ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་མཆོག་མེན་པཱཊ་གཞིས་ཆགས་སུ་ཕྱོགས་ཕེབས་གནང་།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༡༨ ཉིན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་མེན་པཱཊ་ཕན་བདེ་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་སྐབས་ཁུལ་དེར་རྟེན་གཞི་བྱས་པའི་ས་གནས་འགོ་འཛིན་དང་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། སློབ་གྲྭའི་དགེ་ཆེ། ས་གནས་འཕྲོད་བསྟེན་ཡན་ལག་སྨན་ཁང་འགན་འཛིན། ཡན་ལག་སྨན་རྩིས་ཁང་གི་འགན་འཛིན་སོགས་ནས་ཕེབས་བསུ་གཟབ་རྒྱས་ཞུས་འདུག
གཞིས་ཆགས་ཀྱི་འགོ་ཁྲིད་རྣམ་པས་བཀའ་བློན་མཆོག་ལ་འཚམས་འདྲི་དང་ས་གནས་ཀྱི་ལས་དོན་ངོ་སྤྲོད་སྙིང་བསྡུས་ཞུས་གྲུབ་རྗེས་ཁོང་རྣམ་པའི་ཕེབས་རོགས་ཞུས་ཐོག་མེན་པཱཊ་ས་གནས་གཏན་ཉིན་སློབ་གྲྭར་གཟིགས་སྐོར་ཕེབས་ཡོད་ཅིང་སྐབས་དེར་སློབ་ཕྲུག་རྣམས་ཀྱིས་ཕེབས་བསུའི་འཁྲབ་སྟོན་ཡང་ཞུས་འདུག སློབ་གྲྭའི་སྔ་དྲོའི་འདུ་འཛོམས་ཐོག་དགེ་ཆེ་ནས་ཤེས་རིག་བཀའ་བློན་མཆོག་ས་གནས་སུ་ཆེད་ཕེབས་གནང་བར་བཀའ་དྲིན་ཆེ་ཞུའི་ཕེབས་བསུའི་གསུང་བཤད་དང་འཚམས་འདྲིའི་མཇལ་དར་ཡང་ཕུལ་ཡོད། དེ་རྗེས་བཀའ་བློན་མཆོག་གིས་དེར་འདུས་དགེ་ལས་སློབ་ཕྲུག་རྣམས་ལ་ཤེས་རིག་སློབ་གསོའི་གལ་གནད་དང་། ཡ་རབས་ཀུན་སྤྱོད་ཀྱི་རིན་ཐང་། ཕ་མ་ཚོའི་གནང་དགོས་གང་ཡིན་པ་སོགས་ཀྱི་ལམ་སྟོན་གསུང་བཤད་ཁ་གསལ་གནང་བ་དང་། དེ་བཞིན་བཀའ་བློན་མཆོག་གིས་རྒྱ་གར་དགེ་རྒན་རྣམས་ལ་གསུང་དོན། ཁྱེད་རྣམ་པས་ད་བར་རྒྱབ་སྐྱོར་ཧ་ཅང་ཤུགས་ཆེ་གནང་བ་དང་རྒྱ་གར་གཞུང་ཕྱོགས་ནས་ཀྱང་དུས་དང་རྣམ་པ་ཀུན་ཏུ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེན་པོ་ཡིན་པར་བརྟེན། ཐུགས་རྗེ་ཆེ་ཞུ་གི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་རྗེས་སློབ་མ་ཚོའི་སྔ་དྲོའི་འདུ་འཛོམས་གྲོལ་རྗེས་བཀའ་བློན་མཆོག་གིས་འཛིན་གྲྭ་རེ་རེར་གཟིགས་སྐོར་དུ་ཕེབས་ཏེ་དགེ་རྒན་ཚོས་ཇི་ལྟར་སློབ་ཁྲིད་གནང་གི་ཡོད་མེད་དང་། དེ་བཞིན་སྔོན་འགྲོའི་སློབ་མ་ཚོས་ཇི་ལྟར་སློབ་སྦྱོང་བྱེད་ཀྱི་ཡོད་མེད་ལ་གཟིགས་ཞིབ་གནང་ཡོད་པ་མ་ཟད། སློབ་མ་ཚོའི་སྡོད་ཁང་ལའང་གཟིགས་ཞིབ་གནང་སྟེ་སྡོད་ཁང་གི་དོ་དམ་པར་ལམ་སྟོན་ཡང་གནང་ཡོད། ཉིན་དེའི་ཕྱེད་ཡོལ་བཀའ་བློན་མཆོག་ཁུལ་དེའི་བོད་དགོན་དང་གཞིས་གྲོང་ཁག་བདུན་ལ་གཟིགས་སྐོར་ཕེབས་ཡོད་འདུག་པ་བཅས།།

སྔོན་མ།
སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་ཐེངས་དང་པོ་མཇུག་སྡོམ་ཚོགས་འདུར་ཤེས་རིག་བཀའ་བློན་མཆོག་གིས་གསུང་བཤད་གནང་།
ཕྱི་མ།
ཤེས་རིག་བཀའ་བློན་མཆོག་བྷན་ད་རཱ་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་།
Menu