ཟླ་རེའི་གསར་འགྱུར།

བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༡༩ འཁོར་བའི་མཛད་སྒོར་སྐུ་མགྲོན་གཙོ་བོར་ཕེབས་པ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༡༠ ཉིན་དྷ་ས་གངས་སྐྱིད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༡༩ འཁོར་བའི་མཛད་སྒོ་ཞིག་སྲུང་བརྩི་ཞུས་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ ༩།༣༠ ཙམ་ལ་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། དྲུང་འཕར་བསྟན་འཛིན་པདྨ་ལགས།   དེ་བཞིན་གངས་སྐྱིད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་དགེ་ཆེ་བསྟན་འཛིན་ཆོས་སྒྲོན་ལགས་གཙོས་པའི་དགེ་རྒན་དང་། ཕ་མ། སློབ་ཕྲུག་བཅས་ཚང་འཛོམས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་མཆོག་གིས་སྣང་སེལ་མར་མེ་ཞལ་ཕྱེ་གནང་མཚམས་ཚང་མས་སྐུ་བཞེངས་ཐོག་གང་བློ་མ་དང་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དབྱངས་སུ་གྱེར་རྗེས་སློབ་ཕྲུག་རྣམས་ནས་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་མཉམ་གཞས་གཟིགས་འབུལ་ཞུས།  དེ་ནས་སློབ་གྲྭའི་དགེ་ཆེ་བསྟན་འཛིན་ཆོས་སྒྲོན་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་གྲུབ་མཚམས་རིམ་བཞིན་སྔོན་འགྲོ་ནས་འཛིན་རིམ་གསུམ་པ་བར་གྱི་སློབ་ཕྲུག་རྣམས་ནས་འཁྲབ་གཞས་འབུལ་ལམ་ཞུས་ཡོད།

སྐབས་དེར་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤང་གནང་སྐབས་ཐོག་མར་སློབ་ཕྲུག་དང་དགེ་རྒན་རྣམས་ལ་གཞས་སྣ་འཁྲབ་སྟོན་གོ་སྒྲིག་གནང་བར་བསྔགས་བརྗོད་གནང་ཞིང་། དགེ་རྒན་རྣམས་ནི་ཕྲུ་གུའི་མི་ཚེ་བསྐྲུན་པར་འགན་ཆེན་པོ་ཡོད་པ་དང་། ལྷག་པར་དམའ་རིམ་སློབ་གྲྭའི་དགེ་རྒན་རྣམས་ལ་གཞན་དང་མི་འདྲ་བའི་ལས་འགན་འཕར་མ་ཞིག་དང་། རླབས་ཆེན་གྱི་ལས་འགན་ཞིག་ཡིན་གསུངས། དེ་བཞིན་ཕ་མ་རྣམས་ནས་ཀྱང་ཕྲུ་གུར་སློབ་སྦྱོང་གནང་རྒྱུ་ཙམ་མ་ཡིན་པར་ཕྲུ་གུའི་སེམས་ཁམས་རིག་པ་དང་། བཟང་སྤྱོད། འཕྲོད་བསྟེན་སོགས་ལ་དོ་སྣང་གནང་རྒྱུ་གལ་གང་ཆེན་པོ་ཡིན་སྐོར། དཔེ་སྟོན་སློབ་གྲྭ་ནས་ཐོན་པའི་སློབ་མ་རྣམས་བསམ་བློའི་གནས་ཚད་དང་། སློབ་སྦྱོང་། བཟང་སྤྱོད་གང་ཅིའི་ཐད་ནས་གཞན་དང་མི་འདྲ་བ་ཡོད་སྐོར་སོགས་གསུངས།

དེ་མཚུངས་བཀའ་བློན་མཆོག་གིས་སློབ་གྲྭ་ཁག་ཏུ་བསྐྱོར་སྐྱོད་དུ་ཕེབས་སྐབས་སློབ་ཕྲུག་གི་གྲངས་འབོར་ཉུང་དུ་ཕྱིན་ཡོད་པའི་ཐུགས་ཚབ་བསྟན་པ་མ་ཟད། སློབ་ཕྲུག་ཁྲོད་སེམས་ཁམས་མི་བདེ་བ་དང་། འབྲི་སློག་མི་ཤེས་པ་སོགས་ཀྱི་དཀའ་ངལ་མང་དུ་ཕྱིན་ཡོད་པས་ཕ་མས་ཐོག་མར་ཕྲུ་གུའི་སྐྱོན་རྣམས་ངོས་ལེན་གྱིས་ཐབས་ལམ་འཚོལ་རྒྱུ་ཧ་ཅང་གལ་ཆེན་ཡིན་ཞེས་གསུངས་ཡོད་པ་བཅས།།


སྔོན་མ།
སྐུའི་གོ་སྟོན་ཆེད་བྱིས་སྒྲུང་རྩོམ་འབྲིའི་གསལ་བསྒྲགས།
Menu