ཤར་བའི་བུ་གཡོ་སྒྱུས་བསད་པ།
བླུན་པོ་གཡོ་རྒྱུའི་སེམས་ལྡན་པས། །
བྱ་བ་ཕལ་ཆེར་རང་ལ་ལྡོག །
ཤར་བའི་བུ་ཉིད་ཐར་རྗེས་སུ། །
བུད་མེད་གཡོ་རྒྱུས་བསད་ལ་ལྟོས། །
དེ་ཡང་སྔོན་རྒྱལ་པོ་གཏུམ་པོ་རབ་སྣང་ལ་བཙུན་མོ་མང་པོ་ཡོད་པས་དེ་དག་བསྲུང་མི་ནུས་སྙམ་ནས་བཙུན་མོ་རྣམས་ལ་ཁྱེད་ཅག་རང་གི་འདོད་པ་ལྟར་སྐྱེས་པ་གཞན་དང་མཉམ་དུ་དགའ་མགུར་སྤྱོད་དུ་སོང་ན་འགྲིག་གོ །འོན་ཀྱང་ཕོ་བྲང་དུ་ནམ་ལངས་ཀྱི་རྔ་བརྡུངས་སྐབས་ངེས་པར་འབྱོར་དགོས། གལ་ཏེ་མ་འབྱོར་ན་མགོ་བོ་བཅད་དོ། །
སྐབས་དེར་ཀོའུ་ཤཱམྦཱིའི་རྒྱལ་པོ་བུད་མེད་ལ་བརྐམ་ཆགས་ཅན་ཞིག་ཡོད་པ་དེས་ཐོས་ནས་སོང་སྟེ། རྒྱལ་པོའི་བཙུན་མོ་སྒྲོལ་མ་ཟེར་བ་དེ་མཐོང་ནས་དགའ་མགུར་སྤྱོད་པར་འདོད་དེ། མལ་གཤོམས་ཤིག་ཅེས་སྨྲས་པར། བཙུན་མོས་ཀྱང་ཁྱོད་ཀྱིས་མལ་གཤོམས་ཤིག་ཅེས་སྨྲས་པས་གཉིས་ཀ་ཁེངས་དྲེགས་ཀྱིས་མལ་མ་བཤམ་པར་ནམ་ལངས་པ་དང་སྒྲོལ་མས་ཤར་པའི་བུའི་གསེར་གདུབ་དེ་འཁྱེར་དེ་སོང་ངོ༌། །རྒྱལ་པོས་ཐོས་པ་ན་རང་གི་བློན་པོ་གསོས་ཟེར་བ་ཞིག་ཡོད་པ་དེར་མངགས་ཏེ་ཤར་པའི་བུའི་འགོག་དགོས་པ་བཀའ་བསྒོས2། ཤར་པའི་བུ་བརྐམ་པའི་དབང་གིས་ཡང་བསྐྱར་ཡོང་ནས་ཁྱིམ་དུ་འཛུལ་བ་ཐོས་ནས། བློན་པོ་གསོས་པས་རལ་གྲི་ཐོགས་ཏེ་བློན་པོ་གཞན་རྣམས་ལ་ཁྱིམ་ནས་ཕྱི་རུ་བུད་མེད་ཐོན་ན་གཏོང་བ་ལས་སྐྱེས་པ་མ་བཏོང་ཞེས་བཀའ་བསྒོས་སོ། །
ཤར་པ་བུས་དེ་ཤེས་ནས་བུད་མེད་ཀྱི་ཆས་སུ་བྱས་ཏེ་ཐོན་ཐུབ་པ་བྱུང་བ་རྒྱལ་པོས་ཤེས་ཏེ་ཤིན་ཏུ་ཁྲོས་ནས་ཤར་པའི་བུ་ངེས་པར་འདིར་འཁྲིད་དེ་འོངས་དགོས་སོ་ཞེས་བཀའ་བསྒོས་པ་ན། བློན་པོ་ཤིན་ཏུ་སྐྲག་སྟེ། མི་ལྔ་བརྒྱ་ཀོའུ་ཤཱམྦཱིའི་ཉེ་འཁོར་དུ་བཏང༌། ཤར་པའི་བུས་མི་ལྔ་བརྒྱ་དེ་དག་འོངས་བ་མཐོང་སྟེ་པི་ཝང་སྙན་པོ་ལེན་ཅིང་དེ་དག་དྲུང་དུ་ཕྱིན་པ་དང༌། དེ་དག་གིས་ཤར་པའི་བུ་ཡིན་པར་ཤེས་ཏེ་འཛིན་ནས་འཁྱེར་ནས་རྒྱལ་པོའི་མདུན་དུ་བོར། རྒྱལ་པོས་སོད་ཅིག་ཅེས་བཀའ་བསྒོས་དུས་བློན་པོ་རྣམས་ནས་དེ་གླང་པོ་ཆེའི་ཆོ་ག་2ལ་མཁས་པས་སྔོན་ལ་ཆོ་ག་བསླབས་རྗེས་གསོད་པར་འགྱུར་ན་ལེགས་པར་གྲོས་མཐུན། རྒྱལ་པོའི་བུ་མོ་ནོར་ལྷ་བྱིན་ཞེས་པ་ཞིག་ཡོད་པ་དེའི་བར་དུ་ཡོལ་བ་བཅད་དེ་སློབ་ཏུ་བཅུག ཤར་པའི་བུའི་བློན་པོ་སྦྱོར་བ་འཆང་ཞེས་པ་ཞིག་ཡོད་པ་དེས་སྨྱོན་པའི་ཆ་ལུགས་སུ་བྱས་ཏེ་ཐབས་སྣ་ཚོགས་ཀྱིས་གཏིང་བས་མཐར་ཤར་པའི་བུ་དང་ནོར་ལྷ་བྱིན་འཕྲད་དུ་བཅུག་སྟེ་གླང་པོ་ཆེ་བཟང་ལྡན་ལ་བཞོན་དེ་ཀོའུ་ཤཱམྦཱིའི་ཡུལ་དུ་བྲོས། རྒྱལ་པོ་གཏུམ་པོ་རབ་སྣང་འཛིན་ཏེ་འདིར་འཁྲིད་མ་ཐུབ་ན་ང་ཤར་པ་མིན་ཞེས་ཁེངས་པ་བསྟན་ཏེ། བློན་པོ་སྦྱོར་བ་འཆང་ལ་གཏུམ་པོ་རབ་སྣང་འཛིན་ཏེ་འདིར་འཁྲིད་མ་ཐུབ་ན་ང་ཤར་པ་མིན་ཞེས་ཁེངས་པ་བསྟན་ཏེ། བློན་པོ་སྦྱོར་བ་འཆང་ལ་གཏུམ་པོ་རབ་སྣང་འཛིན་རྒྱུའི་ངན་བྱུས་བསླབས་ཏེ་བཏང༌། གཏུམ་པོ་རབ་སྣང་གིས་དེ་བཞིན་བསྒྲུབ་ཐུབ་པ་བྱུང་ནས་རྒྱལ་པོ་གཏུམ་པོ་རབ་སྣང་ཐག་པའི་ལས་བཞུགས་སུ་བཅུག་པ་ནོར་ལྷས་མཐོང་སྟེ། ཕའི་དགྲ་ཤ་ལེན་རྒྱུའི་ངན་སེམས་འཁྱེར་ནས་ན་བརྫུ་བཏབ། ཤར་པའི་བུས་ཅི་བྱས་ན་ཕན་དྲིས་པར། དེ་ནི་ལྷ་འཁྲུགས་པ་ལགས་ཏེ། བདག་ཅག་གཉིས་ལྷན་ཅིག་ཞག་བདུན་གྱི་བར་ཟས་མི་ཟ་ཞིང༌། དེ་རྗེས་ཁྱོད་རྐང་པ་ནས་སྤྱི་བོའི་བར་མེ་ཏོག་གི་ཕྲེང་བས་བརྒྱན་ཏེ་རྭ་བའི་ཁར་བསྙལ་4དགོས། དེ་ནས་བྲམ་ཟེ་སྟོང་ལ་ཟས་བྱིན་ཏེ་མཆོད་པ་དང་བཀུར་སྟི་རྒྱ་ཆེར་བྱའོ་བརྗོད་དོ། །ཤར་པའི་བུས་ཆོ་ག་དེ་དག་ཐམས་ཅད་བསྒྲུབ་རྒྱུའི་ཁས་ལེན་པ་དང༌། མི་ཙམ་གྱི་ཤ་ཟ་ནུས་པ་ཁྱི་ལྟོགས་པ་གཉིས་རྭ་བའི་དྲུང་དུ་བཏགས་ཏེ་བཞག་ནས་ཇི་ལྟར་བྱུས་གཏིང་པ་བཞིན་བྱས་མཐར་རྭ་བའི་ཁར་བསྙལ། ལྷ་རྭ་བའི་ཁར་ནས་གྲོང་ཁྱེར་མཛེསསྡུག་ལ་ལྟོས་དང་ཞེས་བསྐུལ་བར་ཤར་པའི་བུས་བལྟ་བའི་སྐབས་རྒྱབ་ནས་ཕུད་བས་མར་ལྷུང་མ་ཐག་ཁྱི་གཉིས་ཀྱིས་ཟོས་ནས་རུས་གོང་འབའ་ཞིག་ལྷག་གོ །ངན་ཇུས་དེ་སྦྱོར་བ་འཆང་གིས་ཤེས་ནོར་ལྷས་བྱིན་ཡང་རྒྱ་སྐྱེགས་5ཀྱི་ཁང་པར་བཅུག་ནས་མེས་བསྲེགས་ཏེ་བཀྲོང་ངོ༌། །
མཆན།
- བརྐམ་ཆགས་ནི། ཞེན་ཆགས།
- བཀའ་བསྒོས་པ་ནི། བཀའ་སྩལ་པའི་དོན།
- གླང་པོ་ཆེའི་ཆོ་ག་ནི། གླང་པོ་ཆེ་འདུལ་བའི་ཐབས།
- བསྙལ་བ་ནི། ཉལ་དུ་བཅུག་པའི་དོན།
- རྒྱ་སྐྱེགས་ནི། ཤིང་ཞིག་གི་མིང༌།
བུད་མེད་དང་ཝ་མོ།
གཞན་གྱི་སྐྱོན་རྣམས་བརྗོད་མ་བྱ། །
གཞན་གྱི་སྐྱོན་རྣམས་བརྗོད་པ་ན། །
དེ་བཞིན་རང་ལ་ཡོང་བ་སྟེ། །
དཔེར་ན་ཝ་དང་བུད་མེད་བཞིན། །
སྔོན་བུད་མེད་ཅིག་རང་གི་ཁྱོ་ག་བཞག་སྟེ། སྐྱེས་པ་གཞན་ཞིག་དང་མཉམ་དུ་འབྲོ་རྒྱུའི་ཁ་མཐུན་གྱི་དུས་ཚོད་བཀག་སྟེ་བྲོས་ཕྱིན། ལམ་དུ་འགྲོ་དུས་ཤིང་ནགས་ཤིག་ཏུ་ཇག་པ་ཁག་ཅིག་ལ་ཐུག་ནས་བུད་མེད་དེའི་རྒྱན་ཆ་གོས་དང་བཅས་པ་ཚང་མ་འཕྲོག་ཁྱེར་བྱས་ཏེ་ཆུའི་ཉེ་འགྲམ་ཤིང་སྡོང་ཞིག་གི་འོག་ཏུ་ལུས་ལ་ལོ་མས་ཡོངས་སུ་བཀབ་སྟེ་བསྡད་དུས། ཝ་མོ་ཞིག་ཁའི་ནང་ཤ་ཏོག་ཅིག་འཁྱེར་བཞིན་ཆུའི་འགྲམ་དུ་སླེབས་པ་དང༌། ཆུ་དེའི་ནང་ཉ་གཅིག་ཡར་འཕར་བ་1མཐོང་ནས། ཉ་དེ་འཛིན་འདོད་ཀྱིས་ཁའི་ནང་གི་ཤ་དེ་བོར་ནས་ཆུའི་ནང་བཞུགས་པ་ན། ཉ་དེ་ཆུའི་གཏིང་དུ་སོང་ནས་མ་ཐེབས། སྐབས་དེར་ཁ་ཏ་ཞིག་སླེབས་ནས་ཤ་ཏོག་འཁྱེར་དེ་འཕུར། ཝ་དེ་ཁ་སྐྱེངས་ནས་མིག་ཕར་ཅེར་ཚུར་ཅེར་བལྟ་བཞིན་ལུས་པར། བུད་མེད་དེས་ཝ་དེ་ལ་འཕྱས་ཏེ།
ཁ་ཤ་བཞགས་ནས་ཉ་ལ་སྙོགས2། །
ཉ་ཆ་རྒྱ་མཚོའི་གཏིང་དུ་སོང༌། །
ཁ་ཤ་ནམ་མཁའི་མཐོངས་སུ་ཁྱེར། །
ཕར་ཅེར་ཚུར་ཅེར་སུ་ལ་བལྟ། །ཞེས་བརྗོད་པ་དང༌།
ཝ་དེས་ལན་དུ།
གཏན་ཁྱོ་བཞག་ནས་དུས་ཁྱོ་འཚོལ། །
རྒྱན་དང་ཆ་ལུགས་ཇག་པས་བཤུས། །
ད་ལྟ་གོས་མེད་ཤིན་ཏུ་འཕུངས། །
ཕར་ཅེར་ཚུར་ཅེར་ཁྱེད་ལ་བལྟ། །
ཟེར་བ་ལྟ་བུ་གཞན་གྱི་སྐྱོན་བརྗོད་ནས་དེ་མ་ཐག་ཏུ་རང་ལའང་དེ་བཞིན་དུ་འོང་བས་གཞན་གྱི་སྐྱོན་བརྗོད་མི་རུང་ངོ༌། །
མཆན།
- འཕར་བ་ནི། འདིར་ཆུའི་ཁར་གཡེང་བའི་དོན།
- སྙོགས་པ་ནི། རྗེས་འདེད་བྱས་པའི་དོན།
དེད་དཔོན་སེང་གེ།
སྡིག་པའི་གྲོགས་པོར་ཡིད་མཐུན་ཞིང༌། །
དགའ་བ་སྣ་ཚོགས་ཚེགས་བརྗོད་ཀྱང༌། །
སྡིག་ཅན་དེ་ནི་བདུད་ཡིན་ཏེ། །
དཔེར་ན་གླིང་གི་སྲིན་མོ་བཞིན། །
ཞེས་པ་ནི། སྔོན་གྱི་ཚེ་དེད་དཔོན་1སེང་གེ་ཞེས་པས་གཙོ་བྱས་ཏེ་འཛམ་བུ་གླིང་གི་ཚོང་པ་མང་པོས་ཕྱིའི་རྒྱ་མཚོ་ཆེན་པོ་ལས་ནོར་བུ་དང་རིན་པོ་ཆེ་ལེན་པར་འདོད་ནས་རྒྱ་མཚོར་ཕྱིན་པ་དང༌། དུས་ཀྱི་རླུང་ལོག་པས་དེད་ནས་སྲིན་མོ་ཁྲུང་ཁྲུང་གཞོན་ནུ་བྱ་བའི་གླིང་དུ་སོང༌། དེར་བུད་མེད་ཡིད་དུ་འོངས་པ་མང་པོ་བྱུང་སྟེ་བསུ་བ་2བྱས་ནས༌། ཁྱེད་རྣམས་འོངས་པ་ལེགས་སོ། །བདག་ཅག་རྣམས་ལ་ཁྱིམ་བདག་མ་མཆིས་ཏེ། ད་ཁྱོད་རྣམས་བདག་ཅག་ལོངས་སྤྱོད་དང་བཅས་པའི་བདག་པོ་མཛོད་ཅིག་ཟེར་ནས་དེ་བཞིན་བྱས་པ་དང༌། སྲིན་མོ་རྣམས་ཀྱི་དཔོན་མོ་དང་དེད་དཔོན་སེང་གེ་གཉིས་ཁྱིམ་ཐབས་བྱས། འཁོར་རྣམས་ཀྱང་སྲིན་མོ་གཞན་རྣམས་ཀྱི་ཁྱིམ་བདག་བྱས་ནས་བསྡད་དོ། །
དེ་ནས་ཚོང་པ་རྣམས་གྲོང་དེའི་ལྷོ་ཕྱོགས་སུ་འགྲོ་བར་མི་སྟེར་བར་འདུག་གོ །དུས་ནམ་ཞིག་ན་དེད་དཔོན་དང་ཆུང་མ་གཉིས་ལྷན་དུ་ཉལ་ནས་ཡོད་པ་ལ། ཆུང་མ་གཉིད་དུ་སོང་བའི་རྨི་ལམ་ལས་ལབ་བརྡོལ་3བྱས་དོན། དེད་དཔོན་ཆེན་པོ་ཁྱེད་རྣམས་འདིར་ཅི་ལ་འོངས། འདི་ནི་སྲིན་མོའི་གླིང་ཡིན་ཏེ། སྔར་ཡང་འཛམ་བུ་གླིང་བའི་ཚོང་པ་རྣམས་བདག་ཅག་གིས་བཟུང་ནས་ཡོད་པ་ལ། ད་ཁྱེད་རྣམས་འདིར་བྱུང་བས་དེ་ཀུན་ཟ་བར་བྱེད་དོ་ཞེས་ཟེར་རོ། །
དེར་དེད་དཔོན་གྱི་ཆུང་མའི་གཉིད་མི་སད་པར་དལ་བུས་ཁ་བྲུས་ཏེ། འོ་ན་མི་དེ་རྣམས་ད་ལྟ་ག་ན་ཡོད་བྱས་པས། གྲོང་ཁྱེར་གྱི་ལྷོ་ཕྱོགས་ཕ་གི་ན་ཡོད་ཟེར། འོ་ན་འདི་ནས་ཐར་བའི་ཐབས་ཅི་ཡོད་བྱས་པས། ཚེས་བརྒྱད་དང་བཅུ་བཞི་དང་བཅོ་ལྔ་རྣམས་ལ་རྟའི་རྒྱལ་པོ་ངང་པ་སྤྲིན་གྱི་ཤུགས་ཅན་ཞེས་བྱ་བ་འོངས་ནས། དེས་རྩྭ་བྷ་ཏ་ཧ་བྱ་བ་ནི་ཟོས། བུ་རམ་གྱི་ཆུ་ལ་འཐུང་སྟེ་གསེར་གྱི་བྱེ་མ་ལ་འདྲེ་ལྡོག་སྟེ། དེས་རྟ་སྐད་མི་སྐད་དུ་བཏོན་ནས། འཛམ་བུ་གླིང་གི་ཚོང་པ་ཤེས་ལྡན་དགའ་འཛམ་བུ་གླིང་དུ་འགྲོ་འདོད་པ་སུ་ཡོད་པ་དེས་ངའི་ལུས་ཀྱི་མཇུག་མ་ལ་འཇུས་ནས་ཕྱིན་ན་བདེ་བར་བྲོས་ནས་ཐར་ཟེར་རོ། །
དེར་དེད་དཔོན་གྱིས་སྲིན་མོ་རྣམས་ཀྱིས་མ་ཚོར་བར་གྲོང་དེའི་ལྷོ་ཕྱོགས་སུ་ཕྱིན་པ་དང༌། དེ་ན་ཁང་པ་ཆེན་པོ་ལྕགས་ཀྱི་སྒོ་ཅན་ཅིག་འདུག་པ་དེ་བརྡུང་བས། ནང་ནས་སུ་ཡིན་ཟེར་རོ། །ང་ཡིན་བྱས་པས། ཁྱོད་འཛམ་བུ་གླིང་གི་ཚོང་པ་ཡིན་ནམ་ཟེར་བ་ལ་ཡིན་བྱས་པས། ཁོང་ན་རེ། ངེད་རྣམས་ཀྱང་དེ་བཞིན་ཡིན་ཏེ། དུས་ཀྱི་རླུང་ལོག་པར་དེད་ནས་འདིར་སླེབས་པ་ཡིན་ནོ། །བུད་མེད་འདི་རྣམས་སྲིན་མོར་འདུག་པས་ཁྱེད་རྣམས་མ་བྱུང་བའི་དུས་ན་ངེད་ཚོས་ཁྱོ་བྱས་ནས་ཡོད་པ་ཡིན་ལ། ཁྱེད་རྣམས་འདིར་བྱུང་བ་དང་ངེད་ཚོ་ཁང་པ་འདིར་བཅུག་ནས་བསད་ཅིང་ཟ་བར་འདུག་གོ །ད་འཛམ་བུ་གླིང་གི་ཚོང་པ་གཞན་ཞིག་བྱུང་ཙ་ན། ཁྱོད་རྣམས་ཀྱང་འདིར་བཅུག་ནས་གསོད་ཅིང་ཟ་བར་བྱེད་དོ་ཟེར། །འོ་ན་ཁྱེད་ཅག་ཐར་བའི་ཐབས་ཡོད་དམ་བྱས་པས། ངེད་ཚོ་ཐར་བའི་ཐབས་མེད་དོ། །ཁྱེད་རྣམས་ཐར་བའི་ཐབས་ཡོད་ཀྱི་ཟེར་ནས་སྔར་གྱི་སྲིན་མོའི་རྨི་ལམ་བཞིན་ཟེར་རོ། །
དེ་ནས་དེད་དཔོན་གྱིས་ཚོང་པ་རྣམས་དབེན་པ་ཞིག་ཏུ་བསྡུས་ནས་སྔ་མའི་ལོ་རྒྱུས་རྣམས་ཞིབ་ཏུ་བཤད་པས། ཚོང་པ་རྣམས་བྲེད་དེ་ཐབས་ཅི་ཡོད་བྱས་པས། ཐབས་ཡོད་ཀྱིས་ཟེར་ཏེ། ཐམས་ཅད་དུས་ལ་བབས་པ་དང༌། རྟའི་རྒྱལ་པོའི་སྤུ་ལ་འཇུས་ལ། སུས་ཀྱང་ཕྱི་མིག་མ་བལྟ་ཅིག་ཅེས་བསླབས་སོ། །དེ་ནས་རྟའི་རྒྱལ་པོ་དད་པ་སྤྲིན་གྱི་ཤུགས་ཅན་བྱུང་བ་དང༌། དེད་དཔོན་གྱིས་བསྒོ་བ་བཞིན་ཚོང་པ་ལ་ལ་ནི་ཞོན། ལ་ལ་ནི་སྤུ་ལ་འཇུས་ཏེ་ནམ་མཁའ་ལ་ཕྱིན་པ་དང༌། དེར་སྲིན་མོ་རྣམས་ཀྱིས་ཚོར་ཏེ་རྫུ་འཕྲུལ་གྱིས་དེ་མ་ཐག་ཏུ་དེད་ནས། དེ་དག་གི་བུ་དང་བུ་མོ་རྣམས་ཁྱེར་ཏེ་བསྟན་ཞིང་ངེད་རྣམས་ལའང་མི་ཆགས་སམ། ཐ་ན་ཁྱོད་རང་གི་བུ་ཚ་འདི་ལ་ཕྱི་མིག་རེ་མི་བལྟའམ་ཟེར་ཞིང་ངེད་རྣམས་ལའང་མི་ཆགས་སམ། ཁྱེད་རྣམས་ཐར་བའི་ཐབས་ཡོད་ཀྱི་ཟེར་ཞིང་བུ་ཚ་སྟོན་པར་བྱས་པས། བཟའ་མི་དང་བུ་ཚ་ལ་ཆགས་ཤིང་ཕྱི་མིག་བལྟས་པ་རྣམས་ས་ལ་ལྷུང་ནས་གསོན་པོར་ཟ་བར་བྱེད་དོ། །ཕྱི་མིག་མ་བལྟས་པ་རྣམས་རང་འདོད་པའི་གནས་སུ་ཐར་བར་ཕྱིན་ནོ། །
མདོ་ལས་བཅོམ་ལྡན་འདས་ཀྱིས་དེའི་དུས་ཀྱི་རྟའི་རྒྱལ་པོ་དད་པ་སྤྲིན་གྱི་ཤུགས་ཅན་དེ་ང་ཡིན་ཏེ། དེའི་ཚེ་ཡང་སེམས་ཅན་རྣམས་ཕན་བཏགས་འཇུ་བ་མ་བྱུང་ངོ༌། །དེ་བཞིན་དུ་ད་ལྟ་ཡང་ངའི་བསྟན་པ་ལ་ཞུགས་ཏེ་སྡོམ་པ་བླངས་ཏེ་ཉམས་པར་སྲུང་བ་དེ་ཡང་མཐར་འཁོར་བ་ལས་ཐར་པར་འགྱུར།
ཤེས་རབ་ལྡན་བའི་མི་གང་དག །
སངས་རྒྱས་བསྟན་ལ་དད་མི་བྱེད། །
དེ་ནི་སྡུག་བསྔལ་མྱོང་བར་འགྱུར། །
སྲིན་མོའི་གླིང་གི་ཚོང་པ་བཞིན། །
ཞེས་གསུངས་སོ། །གླིང་དེར་ཕྱིས་སེང་ག་ལིའི་རྒྱལ་པོའི་གཟིངས་མར་མོ་བཅས་ནས་དམག་དྲངས་ཏེ་སྲིན་མོ་རྣམས་བསད་དེ་མིས་བཟུངས་ཡོད་ཟེར་པར། དོན་དེ་ནི་སྡིག་གྲོགས་རྟེན་དུ་མི་རུང་བར་བསྟན་པ་ཡིན་ནོ།།
མཆན།
- དེད་དཔོན་ནི། ཚོང་དཔོན་དང། གྲུ་གཟིངས་ཀྱི་ཁ་ལོ་བ་ལ་གོ
- བསུ་བ་ནི། གདན་འདྲེན་པའི་དོན།
- ལབ་བརྡོལ་ནི། ཚིག་འབྲུ་མི་གསལ་བའི་སྐད་ཆའམ་སྐད་ཆ་གང་བྱུང་བཤད་པ།
རྒྱལ་པོའི་བུ་དང་བྲམ་ཟེའི་བུ།
ཕྱུག་པོ་ཀླ་ཀློ་ལ་ཡང་ཡོད། །
དཔའ་བོ་དུད་འགྲོ་ལ་ཡང་ཡོད། །
དོན་དང་མཐུན་པའི་གཏམ་སྨྲ་བ། །
འཇིག་རྟེན་འདི་ན་ཤིན་ཏུ་དཀོན། །
དེ་ཕྱིར་ཡོན་ཏན་དག་ལ་ནི། །
སྲོག་དང་བསྡོས་ལ་འབད་པར་བྱེད། །
གང་ཞིག་ཡོན་ཏན་མི་སློབ་པ། །
དེ་ནི་བླུན་པོ་ཕྱུགས་ལྟ་བུ། །
ཞེས་པ་ནི། སྔོན་རྒྱལ་པོ་གཅིག་དང་བྲམ་ཟེ་གཅིག་གྲོགས་པོ་བྱས་ནས་གནས་ཡོད་དུས། བྲམ་ཟེའི་བུ་ལ་ཡོན་ཏན་བསླབས་པ་རྒྱལ་པོའི་བུས་མཐོང་ནས། ཡབ་ལ་སྨྲས་པ། ང་ལ་ཡོན་ཏན་མེད་པས་ཕ་དྲིན་ཆུང༌། །ཡབ་ཀྱིས་བདག་གིས་གྲོགས་གཟིགས་སམ། །གྲོགས་ཀྱི་ནང་ནས་ང་རེ་སྡུག །ངང་པའི་ནང་ནས་ཆུ་སྐྱར་1བཞིན། །ཞེས་སྨྲས་པས། ཡབ་ཀྱིས་ཁོ་བོ་ཅག་ནི་བྲན་འབངས་ཡིན་མོད། ཁྱོད་རྒྱལ་པོ་ཡིན་པས་མ་སྡུག་ཅིག་བྱས་པས། རྒྱལ་བུ་ན་རེ། གོང་མོའི་ཚོགས་རྣམས་རི་གསུམ་རྩེར་གནས་ཀྱང༌། །མཚོར་གནས་ངང་པའི་རྒྱལ་པོའི་དོ་ཟླ་མིན། །ཟེར་ཡང་རྒྱལ་པོ་འཁོར་དང་བཅས་ཀྱིས་སྨྲས་པ༌། ཁྱེད་རང་རྟ་དང་གླང་པོ་ཆེ་ལ་ཞོན། །ངེད་ཅག་འཁོར་གྱིས་བསྐོར་བར་བྱ་ཡི། །ཟེར་བ་ལ། རྒྱལ་བུ་ན་རེ། མི་མཁས་རྟ་དང་གླང་ལ་ཞོན་པ་ལས། །མཁས་པ་རྐང་གིས་འགྲོ་བ་དོ་ཟླ་མིན། །ཟེར་རོ། །
རྒྱལ་པོ་ན་རེ། བྲམ་ཟེ་ཡོན་ཏན་ཅན་ལས་རྒྱལ་སྲིད་ཡོན་ཏན་ཡོད་པས་དགའ་བྱས་པས། རྒྱལ་བུ་ན་རེ། རྒྱལ་བུ་རང་གི་ཡུལ་དུ་བཀུར། །ཡོན་ཏན་མཁས་པ་ཀུན་གྱིས་བཀུར། །དེས་ན་ཡོན་ཏན་ཁྱད་པར་ཆེ། །ཟེར་རོ། །ཡང་ཡབ་ན་རེ། བྲམ་ཟེ་གཅིག་པུར་གནས་ནས་སྐྱིད། །ཁྱོད་རང་རྟག་ཏུ་འཁོར་དང་ལྡན། །བྱས་པས། རྒྱལ་བུ་ན་རེ། བླུན་པོ་འཁོར་ལྡན་རྣམས་ནི་དམན་པའི་རྒྱུ། །མཁས་པ་གཅིག་པོར་གནས་པ་ཤེས་རབ་འཕེལ། །བ་གླང་དུད་འགྲོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལས། །སེང་གེ་གངས་རིའི་ཁྲོད་གནས་གཅིག་པོར་མཛེས། །ཟེར་བས། ཡང་ཡབ་ཀྱིས་ཁྱོད་ང་ལ་མ་སྨད་ནའང་བྲན་རྣམས་ཁྱོད་ལ་བསྐོར་དུ་བཅུག་གིས་བྱས་པས། རྒྱལ་བུ་ན་རེ། ཡོན་ཏན་དག་ལ་མ་འབད་པས། །འགྱིངས་ཚུལ་2དགོས་པ་ཅི་ཡོད་ཨང༌། །བེའུ་མེད་པའི་བ་དག་ལ། །དྲིལ་བུ་བཏགས་ཀྱང་སུ་ཡིས་ཉོ། །ཞེས་ཟེར་རོ། །
ཡང་ཡབ་ན་རེ། འོ་ན་ཀ་ལེའི་རྒྱ་གར་གཏོང་གི་ཡོན་ཏན་སློབས་ཤོག་བྱས་པ། རྒྱལ་བུ་ན་རེ། གཞོན་པའི་དུས་སུ་རིག་པ་སློབ། །བཞོན་3འདོད་པ་ནི་དགུན་ནས་གསོས། །དྲོད་གཤེར་ལྡན་དུས་ས་བོན་ཐོབ། །འདི་གསུམ་འབྲས་བུ་སྨིན་པའི་རྒྱུ། །ཟེར་རོ། །
ཡང༌། ཡོན་ཏན་མེད་པའི་ཁ་ཉིད་ནི། །ས་ཡི་བུ་ག་དག་དང་མཚུངས། །ཡོན་ཏན་དག་གིས་བརྒྱན་པའི་ཁ། །པདྨ་ཡིད་འོངས་བཞིན་དུ་མཚར། །ཞེས་ཟེར་རོ།
དེ་ཡང་ཡོན་ཏན་འབད་པའི་སློབ་པ་དང་དུལ་བར་བྱ་དགོས་པའི་དོན་ནོ། །
མཆན།
- ཆུ་སྐྱར། ཉ་ཟ་མཁན་གྱི་ཆུ་བྱའི་རིགས་ཤིག་ཡིན།
- འགྱིངས་ཚུལ་ནི། ཆེ་ཉམས་བྱེད་པའི་ཚུལ་ལ།
- བཞོན་ནི། སྐབས་འདིར་དཀར་ཆུའམ་འོ་མའི་དོན།