ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ལ་དྭགས་བོད་ཁྱིམ་སློབ་གྲྭ་ཡན་ལག་དང་བཅས་པར་གཟིགས་སྐོར་དང་། བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་གནང་དགོས་པའི་ནན་སྐུལ་གནང་བ།

གསར་འཕྲིན།, བཀའ་བློན་མཛད་འཆར།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ལ་དྭགས་སུ་གཞུང་འབྲེལ་འཚམས་གཟིགས་གནང་གི་ཡོད་པ་ལྟར། ཕྱི་ལོ་ ༢༠༢༤ ཟླ་ ༠༥ ཚེས་ ༡༤ ཉིན་ལ་དྭགས་བོད་ཁྱིམ་སློབ་གྲྭའི་དགེ་ལས་དང་སློབ་ཕྲུག་ལྷན་མཇལ་འཕྲད་གནང་ཡོད། སྐབས་དེར་ལ་སྤྱི་དོན་གྲུབ་བཀྲིས་ལགས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ལ་དྭགས་བོད་ཁྱིམ་སློབ་གྲྭའི་ངེས་སྟོན་པ་དང་སློབ་སྤྱི། ས་གནས་འཕྲོད་བསྟེན་སྨན་ཁང་གི་ལས་བྱེད་བཅས་མཉམ་བཅར་ཞུས་ཡོད།

 དེ་ཡང་གོང་ཚེས་ཉིན་བཀའ་བློན་མཆོག་གིས་འཛིན་ཁང་ཁག་ཏུ་གཟིགས་ཞིབ་གནང་སྐབས་དགེ་རྒན་རྣམས་ཀྱི་སློབ་ཁྲིད་གནང་སྟངས་དང་། འཛིན་གྲྭའི་ནང་སློབ་ཕྲུག་གི་མཉམ་ཞུགས་བྱེད་ཕྱོགས་བཅས་ལ་དོ་སྣང་ཆེན་པོས་གཟིགས་ཞིབ་གནང་སྟེ། སློབ་ཕྲུག་ཚོར་སོ་སོའི་ཉམས་མྱོང་དང་ཤེས་རྟོགས་བརྗེ་རེས་བྱེད་རྒྱུར་སྐུལ་འདེད་གནང་ཡོད།

 ཤེས་རིག་བཀའ་བློན་མཆོག་ནས་སློབ་གྲྭའི་འཛིན་ཁང་དང་། དཔེ་མཛོད། མདུན་ལམ་སློབ་སྟོན་ཚན་པ། ཀམ་པུ་ཊར་སྡེ་ཚན། ཚན་རིག་སྡེ་ཚན། སློབ་གྲྭའི་སོའི་སྨན་ཁང་བཅས་སུ་གཟིགས་ཞིབ་གནང་ཞིང་། སྨན་པ་དང་སྨན་ཞབས་ལྷན་བཀའ་མོལ་གནང་ཡོད། དེ་རྗེས་སློབ་གྲྭའི་ཉལ་ཁང་དང་། སྤྱི་ཐབ། གསོལ་ཚིགས་ཁང་། རྩེད་ཐང་བཅས་སུ་གཟིགས་ཞིབ་གནང་གྲུབ་མཚམས་སློབ་གྲྭའི་སློབ་ཕྲུག་གིས་བཟོས་པའི་ལ་དྭགས་བོད་ཁྱིམ་སློབ་གྲྭའི་ལོ་རྒྱུས་བརྙན་ཐུང་ཞིག་གཟིགས་འབུལ་ཞུས་ཡོད།

དེ་ནས་བཀའ་བློན་མཆོག་གིས་ལ་དྭགས་བོད་ཁྱིམ་གྱི་དམིགས་གསལ་དགོས་མཁོ་ཅན་གྱི་སློབ་གྲྭ་དང་སྡོད་ཁང་གཉིས་སུ་ཕེབས་ཏེ། དགེ་རྒན་རྣམས་ཀྱིས་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་ཆེད་དུ་ཕྱག་ལས་ཧུར་ཐག་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང། དེ་རྗེས་བཀའ་བློན་མཆོག་ལ་དྭགས་བོད་ཁྱིམ་གྱི་རྒས་གསོ་ཁང་དུ་ཕེབས་ཏེ། དེར་བཞུགས་པའི་རྒན་རྒོན་ལྷན་མཇལ་འཕྲད་གནང་ཡོད།

 ཕྱི་ཚེས་ ༡༥ ཉིན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་སྨན་ལྷ་བོད་ཁྱིམ་ཉིན་སློབ་དང་། ཨག་གླིང་བོད་ཁྱིམ་ཉིན་སློབ་ཏུ་གཟིགས་སྐོར་ཕེབས་ཏེ། ཉིན་རེའི་བྱེད་སྒོ་རྣམ་གཞག་དང་། ལག་རྩལ་སྦྱོང་བརྡར་ལ་གཟིགས་ཞིབ་དང་སྦྲགས་སློབ་གྲྭའི་འཛིན་ཁང་དང་། དཔེ་མཛོད་ཁང་དུ་གཟིགས་སྐོར་གནང་ཡོད།

དེ་རྗེས་ཤེས་རིག་བཀའ་བློན་མཆོག་ལ་དྭགས་བོད་ཁྱིམ་སློབ་གྲྭར་ཕེབས་ཏེ་སློབ་གྲྭའི་ལྔ་བཅུའི་དུས་སྟོན་གྱི་མཚོན་རྟགས་དབུ་འབྱེད་དང་། དགེ་ལས་སློབ་ཕྲུག་རྣམས་ལ་བླང་དོར་གསུང་བཤད་གནང་། སྐབས་དེར་ཁོང་མོས་སློབ་ཕྲུག་རྣམས་ནས་ཆེ་མཐོང་ལྡན་པའི་སློབ་གྲྭ་དེ་ལྟ་བུར་སློབ་སྦྱོང་གི་གོ་སྐབས་ཐོབ་པ་བསོད་ནམས་ཆེན་པོ་ཡིན་པས། སློབ་ཕྲུག་རྣམས་ནས་དེ་དོན་སློབ་གྲྭའི་བཀའ་དྲིན་རྗེས་སུ་དྲན་དགོས་རྒྱུ་གལ་ཆེན་པོ་ཡིན་པ་གསུངས། དེ་དང་འབྲེལ་ཏེ་ཤེས་རིག་བཀའ་བློན་མཆོག་ནས་བོད་ཕྲུག་རྣམས་བཙན་བྱོལ་བ་ཡིན་ནའང་རང་ཉིད་ལ་ངོམས་སུ་ཆོག་པའི་ཆོས་དང་རིག་གཞུང་སྐད་ཡིག་ཡོད་དུས། དེ་དག་ལ་སློབ་གཉེར་གྱིས་བདག་གཅེས་རྒྱུན་འཛིན་གནང་དགོས་པའི་ལམ་སྟོན་གནང་ཡོད་པ་རེད།

དེ་བཞིན་ཁོང་མོས་འབྲི་ཀློག་གིས་ཤེས་ཡོན་ཙམ་མ་ཡིན་པར་རང་གི་ནུས་རྩལ་གཞིར་བཟུང་ལག་ཤེས་སློབ་སྦྱོང་ལའང་དོ་སྣང་བྱས་ཏེ་མ་འོངས་པའི་མདུན་ལམ་འཚོལ་ཐབས་ལ་འབད་དགོས་པའི་ལམ་སྟོན་གནང་བའི་ཐོག སློབ་ཕྲུག་རྣམས་ནས་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་དང་། ལུས་སེམས་ཀྱི་གཙང་སྦྲ་འཕྲོད་བསྟེན་ལའང་དོ་སྣང་དགོས་རྒྱུ་གལ་གནད་ཆེན་པོ་གསུངས་རྗེས་དགེ་སློབ་ཁག་ཅིག་གི་དོགས་དྲི་གནང་བར་ལན་འདེབས་གསལ་བཤད་གནང་ཡོད།

དེ་རྗེས་ཤེས་རིག་བཀའ་བློན་མཆོག་ནས་སློབ་གྲྭའི་དགེ་རྒན་ལྷན་མཇལ་མོལ་གནང་ཡོད་པ་དང་། སྐབས་དེར་བཀའ་བློན་མཆོག་ནས་དགེ་རྒན་ཆེད་ལས་ཀྱི་གལ་ཆེའི་རང་བཞིན་གསལ་སྟོན་གྱིས་སློབ་ཕྲུག་གི་མ་འོངས་པའི་མདུན་ལམ་བཟོ་ལྟ་བཟོ་བར་དགེ་རྒན་རྣམས་ལ་འགན་ཆེན་པོ་ཡོད་པ་དྲན་སྐུལ་དང་འབྲེལ། དགེ་རྒན་ཚོས་སློབ་ཚན་སློབ་ཁྲིད་དང་ལྷན་སློབ་ཕྲུག་རྣམས་ལ་བོད་མིའི་གཤིས་ལུགས་གོམས་སྲོལ་དཔེ་སྟོན་གནང་དགོས་པའི་ལམ་སྟོན་གནང་ཡོད་པ་རེད།

ཕྱི་དྲོ་ཤེས་རིག་བཀའ་བློན་མཆོག་ནས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་སྔོན་འགྲོའི་དགེ་རྒན་རྣམས་ལ་དམིགས་པའི་རྒྱུན་གཏན་ལས་རིགས་ཀྱི་ཟབ་སྦྱོང་དབུ་འབྱེད་གནང་། དབུ་འབྱེད་མཛད་སྒོའི་ཐོག་ལ་སྤྱི་དོན་གྲུབ་བཀྲ་ཤིས་ལགས་དང་། ས་འཐུས་ཚོགས་མི་རྣམ་པ། ལ་དྭགས་བོད་ཁྱིམ་སློབ་གྲྭའི་ངེས་སྟོན་པ་དང་སློབ་སྤྱི། བྱང་ཐང་འབྲེལ་མཐུད་པ། སྔོན་འགྲོ་སློབ་གྲྭའི་འགན་འཛིན། སློབ་སྟོན་པ་ལྷ་མོ་སྤེན་པ་ལགས། ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་ཡེ་ཤེས་ལགས། ལ་དྭགས་བོད་ཁྱིམ་དང་ཡན་ལག་སློབ་གྲྭ་ཁག་གི་སྔོན་འགྲོའི་དགེ་རྒན་ ༢༡ མཉམ་ཞུགས་གནང་ཡོད་པ་བཅས།།

སྔོན་མ།
རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ཁྲོད་བོད་སློབ་ཁག་ཅིག་ཨང་རིམ་རྩེར་སོན་བྱུང་བར་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་འཚམས་འདྲི་གནང་བ།
ཕྱི་མ།
ཕྱི་ལོ་ ༢༠༢༤ ལོའི་འཛིན་རིམ་བཅུ་གཉིས་རྒྱལ་ཡོངས་ཡིག་རྒྱུགས་ནང་བོད་ཡིག་བརྒྱ་ཆ་ ༩༥ ཡན་སོན་པའི་ཐོ་གཞུང་།
Menu