་པའི་དོན།
  6. ཞལ་ལྕེ་ནི། འདིར་ཐག་ཆོད་བྱུང་བའི་དོན།

སྒྱུས་མས་སྤྲུལ་བའི་མི་ཚེ།

འདོད་པ་ཅན་གྱི་སྐྱེས་བུ་ཡི། །
རྟ་དང་གླང་པོ་མི་ལ་སོགས། །
འགའ་ཞིག་དེ་ལ་ཆགས་བྱེད་པ། །
རྨི་ལམ་ནོར་གྱིས་བསླུས་པ་བཞིན། །

   སྔོན་མི་གཅིག་གིས། སྣང་བའི་དངོས་པོ་འདི་ཐམས་ཅད་ནི་བདེན་པ་ཡིན་གྱི། རྨི་ལམ་དང་སྒྱུ་མ་ལྟ་བུ་ཡིན་ནོ། །ཞེས་ཟེར་བ་ན། སྐབས་ཤིག་རྒན་པོ་རྣམས་ཚོགས་པའི་དུས་སུ་སྒྱུ་མ་མཁན་1ཞིག་གིས་སྒྱུ་མའི་རྟ་བཟང་པོ་ཞིག་ཁྲིད་དེ་འོངས་ནས་ངའི་རྟ་འདི་ཚོང་རྒྱུ་ཡིན་བྱས་པས། སྔར་གྱི་སྒྱུ་མ་མི་བདེན་ཟེར་མཁན་དེས། རྟ་འདི་ངས་ཉོ་བར་བྱ་ཡིས་རེ་ཞིག་བཅག་2གིས་ཟེར་ནས་ཞོན་པ་དང༌། ཁོ་དེ་མ་ཐག་དུ་གཉིད་དུ་སོང་བས། རྟས་ཧད་ཀྱིས་ཁྱེར་ནས་ལུང་པ་དགུ་འདས་ནས་རྒྱ་མཚོའི་གླིང་དུ་སླེབས་ཏེེ། རྟ་ཁ་མ་ཐུབ་པར་རྒྱ་མཚོའི་ནང་མཆོང་འགྲོ་བས་ཁོ་རང་སྐྲག་སྟེ་རྟ་ཐོག་ནས་མཆོངས་ཏེ་ཕར་ཕྱིན་པས། གླིང་དེ་ན་བུད་མེད་གཟུགས་བཟང་བ་ཅིག་དང་ཕྲད་དེ་ཁྱིམ་ཐབ་བྱས་ཏེ་ཕྲུ་གུ་མིང་སྲིང་གཉིས་བྱུང༌། ལོངས་སྤྱོད་དང་ལྡན་ཞིང་བདེ་བའི་འཚོ་བར་རོལ་བཞིན་པའི་སྐབས། བུ་དེ་ལོ་བརྒྱད་ཙམ་ལོན་སྐབས་ཆུ་ལ་རྩེ་རུ་སོང་བས་ཆུས་ཁྱེར་བ་དང། བུ་མོ་དེ་ན་རེ། ངའི་མིང་པོ་ཆུར་ཤི་བ་ལ་ངས་ཅི་ཐུབ་བྱེད་ཟེར་ནས་ཆུར་མཆོངས་པས་བུ་མོ་དེ་ཡང་འཁྱེར་བ་དང༌། མས་ཀྱང་ངའི་བུ་ཚ་མིང་སྲིང་གཉིས་འདྲ་བ་མེད་ན། ང་གསོན་ཡང་ཅི་བྱེད་ཟེར་ནས་ཁོས་ནན་གྱིས་བཟུངས་ཀྱང་མ་ཐུབ་པར་མཐར་ཆུར་མཆོངས་ནས་ཤི་བས། ཁོ་མ་དགའ་བར་ཤིན་ཏུ་སྡུག་བསྔལ་ཏེ་ངུས་པའི་ཤུགས་ནར་གྱིས་བྱུང་བས། རྒན་པོ་རྣམས་ཀྱིས་འདི་ལ་ཅི་ཉེས་ཟེར་ཏེ་བསླངས་ཙ་ན། ཁོ་གཉིད་སད་ནས་རྨི་ལམ་དུ་བྱུང་བའི་ལོ་རྒྱུས་རྣམས་བཤད་དོ། །
    དེའི་བར་ལ་རྒན་པོ་རྣམས་ཚོགས་ནས་ཉི་མ་སོར་བཞི་ཙམ་ལས་མ་ནུར་བར་འདུག་གོ །མི་དེས་ཀྱང་དེ་ནས་བཟུང་སྟེ་དངོས་པོ་འདི་ཐམས་ཅད་རྨི་ལམ་དང་སྒྱུ་མ་ཙམ་དུ་བདེན་ཞིང་དོན་ལ་བདེན་པ་མེད་པར་རྟོགས་པ་ལྟ་བུའོ། དེས་ན་འདོད་པ་ལ་ཞེན་པ་ལོག་པ་དང་བདེན་འཛིན་སོགས་ལས་བློ་བཟློག་དགོས་པའི་དོན་ནོ། །
མཆན།

  1. སྒྱུ་མ་མཁན་ནི། རྫུ་འཕྲུལ་སྟོན་མཁན་ལ་གོ་དགོས།
  2. བཅག་པ་ནི། རྟའི་སྟེང་ཞོན་པ་ལ་གོ་དགོས།
  3. མིང་སྲིང་ནི། གཅེན་པོ་དང་གཅུང་མོ་གཉིས།
  4. ཤུགས་ནར་ནི། ཡིད་སྐྱོ་ཞིང་ཤུགས་རིང་ནར་ནར་འབྱིན་པའི་དོན།


བྲམ་ཟེའི་བུས་ཕྲག་དོག་གིས་རྒྱལ་སྲས་བཀྲོང་བ།

མཉམ་སྲོག་དག་ལས་ཕྲག་མི་དོག །
མཉམ་སྲོག་དག་ལས་ཕྲག་དོག་ན། །
འདིར་ཡང་སྡུག་བསྔལ་ཆེར་འགྱུར་ལ། །
ཕྱི་མར་རྣམ་སྨིན་ཆེ་འགྱུར་ཞིང༌། །
དཔེར་ན་གཞོན་ནུ་ཝ་དང་འདྲ། །

    ཞེས་པ་ནི་སྔོན་གྱི་དུས་ན་རྒྱལ་བུ་གཞོན་ནུ་བྱ་བ་དང༌། བྲམ་ཟེའི་ཁྱེའི་ཝ་བྱ་བ་གཉིས་ཡོད་པ་ལས། དེ་གཉིས་སྒྲ་སློབ་ཏུ་ཕྱིན་པ་ལ། བྲན་ཟེའི་བུས་མ་ལོབ། རྒྱལ་པོ་ཤེས་རབ་ཆེ་བས་ལོབ་པར་གྱུར་ཏོ། །སྒྲ་ལས་མཁས་པའི་ཁྱད་པར་བྱི་བའི་སྐད། བྱ་ཡི་སྐད་ལ་སོགས་པ་ཐམས་ཅད་ཤེས་སོ། །
    དེ་ནས་རང་ཁྱིམ་དུ་ལོག་སྟེེ་འོངས་པའི་ལམ་ཁར། དེ་ལ་བྲམ་ཟེའི་ཁྱེའུ་ཕྲག་དོག་སྐྱེས་ནས། ཤིང་སྡོང་གཅིག་གི་རྩ་བར་རྒྱལ་བུ་བསད་དོ། །རྒྱལ་བུའང་མ་ཤི་གོང་ཙམ་དུ་ཤིང་ཏ་ལའི་ལོ་མ་ཅིག་ལ། ཨ་བྲ་ཤི་ཀ་ཕྲ་མེན་སྐད་1དོ། ཞེས་པ་ཞིག་ཁྲག་གིས་བྲིས་ཏེ། འདི་ངའི་ཡས་རྒྱལ་པོ་ལ་སྤྲོད་ཅིག་ཅེས་བསྐུར་རོ། །
    དེར་བྲམ་ཟེས་ཁྱོད་ཀྱི་སྲས་དེ་ལམ་འགགས་2སུ་ཤིའོ། །ཟེར་ཏེ་ཡི་གེ་གཏད་པས། སུས་ཀྱང་ཤེས་པ་མ་བྱུང་ལ། རྒྱལ་པོའི་མཆོད་གནས་བཙུན་པ་མཚམས་པ་ཞིག་ཡོད་པ་རྣམས་ལ་སྨྲས་པ། ཁྱོད་རྣམས་ཀྱིས་ཡི་གེ་འདི་ཤེས་ན་ལེགས། མ་ཤེས་ན་ཁྱེད་རང་ཐམས་ཅད་གསོད་པ་ཡིན་ཟེར་རོ། །
    དེར་བཙུན་པ་རྣམས་གསོད་པ་ལ་པཎྜི་ཏ་མཁས་པ་ཞིག་ཡོད་པ་དེ་མ་བཟོད་པར་ནགས་གསེབ་ཏུ་བྲོས་ནས། ཤིང་སྡོང་གཅིག་གི་རྩེར་འཛེགས་ཏེ་བསྡད་པས། ཕྲ་མེན་མའི་བུ་ཚ་རྣམས་བཀྲེས་སྐོམ་ཞིང་ངུ་བ་ལས། དེ་དག་གི་མས་ཁྱེད་རྣམས་མ་ངུ་ཞིག ད་སྟེ་ཞག་བདུན་ནས་རྒྱལ་པོའི་མཆོད་གནས་རྣམས་གསོད་ངེས་འདུག་ན། དེ་དུས་ཤ་ཟ་ཚད་དང་ཁྲག་འཐུངས་ཚད་འོང་གིས་ཟེར་བས། མ་ལ་བུ་ཚ་རྣམས་ཀྱིས་དེ་དག་གསོད་པའི་རྒྱུ་ཅི་ཡིན་དྲིས་པས། ཨ་བྲ་ཤི་ཀའི་སྒྲ་ཁོ་ཚོས་མི་ཤེས་པས་གསོད་པ་ཡིན་ཟེར་རོ། །བུ་ན་རེ། སྒྲ་དེའི་དོན་ཅི་ཟེར་བ་ཡིན་བྱས་པས། མ་ན་རེ། སྒྲ་དེ་ཤེས་སོ་བྱས་ནས། དབེན་པ་དག་གིས་ཕྱོགས་སུ་བདག་གི་གྲོགས་པོས་ཁྲིད་ནས་ཀྱང༌། རྐང་པ་སྡོང་པོ་དག་གཏད། རལ་པའི་ཅོད་པན་3དཀྱིལ་ནས་ནི། སྐེ་ཡང་རལ་གྲིས་བཅད་ནས་བསད། ཡབ་ཀྱིས་དེ་ལྟར་ཤེས་པར་མཛོད། ཅེས་བྱ་བ་ཡིན་ཟེར་བ། དེས་ཤེས་ནས་དེ་མ་ཐག་ཏུ་ལོག་སྟེ་སོང་ནས། རྒྱལ་པོ་ལ་སྒྲ་དེའི་དོན་འདི་ལྟར་རོ། །ཞེས་སྔོན་མ་བཞིན་བསྙད་པས4། དེར་རྒྱལ་པོས་བཙུན་པ་རྣམས་མ་བསད་པར་སྲོག་ཐར་ཏེ། བྲམ་ཟེའི་ཁྱེའུ་ཝ་ལ་མི་ཤ་གཉེར་ཏེ་བསད་དོ། །ཞེས་པ་ནི་མཉམ་པ་དང་དྲེགས་ཞན་གང་ལ་ཡང་ཕྲག་དོག་སྤངས་དགོས་པའི་དོན་ནོ། །

མཆན།

  1. ཕྲ་མེན་སྐད་ནི། མི་མ་ཡིན་གྱི་སྐད།
  2. ལམ་འགགས་ནི། གཡང་གཟར་ཅན་གྱི་འཕྲང་ལམ་དོག་པོའི་མིང།
  3. ཅོད་པན་ནི། དབུ་རྒྱན།
  4. བསྙད་པ་ནི། བཤད་པའི་དོན།

བྱི་ལའི་རྫུན་ཚིག

རྫུན་གྱི་ཚིག་རྣམས་བརྗོད་མི་བྱ། །
རྫུན་གྱི་ཚིག་རྣམས་བརྗོད་བྱས་ན། །
མྱུར་དུ་གཞན་གྱིས་ཤེས་འགྱུར་ཏེ། །
དཔེར་ན་བྱི་ལའི་རྫུན་ཚིག་བཞིན། །

    སྔོན་གྱི་ཚེ་བྱི་ལ་1ཤིན་ཏུ་བཀྲེས་ཤིང་ལུས་ཉམས་ཆུང་བ། སྲོག་ཆགས་ལ་འཚེ་བ་མི་ནུས་པ་ཞིག་ཡོད་པ་དེས། སྔར་སྒོམ་ཆེན་པའི་ཕྲེང་བ་བརྐུས་པ་གཅིག་སྐེ་ལ་གྱོན་ནས། ང་ནི་བསླབ་པའི་གཞི་རྣམ་པ་ལྔ་བསྲུངས་པའི་དགེ་བསྙེན་2ཡིན། ཁོ་བོས་ནི་སྲོག་མི་གཅོད༌། རྫུན་མི་སྨྲ། མ་བྱིན་པར་མི་ལེན་པ་ལ་སོགས་པ་ཡིན་པས། ཁྱོད་རྣམས་ལ་ངས་ཆོས་བཤད་དོ་ཞེས་སྨྲས་པས། བསླབ་པའི་གཞི་ལྔ་བསྲུངས་པའང་བདེན་ངེས་སྙམ་ནས་བྱི་བ་ཐམས་ཅད་ཀྱིས་གུས་པར་བྱས་པ་དང༌། བྱི་བ་ཞིག་གིས་དགེ་སློང་གི་ཕྲེང་བ་བརྐུས་པས། དགེ་སློང་གིས་བྱི་བའི་མཇུག་མ་ནས་ཟིན་པ་དང༌། མཇུག་མ་ཆད་ནས་རྔ་སྡུམ་དུ་སོང་བ་གཅིག་ཀྱང་ཡོད་ལ། གང་གི་ཚེ་ཞག་པོ་འགའ་ནས་བྱི་བ་རྣམས་གར་སོང་ཆ་མེད་དང། བྱི་བ་ཇེ་ཉུང་ཇེ་ཉུང་སོང་བ་དང༌། བྱི་བ་རྟགས་ཅན་རྔ་སྡུམ་ཡང་མི་སྣང་བར་གྱུར་པས། བྱི་བ་རྣམས་ཀྱི་དཔོན་པོ་ར་འཕེན་ཞེས་བྱ་བ་ཞིག་ཡོད་པ་དེ་ཡིད་མ་ཆེས་ནས། དེས་བྱི་ལར། སློབ་དཔོན་ཟས་སུ་ཅི་གསོལ་ཞེས་དྲིས་པ་ལ། ངས་ལོ་སྐམ་བག་རེ་ཙམ་ཟ་བ་ཡིན་ཟེར་བས། དེ་ལའང་ཡིད་མ་ཆེས་ནས། སྔོན་གྱི་རིལ་མ་ལ་བལྟས་པས་བྲུན་3གསེབ་ན་བྱི་བའི་སྤུ་དང་རུས་བྱེ་འདུག་པ་མཐོང་བ་དང༌། དེར་ཁོས་བྱི་བ་རྣམས་བསྡུས་ནས་འདི་ལྟར་འདུག་ཞེས་དོན་དེ་ཞིབ་ཏུ་སྨྲས་པ་དང༌། དེར་བྱི་བ་རྣམས་བྲེད་དེ། ཞང་པོ། ད་འདི་ལ་ཐབས་ཅི་ལྟར་བྱ་ཟེར་བ་དང༌། ར་འཕེན་ན་རེ། ང་ལ་ཐབས་ཡོད་ཀྱི་ཟེར་ནས། སང་ནངས་པར་སློབ་དཔོན་གྱི་སྐུ་ལ་མཛེས་རྒྱན་གཅིག་འདོགས་འཚལ་ཟེར་ཞིང༌། སྐེ་ལ་དྲིལ་བུ་གཅིག་བཏགས་པས་བྱི་ལའང་དགའོ་ཟེར་ཏེ། བྱི་བ་རྣམས་ལ་འདི་སྐད་བསྒྲགས་སོ། །དྲིལ་བུའི་སྒྲ་བྱུང་བ་དང་ཐམས་ཅད་ཀྱིས་ཕྱིར་ལྟོས་ཤིག་ཅེས་བསླབས་སོ། །དེས་ཀྱང་དུས་ལ་བབས་པ་ན་དེ་ལྟར་བྱས་པས། ནམ་ཞིག་དྲིལ་བུའི་སྒྲ་བྱུང་བ་ན། བྱི་བ་ཐམས་ཅད་ཕྱི་མིག་བལྟས་པས། བྱི་ལས་བྱི་བ་གཅིག་མནན་ནས་གསོད་པ་མཐོང་ནས། དེར་ར་འཕེན་གྱིས་སྨྲས་པ།

སློབ་དཔོན་ཡན་ལག་རྒྱས་རྒྱུར་ཀྱང༌། །
བདག་གི་འཁོར་ཚོགས་ཉུང་དུ་ཐལ། །
རྔ་སྡུམ་དག་ཀྱང་མི་སྣང་ངོ༌། །
ཟས་སུ་ལོ་སྐམ་ཟ་བ་ལ།  །
རིལ་མ་སྤུ་ཅན་གང་དུ་མཆིས། །
སློབ་དཔོན་མི་བཞུགས་སློབ་དཔོན་གཤེགས། །

    ཟེར་ནས་རིལ་མ་བསྟན་པས། བྱི་ལ་ན་རེ། ད་ཀས་རིལ་མ་མི་སྦེད་པ་དེ་འགྱོད་ཟེར་ནས་ངོ་ཚ་ཞིང་ལག་པས་བཀབ་པའོ། །ད་ལྟའི་དུས་ལ་སྦེད་པར་བྱེད་པའང་དེའོ། །ར་འཕེན་ན་རེ། ད་ཕྱིན་ཆད་སུས་ཀྱང་འདི་ལ་ཕྱག་དང་བསྙེན་བཀུར་མ་བྱེད་ཅིག རང་ཅག་བྱི་བ་ཐམས་ཅད་འདིས་བསད་དོ་བྱས་པས། དེ་ཕྱིན་ཆད་བྱི་བ་ཐམས་ཅད་ཀྱིས་བྱི་ལ་མཐོང་ཙ་ན་བྲོས་ཤིང་གཟོན་4བྱེད་པ་ལྟ་བུའོ། །

མཆན།

  1. བྱི་ལ་ནི། ཞི་མིའི་མིང།
  2. དགེ་བསྙེན་ནི། སྲོག་གཅོད་པ་དང༌། མ་བྱིན་ལེན་པ། མི་ཆོས་བླ་མའི་རྫུན་སྨྲ་བ་དང༌། འདོད་པས་ལོག་པར་གཡེམ་པ། ཆང་འཐུང་བ་བཅས་སྤོང་བར་ཁས་བླངས་པའི་ཁྱིམ་ན་གནས་པའི་སྐྱེས་བུ་ལ་ཟེར།
  3. བྲུན་ནི། འདབ་ཆགས་དང་སྲོག་ཆགས་ཀྱི་མི་གཙང་བ་ལ་ཟེར།
  4. གཟོན་བྱེད་པ་ནི། དོགས་ཟོན་བྱེད་པའི་དོན།

ཁྲོན་པར་ལྷུང་བའི་མི།

སྐྱེ་བོ་ངན་པ་ཡུན་རིང་བརྟེན་བྱས་ཤིང༌། །
བཟའ་བཏུང་ཞིམ་པོ་རྣམས་ཀྱིས་ཕན་བཏགས་ཀྱང༌། །
དེ་ནི་ཕན་མེད་དེ་ཉིད་མྱུར་དུ་སྤོངས། །
དཔེར་ན་ཁྲོན་པར་ལྷུང་བའི་མི་བཞིན་ནོ། །

    སྔོན་བྷ་ཧ་ར་ཞེས་པའི་ཐང་ཡངས་པ་གཅིག་ཏུ་དང་པོ་གྲོང་ཁྱེར་གཅིག་ཡོད་པ་ལ། ཕྱིས་གྲོང་ཁྱེར་བ་དེ་རྣམས་གཞན་དུ་བསྐྱས་1ནས་མི་མེད་པའི་ཐང་ཀ་ལ་སྔོན་གྱི་ཁྲོན་པ་གཏིང་རིངས་ཤིང་ཤིན་ཏུ་ཟབ་པ་གཅིག་ཡོད་པའི་ནང་དུ། མི་གཅིག བྱི་བ་གཅིག ཁྲ་གཅིག སྦྲུལ་གཅིག་དེ་རྣམས་ལྷུང་ནས་ཡུན་རིང་པོར་མ་ཐོན་པར་གྲང་བ་དང༌། བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་གྱིས་ཤིན་ཏུ་ཉམ་ཐག་པར་ཡོད་པ་ན། མི་གཅིག་ས་ཕྱོགས་དེར་སོང་བས་སྲོག་ཆགས་དེ་རྣམས་མཐོང་བ་དང༌། སྙིང་རྗེ་སྐྱེས་ཏེ་མི་དེས་ཐབས་སྣ་ཚོགས་བྱས་ཏེ་དེ་རྣམས་བཏོན་པས། དེ་རྣམས་ན་རེ། ཁྱོད་ཀྱིས་ང་ཅག་རྣམས་ཀྱི་སྲོག་བྱིན་པ་ཡིན་པས། ཁྱོད་ལ་ཡང་ངེད་རྣམས་ཀྱིས་དྲིན་ལན་གཟོ་བར་2བྱ་ལ་ལན་གློན་3ནོ་ཟེར་བ་ལ། མི་དེ་ན་རེ། ང་ཇི་ལྟར་འཕུངས་4ཀྱང་དུད་འགྲོ་ཁྱོད་རྣམས་ལ་ལན་རེ་བའི་དུས་མི་ཡོང་ཟེར་ནས། དེ་རྣམས་ཀྱི་ཚིག་ཁྱད་དུ་བསད་ནས་སོང་ངོ། །
    དེ་ནས་དུས་ཕྱིས་ནམ་ཞིག་ན་མི་དེ་ཕོངས་པར་གྱུར་ནས་ནགས་སུ་རྔོན་པ་ལ་ཕྱིན་པ་དང༌། སྔར་གྱི་བཏོན་པའི་ཁྲ་དེ་དང་ཕྲད་ནས། ཁྲ་དེས་སྨྲས་པ། གྲོགས་པོ་འདི་ན་ཅི་བྱེད་ཟེར་བ་ལ། ང་ཤིན་ཏུ་འཕུངས་པས་རྔོན་པ་བྱེད་དོ་བྱས་པས། ཁྲ་ན་རེ། འོ་ན་ངས་ཁྱོད་ལ་ཕན་གཅིག་འདོགས་ཀྱིས་ཟེར་ནས་སོང་ངོ༌། །
    ཡུལ་དེའི་རྒྱལ་པོའི་བཙུན་མོ་ཁང་པའི་ཡང་ཐོག་ཏུ་བསྡད་དེ་རིན་པོ་ཆེའི་རྒྱན་བཀྲོལ་ནས་ལོགས་གཅིག་ཏུ་བཞག་ནས་སྐྲ་འཁྲུད་ཅིང་ཡོད་པའི་ཚེ། ཁྲ་དེས་བཙུན་མོའི་གསེར་དངུལ་མུ་ཏིག་ལ་སོགས་པའི་རྒྱན་ཐམས་ཅད་ནམ་མཁའ་ལ་ཁྱེར་ནས་རྔོན་པ་ལ་སྔར་གྱི་དྲིན་ལན་བསབ་པའི་ཕྱིར་བྱིན་ནོ། །མི་དེས་ཁྲས་བྱིན་ཚུལ་སྔར་ཁྲོན་པ་ནས་བཏོན་པའི་མི་དེར་ཡིད་ཆེས་ཀྱིས་སྨྲས་པ་དང༌། དེར་རྒྱལ་པོས་གྲོང་ཁྱེར་བ་རྣམས་ལ་ངའི་བཙུན་མོའི་རྒྱན་རྣམས་སུས་ཁྱེར། ཤེས་པ་ཡོད་ན། དེ་ལ་ངས་བྱ་དགའ་ཆེན་པོ་སྟེར་རོ་ཞེས་དྲིལ་བསྒྲགས་པ་5ན། མི་ངན་པ་དེས་སྔར་ཁོའི་སྲོག་མགོ་བཏོན་པའི་དྲིན་ནི་བརྗེད། སྔར་ཁྱོད་ལ་དྲིན་གཟོ་ཟེར་བའི་ཚིག་རྩྭ་བཞིན་དུ་དོར་ནས། བྱ་དགའ་དོན་དུ་གཉེར་བའི་མི་ངན་དེས་བཙུན་མོའི་རྒྱན་ཆ་མི་འདི་ལ་ཡོད་དོ། །ཞེས་རྒྱལ་པོ་ལ་སྨྲས་པས། རྒྱལ་པོས་རྒྱན་ཡོད་པའི་མི་དེ་ཁྲིམས་མུན་ལ་བཅུག་ནས་བཟའ་བཏུང་ཡང་སྲོག་ཟིན་ཙམ་མིན་པ་མ་བྱིན་པས་ཤིན་ཏུ་སྡུག་བསྔལ་ཞིང་ཉམ་ཐག་ནས་ཡོད་པ་ལ། བྱི་བས་མཐོང་ནས། གྲོགས་པོ་འདི་ན་ཅི་བྱེད་བྱས་པ་ལ། སྔར་གྱི་ལོ་རྒྱུས་བཤད་པས། འོ་ན་ཕན་ཆེན་པོ་འདོགས་པའི་ནུས་པ་ནི་ང་ལ་མེད་ཀྱིས་བཟའ་རྒྱུ་འཕྲལ་དུ་སྐྱེལ་ཟེར་ནས་གྲོང་པ་རྣམས་ཀྱི་བཟའ་བ་མང་པོ་བརྐུས་ནས་རྒྱུན་དུ་བསྐྱལ་ལོ། །
    ཡང་ནམ་ཞིག་ན་སྔར་གྱི་སྦྲུལ་དེས་མཐོང་ནས་གྲོགས་པོ་འདི་ན་ཅི་བྱེད་བྱས་པ་ལ། སྔར་གྱི་ལོ་རྒྱུས་བཤད་པས། འོ་ན་ང་ལ་ཐབས་ཡོད་ཀྱིས་ཟེར་ན་སོང་སྟེ། སྦྲུལ་དེ་རྒྱལ་པོའི་ལས་ལ་འཁྲིལ་ཏེ་ཁ་རླངས་ཀྱིས་རྒྱལ་པོའི་ལུས་སྐྲངས་པར་བྱས་ནས་ན་ཚ་ཚབས་ཆེན་པོ་བྱུང་སྟེ། རྒྱལ་པོ་ཤིན་ཏུ་སྐྲག་པར་བྱས་པས། རྒྱལ་པོས་པྲ་མཁན་དང༌། རྩིས་མཁན་6མང་པོ་བསགས་ཏེ། དེ་དག་གིས་ཕྲ་དང་རྩིས་བྱས་པས་ཐམས་ཅད་ཁ་མཐུན་པར་སྦྲུལ་འདི་ནི་བཙོན་པ་འདིའི་སྲུང་མར་འདུག་པས། མི་འདི་མ་བཏང་ན་གཞན་གང་གིས་ཀྱང་ཕན་པར་མི་འདུག་ཟེར་བས། དེ་མ་ཐག་ཏུ་མི་དེ་ཁྲིམས་མུན་ནས་བཏོན་ཏེ། སྔར་གྱི་ནོར་དེ་ཚོའི་སྟེང་དུ་ཡང་མང་པོ་བྱིན་ནས་དགའ་བར་བྱས་པས། རྒྱལ་པོ་སྦྲུལ་གྱིས་བཏང་སྟེ་སོས་སོ། །
    སྔར་གྱི་མི་ངན་དེས་དྲིན་ལན་དུ་གནོད་པས་བསྐྱལ། སྦྲུལ་གྱིས་ཕན་པ་ཆེན་པོ་བྱས། དུད་འགྲོ་གཞན་གཉིས་ཀྱིས་དྲིན་ལན་བསྐྱལ་ལོ། །
    དེས་ན་དུད་འགྲོ་སོགས་ལའང་ཕན་བཏགས་ན་ལན་དུ་མི་འགྲོ་བའི་དོན་ནོ། །

མཆན།

  1. བསྐྱས་པ་ནི། གནས་སྤོ་བའི་དོན།
  2. དྲིན་ལན་གཟོ་བ་ནི། དྲིན་ལན་འཇལ་བའི་དོན།
  3. ལན་གློན་པ་ནི། ལན་དུ་སྟེར་བའམ་ཚུར་བྱིན་པའི་ཚབ་ཏུ་སྟེར་བའི་དོན།
  4. འཕུངས་པ་ནི། འཕུང་བ་སྟེ། ཉམས་ཉེས་སམ་ཉམས་རྒུད་བྱུང་བའི་དོན།
  5. དྲིལ་བསྒྲགས་པ་ནི། ཁྱབ་པར་སྒྲོག་པའམ་ཡོངས་ཁྱབ་ཏུ་སྒྲོག་པ།
  6. པྲ་མཁན་དང༌། རྩིས་མཁན་ནི། ཕྲ་ཕབ་མཁན་དང༌། རྩིས་བྱེད་མཁན།

མདུན་ཤོག

Menu