ཤེས་ཡོན་ལྷན་ཚོགས།

༄༅། །བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་དང་།
ཤེས་ཡོན་ལྷན་ཚོགས་ལས་ཁུངས།

ཀ༽ བྱུང་རིམ།

༄༅། །བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཀྱི་དོན་ཚན་ ༡༢་༤ དགོངས་དོན་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་དང་འབྲེལ་བའི་སྲིད་བྱུས་དང་ལམ་སྟོན་ཁག་ལག་བསྟར་དང་། ཤེས་ཡོན་དང་འབྲེལ་བའི་བྱེད་སྒོ་ལམ་སྟོན་ཆེད་ཤེས་ཡོན་སློབ་སྟོན་གྱི་ཚོགས་སྡེ་ཞིག་དགོས་ངེས་ལ་བརྟེན། ཕྱི་ལོ་ ༢༠༡༠ ལོ་མཇུག་ལ་བཀའ་ཤག་གིས་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་འགན་དབང་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ཞེས་པ་གཏན་འབེབས་གནང་བ་དང་། ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༢༨ ཉིན་ཤེས་རིག་དྲུང་འཕར་བཀྲ་ཤིས་དོན་གྲུབ་ལགས་སྤྱི་ཁྱབ་འགན་འཛིན་དུ་བསྐོ་གཞག་དང་། ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༦ ཉིན་ཚོགས་མི་གཞན་བསྐོ་གཞག་གནང་།
ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༢༨ ཉིན་ཤེས་རིག་ལས་ཁུངས་ཀྱི་འོག་ཏུ་དེ་སྔ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཡར་པོ་ཞུས་པའི་ལས་ཁུངས་དེ་ཉིད་རྩིས་ལེན་གྱིས་ཉམས་གསོ་བྱས་པ་དེའི་ནང་སྤོས་ཏེ། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱི་ལས་ཁུངས་ཀྱི་ལས་དོན་དངོས་སུ་འགོ་བཙུགས་ཡོད། སྐབས་དེར་ཤེས་ཡོན་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཡིག་ཚང་ནང་འཛིན་སྐྱོང་ལས་བྱེད་དྲུང་གཞོན་ ༡ དང་། དྲུང་ལས་ ༢། ལས་དོ་ ༡ བཅས་ཀྱི་ས་མིག་ཡོད།
ཤེས་ཡོན་ལྷན་ཚོགས་འགོ་འཛུགས་མ་གནང་གོང་ལྷན་ཚོགས་ཀྱི་ལས་བྱེད་མང་ཆེ་བ་ཤེས་རིག་སྲོལ་རྒྱུན་ཤེས་ཡོན་ཚན་པའི་ཁྱབ་ཁོངས་ཡིན་སྟབས། ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༥ ཉིན་ཤེས་ཡོན་ལྷན་ཚོགས་དང་ཤེས་རིག་སྲོལ་རྒྱུན་ཚན་པ་གཉིས་ཀྱི་ལས་དོན་ཁག་བགོས་དང་། སྤྱི་ཡོངས་ལམ་སྟོན་བཀོད་ཁྱབ་གནང་བའི་ནང་། ད་བར་ཤེས་རིག་ལས་ཁུངས་ཀྱི་སྲོལ་རྒྱུན་ཤེས་ཡོན་ཚན་པས་སྒྲུབ་བཞིན་པའི་གཞི་རིམ་སློབ་གྲྭའི་བསླབ་གཞིའི་རྩ་འཛིན་བཟོ་འགོད་དང་། སློབ་དེབ་རྩོམ་སྒྱུར་དང་བསྐྱར་ཞིབ་ཀྱི་ལས་དོན་རྣམས་ཤེས་ཡོན་ལྷན་ཚོགས་ཁོངས་སུ་ཟླ་སྒྲིལ་གནང་བ་མ་ཟད། ཕྱི་ལོ་ ༢༠༡༦ ཟླ་ ༡༠ ནང་ཤེས་རིག་རྩོམ་སྒྲིག་ཚན་པའང་ཤེས་ཡོན་ལྷན་ཚོགས་ཁོངས་སུ་ཟླ་སྒྲིལ་གནང་།  དེ་བཞིན་གཞི་རིམ་འོག་མའི་སློབ་ཚན་གཞན་ཁག་གི་སློབ་དེབ་རྩོམ་སྒྲིག་དེ་སྔ་དྷ་ས་བོད་ཁྱིམ་ནས་གནང་གི་ཡོད་ཀྱང་། ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༢ ཉིན་ཤེས་རིག་ལས་ཁུངས་ནས་རྩོམ་སྒྲིག་འདོན་སྤེལ་རྩིས་ལེན་གྱིས་ཤེས་ལྷན་ནས་རྩོམ་སྒྲིག་འགན་ཁུར་ཞུས་དང་ཞུ་མུས་ཡིན།
ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༢ བར་ཤེས་ཡོན་ལྷན་ཚོགས་ལས་ཁུངས་སུ་འཛིན་སྐྱོང་ཚན་པར་ལས་བྱེད་གསུམ་དང་། བོད་ཀྱི་སྐད་ཡིག་ཚན་པར་ལས་བྱེད་གསུམ། བོད་སྒྱུར་ཚན་པར་ལས་བྱེད་བཞི། རྩོམ་སྒྲིག་ཚན་པར་ལས་བྱེད་གཅིག་བཅས་ཁྱོན་ལས་བྱེད་བཅུ་གཅིག་ཡོད་ཀྱང་། ཚན་པ་སོ་སོའི་དངོས་སུ་ཕྱག་ལས་གནང་ཕྱོགས་དང་འབྲེལ་བའི་སྐོར་གོང་རིམ་དང་འབྲེལ་ཡོད་རྩོམ་སྒྲིག་པ་དང་ལྷན་དུ་བཀའ་བསྡུར་གྱིས་བོད་ཀྱི་སྐད་ཡིག་ཚན་པ་དང་བོད་སྒྱུར་ཚན་པའི་སློབ་ཚན་གཞན་གྱི་རྩོམ་སྒྲིག་ལས་དོན་ཁག་ཟླ་སྒྲིལ་ཞུས་ནས་སློབ་དེབ་ཚན་པ་ཞེས་སྡེ་ཚན་གསར་བཟོ་ཞུས་པའི་ཐོག བོད་སྒྱུར་ཚན་པའི་ནང་སློབ་དེབ་དང་དེ་འབྲེལ་གཞོགས་འདེགས་རྒྱུ་ཆ་མིན་པའི་ཕྱག་དེབ་གཞན་རྩོམ་སྒྲིག་གནང་མུས་ཁག་རྩོམ་སྒྲིག་ཚན་པའི་ནང་ཟླ་སྒྲིལ་བཏང་སྟེ། འཛིན་སྐྱོང་ཚན་པ་གཏོགས་པའི་ཚན་པ་གསུམ་དུ་དབྱེ་འབྱེད་ཞུས་ཡོད།
ཤེས་ཡོན་ལྷན་ཚོགས་ཀྱི་གཞི་རྩའི་དམིགས་ཡུལ་དང་སྒྲིག་དོན་ལྟར། ལས་ཁུངས་འདི་ཉིད་གནས་སྐབས་རིང་ཤེས་རིག་ལས་ཁུངས་ཀྱི་ཁོངས་སུ་ཡོད་ནའང་། མཐུན་རྐྱེན་འཛོམས་རིམ་བཞིན་ཤེས་རིག་ལས་ཁུངས་ཀྱི་འཛིན་སྐྱོང་དབང་བྱུས་འོག་ཡོད་པའི་རང་སྐྱོང་སྡེ་ཚན་ཞིག་ལ་བསྒྱུར་རྒྱུའི་དགོངས་གཞི་ཡོད་པ་རེད།

ཁ༽ བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་འདུ་རིམ་པ་ཁག

• ཚོགས་འདུ་ཐེངས་དང་པོ། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༦ ཉིན།
• ཚོགས་འདུ་ཐེངས་གཉིས་པ། ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༣༠ དང་ ༣༡ ཉིན།
• ཚོགས་འདུ་ཐེངས་གསུམ་པ། ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༣༠ ཉིན།
• ཚོགས་འདུ་ཐེངས་བཞི་པ། ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༨ དང་ ༢༩ ཉིན།
• ཚོགས་འདུ་ཐེངས་ལྔ་པ། ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༧ ཉིན།
• ཚོགས་འདུ་ཐེངས་དྲུག་པ། ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༦ དང་ ༧ ཉིན།
• ཚོགས་འདུ་ཐེངས་བདུན་པ། ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༣ དང་ ༢༤ ཉིན།
• ཚོགས་འདུ་ཐེངས་བརྒྱད་པ། ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡ དང་ ༢ ཉིན།

ག༽ ད་ལྟའི་གནས་བབ།

བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་གཙོ་གཙོས་པའི་གཞུང་འབྲེལ་མིན་པའི་ཁྱད་མཁས་མི་སྣ་གསུམ་བཀའ་ཤག་གིས་ཚོགས་མིར་ཐད་བསྐོས་གནང་གི་ཡོད་པ་དང་། ད་ལྟའི་ཆར་ཤེས་ཡོན་ལྷན་ཚོགས་སྐབས་བཞི་པའི་ཚོགས་གཙོ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་དང་། ཚོགས་མི་གཞན་རྣམས་སློབ་སྤྱི་ཟུར་པ་ཐར་ལམ་སྒྲོལ་མ་མཆོག སློབ་དཔོན་བསོད་ནམས་རྒྱལ་མཚན་མཆོག སློབ་དཔོན་ལྷག་པ་ཚེ་རིང་མཆོག་བཅས་ཡིན། དེ་བཞིན་ཤེས་ཡོན་ལྷན་ཚོགས་ཀྱི་མཚན་གནས་རྗེས་འབྲེལ་གྱི་ཚོགས་མི་དྲུག་ཡོད་པ་རྣམས་ནི། ཤེས་ལྷན་འགན་འཛིན་དང་། ཤེས་རིག་ལས་ཁུངས་ཀྱི་སྲོལ་རྒྱུན་དང་དེང་རབས་ཤེས་ཡོན་ཚན་པའི་འགན་འཛིན། དྷ་ས་བོད་ཁྱིམ་སྤྱི་ཁྱབ་ཤེས་ཡོན་ངེས་སྟོན་པ། མ་སུ་རི་བོད་ཁྱིམ་སྤྱི་ཁྱབ་ཤེས་ཡོན་འགན་འཛིན། སཾབྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན། བལ་ཡུལ་གངས་ཅན་བདེ་རྩའི་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་བཅས་ཡིན།
ཤེས་ཡོན་ལྷན་ཚོགས་ལས་ཁུངས་སུ་ད་ལྟའི་ཆར་སྤྱི་ཁྱབ་འགན་འཛིན་གཙོས་པའི་ལས་བྱེད་བཅུ་གཅིག་དང་ཚན་པ་གསུམ་སྟེ། འཛིན་སྐྱོང་ཚན་པ་དང་། སློབ་དེབ་ཚན་པ། རྩོམ་སྒྲིག་ཚན་པ་བཅས་ཡིན། འཛིན་སྐྱོང་ཚན་པའི་ནང་སྤྱི་ཁྱབ་འགན་འཛིན་གཙོས་པའི་ལས་བྱེད་གཞན་གཉིས་དང་། སློབ་དེབ་ཚན་པར་ཚན་པའི་འགན་འཁུར་བ་དང་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་གི་བོད་ཡིག་སློབ་དེབ་རྩོམ་སྒྲིག་པ་གཅིག་ལྕོགས་དང་། བོད་ཀྱི་སྐད་ཡིག་སློབ་དེབ་རྩོམ་སྒྲིག་པ་གཅིག ཨང་རྩིས་སློབ་དེབ་རྩོམ་སྒྲིག་པ་གཅིག སྤྱི་ཚོགས་ཚན་རིག་སློབ་དེབ་རྩོམ་སྒྲིག་པ་གཅིག དྲྭ་རྒྱ་དོ་དམ་པ་གཅིག་བཅས་ལས་བྱེད་ལྔ་དང་། རྩོམ་སྒྲིག་ཚན་པར་ཚན་པའི་འགན་འཁུར་བ་དང་སྨྱུག་གསར་དུས་དེབ་རྩོམ་སྒྲིག་པ་གཅིག་ལྕོགས་དང་། ཕ་ཡུལ་ཤེས་བྱའི་བང་མཛོད་ཀྱི་རྩོམ་སྒྲིག་པ། བྱིས་སྒྲུང་བོད་སྒྱུར་རྩོམ་སྒྲིག་པ་བཅས་གསུམ་ཡོད།

ང་༽ ཤེས་ལྷན་ཚོགས་གཙོ་དང་སྤྱི་ཁྱབ་འགན་འཛིན་རིམ་པ།

ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༩ ཉིན་དཔལ་ལྡན་བཀའ་ཤག་ནས་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ཤེས་ཡོན་ལྷན་ཚོགས་སྐབས་དང་པོའི་ཚོགས་གཙོ་དང་། ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༢ ནས་སྐབས་གཉིས་པའི་ཚོགས་གཙོར་བསྐོ་གཞག་གནང་། ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༨ ཉིན་རིན་པོ་ཆེ་མཆོག་ཤེས་ཡོན་ལྷན་ཚོགས་སྐབས་གཉིས་པའི་ཚོགས་གཙོ་ནས་དགོངས་ཞུས་མཛད་རྗེས། ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༥ ནས་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་སྐབས་གཉིས་པའི་ཚོགས་གཙོར་བསྐོ་གཞག་གནང་བ་དང་། དེ་རྗེས་ཤེས་ཡོན་ལྷན་ཚོགས་སྐབས་གསུམ་པ་དང་བཞི་པའི་ཚོགས་གཙོར་བསྐྱར་བསྐོ་གནང་སྟེ་མུ་མཐུད་གནང་མུས་ཡིན།
ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༢༨ ཉིན་དཔལ་ལྡན་བཀའ་ཤག་ནས་ཤེས་རིག་དྲུང་འཕར་བཀྲ་ཤིས་དོན་གྲུབ་ལགས་ཤེས་ཡོན་ལྷན་ཚོགས་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་དུ་བསྐོ་གཞག་དང་། དེ་རྗེས་ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢༢ ཉིན་དཔལ་ལྡན་བཀའ་ཤག་ནས་ཤེས་རིག་དྲུང་འཕར་ཚད་མཉམ་ཚེ་རིང་བསམ་གྲུབ་ལགས་ཤེས་ལྷན་སྤྱི་ཁྱབ་འགན་འཛིན་དུ་བསྐོ་གཞག་གནང་། ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༦ ཉིན་ཤེས་རིག་ལས་ཁུངས་ནས་ཤེས་རིག་ཟུང་དྲུང་ཀུན་དགའ་རྒྱལ་མཚན་ལགས་ཤེས་ལྷན་སྤྱི་ཁྱབ་འགན་འཛིན་ལས་ཚབ་ཏུ་བསྐོ་གཞག་དང་། ཟླ་ ༤ ཚེས་ ༢༩ ཉིན་དཔལ་ལྡན་བཀའ་ཤག་ནས་ཟུང་དྲུང་ཀུན་དགའ་རྒྱལ་མཚན་ལགས་ཤེས་ལྷན་སྤྱི་ཁྱབ་འགན་འཛིན་དུ་བསྐོ་གཞག་གནང་། ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༤ ཉིན་དཔལ་ལྡན་བཀའ་ཤག་ནས་ཤེས་རིག་ཟུང་དྲུང་བསོད་ནམས་བཟང་པོ་ལགས་ཤེས་ལྷན་སྤྱི་ཁྱབ་འགན་འཛིན་དུ་བསྐོ་གཞག་གནང་། ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༦ ཉིན་དཔལ་ལྡན་བཀའ་ཤག་ནས་ཤེས་རིག་ཟུང་དྲུང་བསྟན་འཛིན་པདྨ་ལགས་ཤེས་ལྷན་སྤྱི་ཁྱབ་འགན་འཛིན་དུ་བསྐོ་གཞག་གནང་།

ཅ༽ བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱི་འགན་དབང་།

ཤེས་ཡོན་ལྷན་ཚོགས་ནི། བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་དོན་ཚན་བཅུ་གཉིས་པའི་ནང་གསེས་བཞི་པའི་དགོངས་དོན་ལྟར་གསར་འཛུགས་གནང་ཞིང་། དེའི་དམིགས་ཡུལ་དང་འགན་དབང་སྐོར་དོན་ཚན་དེ་དང་ནང་གསེས་ལྔ་པ་བཅས་སུ་ཁ་གསལ་བཀོད་ཡོད་ལ། བཀའ་ཤག་གིས་གཏན་འབེབས་གནང་བའི་ཤེས་ཡོན་ལྷན་ཚོགས་ཀྱི་སྒྲིག་གཞིའི་ནང་དུའང་ཁ་གསལ་ཡོད།
༡། བོད་མིའི་སྒྲིག་འཛུགས་ལ་བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་བཅུ་བདུན་པ་ཤེས་ཡོན་དང་རིག་གཞུང་སྐོར་གྱི་དོན་གནད་ཁག་དང་ཁྱད་པར་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལག་བསྟར་དང་། ཡར་རྒྱས་ཚགས་ཚུད་ཡོང་ཐབས་སླད་ལམ་སྟོན་དང་བློ་འདོན་བྱ་རྒྱུ།
༢། བཙན་བྱོལ་བོད་མི་ཁྱོན་ཡོངས་ཀྱི་ཤེས་ཡོན་དང་། ནུས་ཚད། སློབ་གསོའི་ལས་དོན་བཅས་ཡར་རྒྱས་ཚགས་ཚུད་ཡོང་སླད་བོད་མིའི་སྒྲིག་འཛུགས་ལ་ལས་རིམ་འཆར་འགོད་དང་གྲོས་འདོན་བྱ་རྒྱུ།
༣། བོད་མིའི་སྒྲིག་འཛུགས་ཀྱིས་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭའི་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་ཁྱབ་ཁོངས་སློབ་གྲྭ་ཁག་གིས་ལག་བསྟར་ཚུལ་བཞིན་ཡོང་སླད་བོད་མིིའི་སྒྲིག་འཛུགས་ལ་ལས་དོན་འཆར་འགོད་དང་། བསྐྱར་ཞིབ། ལས་རིམ་ལམ་སྟོན་བཅས་འབུལ་རྒྱུ།
༤། བཙན་བྱོལ་བོད་མིིའི་གཞི་རིམ་སློབ་གྲྭའི་ཤེས་ཡོན་དང་འབྲེལ་བའི་ལས་དོན་ཐོག་སློབ་སྟོན་ཚོགས་ཆུང་དང་ལས་དོན་ཚོགས་ཆུང་གང་དགོས་སྐབས་འཕྲལ་ཟུར་འཛུགས་ཀྱིས་ལས་གཞི་ཞིབ་འཇུག་དང་། གསར་གཏོད། བསྐྱར་ཞིབ། བཏང་འཛིན་བཅས་བྱ་རྒྱུ།
༥། བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་ལ་གཞུང་འབྲེལ་ངོས་འཛིན་དང་། ལག་འཁྱེར་ཚད་འཛིན། ཤེས་ཡོན་རྟོག་ཞིབ་བཅས་དང་འབྲེལ་བའི་ལས་དོན་བཀོད་སྒྲིག་དང་བཏང་འཛིན་བྱ་རྒྱུ།
༦། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་དངོས་ཡོད་དགོས་མཁོ་ལྟར་གཞི་རིམ་དགེ་རྒན་རྣམས་ཀྱི་ཕྱི་ནང་གི་སྤུས་ཚད་ཡར་རྒྱས་གཏོང་སླད་ཟབ་སྦྱོང་དང་། ཤེས་ཡོན་ལྟ་སྐོར། ཉམས་མྱོང་བརྗེ་རེས་བཅས་དགོས་ངེས་ལས་འཆར་གསར་འཛུགས་དང་། རྒྱུན་སྐྱོང་། བཏང་འཛིན་བཅས་ཀྱི་འགན་དབང་ཆ་ཚང་ཡོད།
༧། དགེ་རྒན་གྱི་ཤེས་ཚད་དང་ལས་དོན་ནུས་ཚད་གོང་མཐོར་གཏོང་སླད་ལོ་ལྔ་རེའི་མཚམས་སུ་དགེ་རྒན་ལས་སྒོར་བསྐྱར་ཞུགས་ཆོག་པའི་ལག་འཁྱེར་སྤྲོད་ལེན་གྱི་ལས་རིམ་གོ་སྒྲིག་དང་ལག་བསྟར་བྱ་རྒྱུ།
༨། སློབ་གྲྭའི་སྡེ་ཚན་ཁག་གི་དམིགས་བསལ་དགོས་མཁོ་སྐོང་སླད་གཞི་རིམ་གོང་འོག་བར་མའི་དགེ་རྒན་ཚད་ལྡན་འདང་ངེས་སྐྱེད་སྲིང་ཆེད་དགེ་རྒན་འོས་སྦྱོང་གོ་སྒྲིག་དང་། སློབ་ཁག་གི་ཤེས་ཡོན་གནས་ཚད་དང་གྲུབ་འབྲས་ཞིབ་བཤེར། ཚོགས་ཐུན་དང་ས་མིག་གཏན་འབེབས་བཅས་དགེ་རྒན་གྱི་བྱེད་སྒོ་ལམ་སྟོན་དང་། རྟོག་ཞིབ་ཀྱི་ཐབས་ལམ་ཚད་ལྡན་གསར་གཏོད་བྱ་རྒྱུ།
༩། སྤྱི་ཚོགས་ཁྲོད་མི་གཤིས་དང་སྤྱོད་ལམ་ལེགས་ཤོས། ཤེས་ཡོན་གྱི་གནས་ཚད་བཟང་ཤོས་རྣམས་དགེ་རྒན་གྱི་ལས་སྒོར་འཇུག་ཐབས་བྱ་རྒྱུ།
༡༠། བཙན་བྱོལ་བོད་མིིའི་གཞི་རིམ་སློབ་གྲྭ་ཁག་གི་རིག་ཚན་སོ་སོའི་བསླབ་གཞིའི་རྩ་འཛིན་དང་། སློབ་ཁྲིད་འཆར་གཞི་བཟོ་འགོད། སློབ་དེབ་རྩོམ་སྒྲིག་དང་བསྐྱར་ཞིབ། ཕབ་སྒྱུར། སློབ་སྦྱོང་དང་སློབ་སྟོན་ལ་གཞོགས་འདེགས་ཀྱི་རྒྱུ་ཆ་འདོན་སྤེལ་བྱ་རྒྱུ།
༡༡། དགེ་རྒན་གྱི་ཤེས་ནུས་དང་ཀུན་སྤྱོད་ཀྱི་ཚད་གཞི་ལ་བཏང་འཛིན་བྱེད་པའི་ཆ་རྐྱེན་གསར་གཏོད་དང་ལག་བསྟར་བྱ་རྒྱུ།

ཆ༽ ཤེས་ཡོན་ལྷན་ཚོགས་ལས་ཁུངས་ཀྱི་གལ་ཆེའི་ལས་དོན་ཁག

༡། ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་འདུའི་གྲོས་ཆོད་ཁག་གི་མཇུག་སྐྱོང་གནང་སྒོ་ཁག
བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་འགན་དབང་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་དོན་ཚན་བདུན་པའི་ནང་གསེས་བཞི་པའི་དགོངས་དོན་བཞིན། ལོ་གཅིག་ནང་ཤེས་ཡོན་ལྷན་ཚོགས་ཐེངས་གཅིག་ངེས་པར་བསྐོང་ཚོགས་བྱེད་དགོས་གསལ་བ་ལྟར། ད་བར་ལྷན་ཚོགས་ཐེངས་བརྒྱད་བསྐྱངས་ཡོད་པ་དང་། དེ་དག་གི་གྲོས་ཆོད་ཁག་ལག་བསྟར་མཇུག་སྐྱོང་ཞུ་ཡི་ཡོད།

༢། བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་བསླབ་གཞིའི་རྩ་འཛིན་བཟོ་འགོད།

བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་ཕྱི་ལོ་ ༢༠༠༨ ལོར་སྔོན་འགྲོ་ནས་གཞི་རིམ་འོག་མ་བར་དང་། ཕྱི་ལོ་ ༢༠༡༡ ལོར་གཞི་རིམ་བར་མ། ཕྱི་ལོ་ ༢༠༡༧ ལོར་གཞི་རིམ་གོང་མ། ཕྱི་ལོ་ ༢༠༡༩ ལོར་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སྔོན་འགྲོ་ནས་གཞི་རིམ་བར་མ་བར། འཛིན་གྲྭ་བཞི་པ་ནས་བརྒྱད་པ་བར་གྱི་ཨིན་ཇི་བཅས་ཀྱི་བསླབ་གཞིའི་རྩ་འཛིན་བཟོ་འགོད་དང་གཏན་འབེབས་ཟིན་ཅིང་། དེ་དག་རིམ་བཞིན་ལག་བསྟར་དང་། བསྐྱར་ཞིབ། དུས་དང་མཐུན་པའི་སྣོན་འཕྲི་སོགས་གནང་གི་ཡོད།
ད་ལྟའི་ཆར་སྔོན་འགྲོ་ནས་གཞི་རིམ་བར་མ་བར་གྱི་བོད་ཀྱི་སྐད་ཡིག་བསླབ་གཞིའི་རྩ་འཛིན་བསྐྱར་ཞིབ་གནང་བཞིན་ཡོད།

༣། བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་བཞིན་སློབ་དེབ་རྩོམ་སྒྲིག

བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་དང་བསླབ་གཞིའི་རྩ་འཛིན་ཁག་གི་དགོངས་དོན་བཞིན། གཞི་རིམ་གོང་འོག་བར་གསུམ་གྱི་བོད་ཀྱི་སྐད་ཡིག་དང་། ཨང་རྩིས། ཚན་རིག སྤྱི་ཚོགས་ཚན་རིག རང་བྱུང་ཚན་རིག ནང་ཆོས་དང་རིགས་ལམ། ཟློས་གར་སོགས་སློབ་དེབ་ཁག་རྩོམ་སྒྲིག་དང་གཏན་འབེབས། ལག་བསྟར། མཇུག་སྣོན་བཅས་ཞུ་ཡི་ཡོད།
ཕྱི་ལོ་ ༢༠༢༡ བར་ནང་ཆོས་དང་རིགས་ལམ་འཛིན་གྲྭ་བཅུ་གཉིས་བར་དང་། བོད་ཀྱི་སྐད་ཡིག་སློབ་དེབ་འཛིན་གྲྭ་བཅུ་གཉིས་བར། ཨང་རྩིས་འཛིན་གྲྭ་བརྒྱད་པ་བར། ཚན་རིག་འཛིན་གྲྭ་བཅུ་པ་བར། སྤྱི་ཚོགས་ཚན་རིག་འཛིན་གྲྭ་བརྒྱད་པ་བར། རང་བྱུང་ཚན་རིག་འཛིན་གྲྭ་ལྔ་པ་བར་དང་། བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་སྡེ་ཚན་ནས་རྩོམ་སྒྲིག་ཞུས་པའི་སྔོན་འགྲོའི་བོད་ཀྱི་སྐད་ཡིག་སློབ་ཁྲིད་ལམ་སྟོན་ལག་དེབ་བཅས་པར་སྐྲུན་ཞུས་ཡོད།
ཉེ་ཆར་གཞི་རིམ་བར་མའི་ཆེད་བོད་ཀྱི་སྐད་ཡིག་སློབ་དེབ་བསྐྱར་ཞིབ་ཀྱིས་གསར་པ་གསུམ་པར་སྐྲུན་ཞུས་ཟིན་པ་དང་། ད་ལྟའི་ཆར་འཛིན་གྲྭ་དགུ་པའི་ཨང་རྩིས་སློབ་དེབ་དང་། འཛིན་གྲྭ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ། བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སློབ་དེབ་བཅས་བསྐྱར་ཞིབ་ཀྱིས་རྩོམ་སྒྲིག་ཞུ་བཞིན་ཡོད།

༤། བོད་སྒྱུར་ལས་གཞི།

གཏན་ཉིན་སློབ་ཁག་གི་དཔེ་ཀློག་རྒྱུ་ཆའི་མཐུན་རྐྱེན་ཇེ་བཟང་གཏོང་ཐབས་སུ་འཛམ་གླིང་གྲགས་ཅན་བྱིས་སྒྲུང་དང་། སློབ་ཁྲིད་དང་འབྲེལ་བའི་དཔེ་དེབ་སོགས་བོད་སྒྱུར་གྱིས་པར་སྐྲུན་ཞུ་ཡི་ཡོད།
ད་བར་དུ་བྱིས་སྒྲུང་ ༥༨ དང་། སྒྲུང་དེབ་གཞན་ཁག་བོད་སྒྱུར་གྱིས་པར་འགྲེམས་ཞུས་ཟིན་པ་དང་། བོད་སྒྱུར་བྱིས་སྒྲུང་བཅུ་ཟླ་བ་གཉིས་ཀྱི་ནང་པར་སྐྲུན་ཞུ་གཏན་འཁེལ་ཡོད།

༥། བྱིས་པའི་ཀློག་རྩལ་གོང་མཐོར་གཏོང་ཐབས་ལས་གཞི།

ལོ་གཅིག་ནང་གཞི་རིམ་བར་མ་དང་གོང་མའི་གནས་ཚད་དང་འཚམས་པའི་ཕ་ཡུལ་ཤེས་བྱའི་བང་མཛོད་བརྙན་དེབ་འདོན་ཐེངས་ ༡༠ དང་། གཞི་རིམ་འོག་མའི་སློབ་ཕྲུག་གི་གནས་ཚད་དང་འཚམས་པའི་དུས་དེབ་གངས་ལྗོངས་བྱིས་པའི་བརྙན་དེབ་འདོན་ཐེངས་གཅིག གཞན་ཡང་ཕ་ཡུལ་ཕྱོགས་བསྒྲིགས་དཔེ་དེབ་གཉིས་གསུམ་འདོན་སྤེལ་དང་། གླིང་སྒྲུང་སྙིང་བསྡུས་དཔེ་དེབ་གཅིག ཕྱི་ལོ་ ༢༠༡༨ དང་ ༢༠༡༩ ལོ་གཉིས་ཀྱི་ནང་བྱིས་པའི་རྩོམ་རིག་ལས་གཞིའི་འོག་བྱིས་པའི་སྒྲུང་དེབ་གསར་རྩོམ་ལྔ་རེ་ཞུས་ཡོད་པ་དང་། གཞི་རིམ་བར་མ་དང་གོང་མའི་གནས་ཚད་དང་འཚམས་པའི་མི་སྣ་གྲགས་ཅན་སོགས་ཀྱི་ལོ་རྒྱུས་དཔེ་དེབ་པར་སྐྲུན་དང་། དེ་བཞིན་བསྐྱར་སྐྲུན་བཅས་ཀྱི་ལམ་ནས་དཔེ་ཀློག་རྒྱུ་ཆ་མང་དུ་གཏོང་གི་ཡོད།
ད་བར་ལས་གཞི་འདིའི་འོག་ཕ་ཡུལ་ཤེས་བྱའི་བང་མཛོད་འདོན་ཐེངས་ ༢༠༦ བར་པར་སྐྲུན་ཞུས་ཟིན་པ་དང་། ཕ་ཡུལ་ཕྱོགས་བསྒྲིགས་དང་། གངས་ལྗོངས། གླིང་སྒྲུང་དོན་བསྡུས། སོན་རྩ་དེབ་ཕྲེང་། དཔེ་དེབ་གཞན་བཅས་བསྡོམས་ ༢༡༣ ཙམ་པར་འགྲེམས་དང་། དེ་མིན་གྱི་གཞོགས་འདེགས་ཀློག་དེབ་གཞན་ཉི་ཤུ་ལྷག་པར་འགྲེམས་ཞུས་ཡོད།
ཉེ་ཆར་འདི་ལས་ནས་བྱིས་པའི་ཀློག་རྩལ་གོང་མཐོར་གཏོང་ཐབས་སླད་བྱིས་པའི་ཀློག་སྦྱོང་བདེ་ལམ། ཞེས་པའི་དཔེ་དེབ་རིམ་པ་ ༤༠ ཅན་ཞིག་པར་འགྲེམས་ཞུས་ཡོད།

༦། སློབ་ཕྲུག་དང་དགེ་རྒན་གྱི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་ཐབས།

ཤེས་ཡོན་གྱི་ལས་གནས་ཐོག་ཡོད་པའི་བོད་རིགས་དགེ་ལས་དང་། མཁས་དབང་། ཤེས་ལྡན་ཐུགས་སྣང་ཅན་རྣམས་ལ་བོད་མིའི་རིག་གཞུང་སྤྱི་དང་། ཁྱད་པར་སློབ་གསོའི་ཆེད་ལས་ཐོག་ཉམས་མྱོང་བརྗེ་རེས་ཀྱིས་གོ་རྟོགས་དང་ངོས་འཛིན་གཏིང་ཟབ་ཡོང་སླད། ཕྱི་ལོ་ ༢༠༠༡ ལོ་ནས་འགོ་བཙུགས་པའི་ཤེས་རིག་ཅེས་པའི་དུས་དེབ་འདོན་ཐེངས་བཅུ་གཅིག་བར་རྩོམ་སྒྲིག་འགྲེམས་སྤེལ་ཞུས་ཟིན་པ་དང་། ཕྱི་ལོ་ ༢༠༡༨ ནས་བཟུང་དགེ་རྒན་གྱི་ཉམས་མྱོང་བརྗེ་རེས་རྩོམ་ཡིག་ཁག་བོད་ཡིག་སློབ་སྦྱོང་དྲྭ་ཚིགས་ཐོག་འགོད་སྤེལ་ཞུས་དང་ཞུ་མུས་དང་། དེ་བཞིན་ལོ་ལྟར་གཏན་ཉིན་སློབ་གྲྭ་ཁག་གི་འཛིན་རིམ་དྲུག་པ་ནས་བཅུ་གཉིས་བར་གྱི་བོད་ཡིག་ཕུལ་བྱུང་རྩོམ་ཡིག་ཁག་བདམས་བསྒྲིགས་ཀྱིས་སྨྱུག་གསར་ཞེས་པའི་དེབ་ཕྲེང་འདོན་སྤེལ་ཞུ་ཡི་ཡོད།
ད་བར་སྨྱུག་གསར་འདོན་ཐེངས་ ༢༥ བར་པར་འགྲེམས་ཞུས་ཡོད།

༧། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་ལས་གཞི།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་དགོངས་གཞི་དང་མཐུན་པ་སློབ་གྲྭ་ཁག་གི་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་ཚགས་ཚུད་ཡོང་ཐབས་སུ་ཟབ་སྦྱོང་དང་གོ་རྟོགས་ལས་རིམ། དཔེ་དེབ་པར་སྐྲུན། གཞན་ཡང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་རྒྱུ་ཆ་མཁོ་འདོན་བྱེད་ཀྱི་ཡོད།
ད་བར་དུ་རྒྱ་བལ་གཉིས་ཀྱི་ནང་ཡོད་པའི་བོད་པའི་གཞིས་ཆགས་དང་སློབ་གྲྭ་ཡོངས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་གྱི་གོ་རྟོགས་ལས་རིམ་ཐེངས་རེ་སྤེལ་ཟིན་པ་དང་། དགེ་རྒན་ལ་ཟབ་སྦྱོང་ཐེངས་ལྔ་དང་། དེ་འབྲེལ་དཔེ་དེབ་ལྔ་པར་སྐྲུན་ཞུས་ཟིན། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་འབྲེལ་བའི་དྲྭ་ཚིགས་ www.secularethics.net ཞེས་པར་ཕེབས་ན་དེ་འབྲེལ་གནས་ཚུལ་ཞིབ་ཕྲ་མཁྱེན་ཐུབ།

༨། འགུལ་བརྙན་དང་སྒྲ་དེབ་བཟོ་སྐྲུན་གྱི་ལས་གཞི།

བོད་པའི་བྱིས་པ་ཚོར་ཆུང་དུས་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ངོ་སྤྲོད་དང་། ལྷག་པར་དུ་ཆུང་བྱིས་པའི་དུས་ནས་བོད་སྐད་ཀྱི་ཉན་རྩལ་དང་བཤད་རྩལ་སྤུས་ཚད་ལྡན་པ་ཡོང་སླད། འདི་ལས་ནས་བྱིས་པའི་ཁམས་དང་མོས་པ་ལ་འཚམས་པའི་ཕྱོགས་ཚད་གཉིས་ལྡན་དང་གསུམ་ལྡན་གྱི་འགུལ་བརྙན་ཁག་དང་། དེ་བཞིན་བྱིས་པའི་འགུལ་བརྙན་གླུ་གཞས་དང་སྒྲ་དེབ་སོགས་བཟོ་སྐྲུན་ཞུ་ཡི་ཡོད།
ད་བར་དུ་སྒྲ་དེབ་ ༡༨ དང་། ཕྱོགས་ཚད་གཉིས་ལྡན་གྱི་འགུལ་བརྙན་གཉིས་བཟོ་སྐྲུན་དང་བཅུ་གཉིས་སྒྲ་འཇུག ཕྱོགས་ཚད་གསུམ་ལྡན་གྱི་འགུལ་བརྙན་ལྔ་བཟོ་སྐྲུན་དང་གཅིག་སྒྲ་འཇུག་ཞུས། བྱིས་པའི་འགུལ་བརྙན་གླུ་གཞས་བཅུ་བཟོ་སྐྲུན་ཞུས་ཟིན་པ་བཅས་སོ།།

Menu