ཟླ་རེའི་གསར་འགྱུར།

ལྷོ་ཕྱོགས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་དང་། སློབ་གྲྭ། དགོན་སྡེ་བཅས་སུ་ཐ་སྙད་གོ་རྟོགས་རྒྱ་ཆེ་སྤེལ་བ།

༄༅། །བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་གོང་འཕེལ་སླད་དེང་རབས་ཀྱི་རིག་ཚན་སྣ་ཚོགས་དང་། རྒྱུན་སྤྱོད་ཀྱི་ཐ་སྙད་ཟིན་བྲིས་བཏབ་པ་རྣམས་ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་བརྒྱུད་ཐག་གཅོད་གཏན་འབེབས་ཀྱིས། ད་བར་ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད་དེབ་ཕྲེང་བཅུ་གཉིས་བར་འདོན་སྤེལ་ཐུབ་པ་བྱུང་ཡོད། བརྡ་ཆད་དེ་དག་བོད་མིའི་སྒྲིག་འཛུགས་ཀྱི་དབུས་སའི་ལས་ཁུངས་ཡོངས་རྫོགས་དང་། སྤྱི་སྒེར་སློབ་གྲྭ་ཁག གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ། དགོན་སྡེ་ཆོས་སྒར་དང་དཔེ་མཛོད་ཁང་། དེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་སོགས་སུ་རྒྱ་གང་ཆེར་འགྲེམས་གཏོང་དང་དེབ་གཟུགས་པར་འགྲེམས་ཟིན་རིམ་བཞིན་ཐ་སྙད་ཀྱི་དྲྭ་ཚིགས་དང་། བཀོལ་སྤྱོད་མཉེན་ཆས་ཐོག་འཇོག་མུས་ཡིན།
This image has an empty alt attribute; its file name is tib-term02.jpgམང་ཚོགས་ངོས་ནས་ཐ་སྙད་ཐོག་གོ་བསྡུར་སྦྱངས་བཤད་དང་། བཀོལ་སྤྱོད་རྒྱ་གང་ཆེ་ཡོང་སླད། འདི་ལོ་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་འདུ་སྡོད་གཞིས་ཆགས་དང་། སློབ་གྲྭ། དགོན་སྡེ་ཁག་ནང་བརྡ་ཆད་གོ་རྟོགས་སྤེལ་རྒྱུའི་ལས་རིམ་འཆར་སྒྲིག་ལྟར་འདི་ག་ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་ཚན་པའི་ལས་བྱེད་གཉིས་ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༣ དགོང་དྲོ་ཆུ་ཚོད་ ༧ ཐོག་བཞུགས་སྒར་དྷ་ས་ནས་རྡོག་ཐོན་གྱིས་གཞིས་ཆགས་ཁག་སོ་སོའི་ས་གནས་འགོ་འཛིན་དང་། སློབ་གྲྭའི་སློབ་སྤྱི། དགེ་ཆེ་རྣམས་དང་ལྷན་དུ་གཞུང་འབྲེལ་ཕྱོགས་སྐྱོད་ཀྱི་དགོས་དམིགས་གནས་དོན་ཞིབ་ཕྲ་སྙན་སེང་གྲོས་མོལ་དང་སྦྲགས། ཐ་སྙད་གོ་རྟོགས་སྤེལ་རྒྱུའི་དུས་ཚོད་གཏན་འབེབས་གཞིར་བཟུང་མང་ཚོགས་དང་སློབ་གྲྭ་ཁག་བཅས་ལ་ཐ་སྙད་ཀྱི་གལ་གནད་དང་། གཏན་འབེབས་བྱེད་ཕྱོགས་ཀྱི་བརྒྱུད་རིམ། ད་བར་ཐ་སྙད་གཏན་འབེབས་ཀྱི་གྲངས་འབོར་དང་དེབ་ཕྲེང་འདོན་སྤེལ་ཇི་ཞུས། སློབ་སྡེ་དང་མང་ཚོགས་སུ་ཐ་སྙད་གོ་རྟོགས་སྤེལ་ཚུལ་སོགས་བརྙན་སྟོན་འཕྲུལ་ཆས་ཀྱི་ལམ་ནས་འགྲེལ་བརྗོད་མཐིལ་ཕྱིན་ཞུས་པ་དང་། དྲི་བ་དྲིས་ལན་བྱས་པའི་བརྒྱུད་བགྲོ་གླེང་དང་གོ་རྟོགས་གང་ཐུབ་སྤེལ་ཐུབ་པ་བྱུང་ཡོད།

This image has an empty alt attribute; its file name is tib-term03-1024x498.jpg

དེ་ཡང་ཟླ་འདིའི་ཕྱི་ཚེས་ ༨ དང་ ༩ ཉིན་མོན་གྷོ་སཾ་བྷོ་ཊ་གཞི་རིམ་བར་མའི་དགེ་ལས་སློབ་ཕྲུག མོན་གྷོ་འདོད་རྒུ་གླིང་ས་གནས་མི་མང་། མོན་གྷོ་སཾ་བྷོ་ཊ་གཏན་ཉིན་སློབ་གྲྭའི་དགེ་ལས་སློབ་ཕྲུག་བཅས་དང་། ཕྱི་ཚེས་ ༡༠ ཉིན་ཀོ་ལི་གྷལ་སཾ་བྷོ་ཊ་ཉིན་སློབ་ཀྱི་དགེ་ལས་སློབ་ཕྲུག ཀོ་ལི་གྷལ་དོན་ལྡན་གླིང་ས་གནས་མི་མང་། ཕྱི་ཚེས་ ༡༡ དང་ ༡༢ ཉིན་སྦེལ་ཀོབ་སཾ་བྷོ་ཊ་སི་ཝི་པི་ཉིན་སློབ་ཀྱི་དགེ་ལས་སློབ་ཕྲུག ཧོན་སུར་སཾ་བྷོ་ཊ་ཉིན་སློབ་ཀྱི་དགེ་ལས་སློབ་ཕྲུག སྦེལ་ཀོབ་སཾ་བྷོ་ཊ་སློབ་གྲྭ་དབུས་མའི་དགེ་ལས་སློབ་ཕྲུག སྦེལ་ཀོབ་སཾ་བྷོ་ཊའི་དམའ་རིམ་སློབ་ཁག་གསུམ་གྱི་དགེ་རྒན་ཡོངས་རྫོགས། སྦེལ་ཀོབ་བོད་ཁྱིམ་གྱི་དགེ་ལས་སློབ་ཕྲུག་བཅས་དང་། ཕྱི་ཚེས་ ༡༣ ཉིན་སེ་ར་བྱེས་སྨད་ཀྱི་སློབ་གྲྭའི་དགེ་ལས་སློབ་ཕྲུག་བཅས་དང་། ཕྱི་ཚེས་ ༡༤ ཉིན་བཀྲ་ཤིས་ལྷུན་པོ་སློབ་གྲྭའི་དགེ་ལས་སློབ་ཕྲུག་དང་། ཧོན་སུར་རྫོང་ཆོས་སློབ་གྲྭའི་དགེ་ལས་སློབ་ཕྲུག་བཅས་དང་། ཕྱི་ཚེས་ ༡༥ ཉིན་ཧོན་སུར་རབ་རྒྱས་གླིང་ས་གནས་མི་མང་བཅས་ལ་ཐ་སྙད་གོ་རྟོགས་གང་ཐུབ་སྤེལ་ཐུབ་པ་བྱུང་ཡོད།

This image has an empty alt attribute; its file name is tib-term04-1024x498.jpg

མཐའ་དོན་བོད་ཀྱི་སྐད་ཡིག་སྨྲ་བ་རྣམས་ཀྱིས་སྤྱི་ཐོག་ནས་གཏན་ལ་ཕབ་པའི་ཐ་སྙད་དེ་དག་སྐབས་འབྲེལ་འཇུག་ཡུལ་སོ་སོར་གཅིག་གྱུར་བཀོལ་སྤྱོད་ཀྱི་ལམ་ནས་བོད་ཀྱི་སྐད་ཡིག་གི་ངོ་བོ་སོར་གནས་དང་། ཡར་རྒྱས་ཡོང་ཐབས་སུ་མཉམ་རུབ་དང་རམ་འདེགས་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན་པ་བཅས། །

སྔོན་མ།
དཔེ་མཛོད་དོ་དམ་པའི་ཚོགས་འདུ་ལེགས་པར་མཇུག་སྒྲིལ་བ།
ཕྱི་མ།
བྱིས་པའི་འགུལ་བརྙན་གླུ་གཞས་གསར་པ་བཟོ་སྐྲུན་ལེགས་གྲུབ་ཟིན་པ།
Menu