ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་༸སྐུའི་འཁྲུངས་སྐར་དང་སྟབས་བསྟུན་བྱིས་པའི་འགུལ་བརྙན་གཉིས་འགྲེམས་སྤེལ་གནང་བ།

༄༅། །འདི་ག་ཤེས་རིག་ལས་ཁུངས་ནས་བྱིས་པའི་འགུལ་བརྙན་གཉིས་རང་རིགས་ན་ཆུང་རྣམས་ལ་༸སྐུའི་འཁྲུངས་སྐར་གྱི་ལེགས་སྐྱེས་ཚུལ་འགྲེམས་སྤེལ་གནང་ཡོད།

དེ་རིང་ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༦ ཉིན་ཏེ་འཛམ་གླིང་ཞི་བདེའི་དེད་དཔོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༨༩ དང་། རང་ལུགས་དགུང་གྲངས་ ༩༠ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ལ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། མགོན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་དང་འབྲེལ། འཛམ་གླིང་ཁྱོན་དུ་དུས་སྟོན་ལ་མཉམ་རོལ་བྱེད་མཁན་ཚང་མར་སྤྲོ་སེམས་འཁོལ་བའི་ངང་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།  དུས་ཚེས་ཁྱད་པར་ཅན་གྱི་ཉིན་མོ་འདིར་མ་འོངས་སོན་རྩ་ན་ཆུང་རྣམས་ལ་ལེགས་སྐྱེས་ཀྱི་ཚུལ་དུ་ཤེས་རིག་ལས་ཁུངས་ནས་གསར་བཟོ་ཞུས་པའི་བསྟན་འཛིན་གྱི་འཛམ་གླིང་ཞེས་པའི་ལེའུ་གསུམ་པ་༼འཁྲུངས་སྐར་དུས་ཆེན།༽ དང་། དྲན་པ་བརྗེད་སླ་བའི་ཨ་ཁུ་ཕག་པ་ཞེས་པའི་ལེའུ་བརྒྱད་པ་༼སྨན་ཁུ་འཐུང་བ། ༽ ཞེས་པའི་ཕྱོགས་ཚད་གསུམ་ལྡན་གྱི་འགུལ་བརྙན་འགུལ་བརྙན་གཉིས་ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་སློབ་སྦྱོང་དྲྭ་ཚིགས་དང་། ཡུ་ཊུབ་དྲྭ་བརྙན་སོགས་སྤྱི་ཚོགས་དྲྭ་ལམ་བརྒྱུད་ཤར་གཏོང་ཞུས་ཡོད་ལ། གཤམ་གྱི་དྲྭ་ཐོག་བརྒྱུད་གཟིགས་རྒྱུ་ཡོད་པས་མ་འོངས་བོད་ཀྱི་སོན་རྩ་རྣམས་དང་རང་རིགས་ཕ་མ་རྣམ་པས་དགྱེས་གཟིགས་ཡོང་བ་ཞུ།

སྤྱིར་འགུལ་བརྙན་རིགས་ནི་ཕྲུ་གུ་རྒན་གཞོན་སྤྱི། ལྷག་པར་བྱིས་པ་ཆུང་ཆུང་ཚོའི་སྐད་ཡིག་གོང་འཕེལ་དང་། རིག་གཞུང་ངོ་སྤྲོད། ལུས་སེམས་བདེ་སྐྱིད། བཟང་སྤྱོད་ཀྱི་བསླབ་བྱ། ཚན་རྩིས་ངོ་སྤྲོད། གཞས་དང་རོལ་མོའི་སྒྱུ་རྩལ་སོགས་བརྒྱུད་སྤེལ་སོགས་ལ་ཕན་ནུས་ཆེན་པོ་ཡོད་པ་བཞིན། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་བོད་པའི་བྱིས་པ་ཡོངས་ཀྱི་ཆེད་དུ་འགུལ་བརྙན་རིགས་གང་མང་བཟོ་སྐྲུན་ཐུབ་པར་འབད་བརྩོན་ཞུ་བཞིན་པ་དང་། གོང་གསལ་འགུལ་བརྙན་གཉིས་ཀྱི་འགྲོ་གྲོན་ཡོངས་རྫོགས་ཨ་རིའི་རོགས་ཚོགས་ (USAID) ནས་མཐུན་འགྱུར་གནང་བ་ཞིག་ཡིན།

ཕྱོགས་ཚད་གསུམ་ལྡན་གྱི་འགུལ་བརྙན།

༡། བསྟན་འཛིན་གྱི་འཛམ་གླིང་། ལེའུ་གསུམ་པ། འཁྲུངས་སྐར་དུས་ཆེན། 

༢། དྲན་པ་བརྗེད་སླ་བའི་ཨ་ཁུ་ཕག་པ། ལེའུ་བརྒྱད་པ། སྨན་ཁུ་འཐུང་བ། 

དྲན་པ་བརྗེད་སླ་བའི་ཨ་ཁུ་ཕག་པ།

བསྟན་འཛིན་གྱི་འཛམ་གླིང་།

 

སྔོན་མ།
ཤེས་རིག་བརྡ་ཆད་ཚན་པ་དང་བོད་མིའི་སློབ་གྲྭ་ཁག་གི་ཐ་སྙད་ཚོགས་ཆུང་དབར་དྲ་ཐོག་ཚོགས་འདུ་སྐོང་ཚོགས་ཞུས་པ།
ཕྱི་མ།
ཉི་འོང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ།
Menu