༡༽ ལོ་འདིར་གཏན་ཉིན་སློབ་གྲྭ་ ༣༩ ནང་ཁྱོན་བསྡོམས་སློབ་ཕྲུག ༧༤༦༢ ཡོད་པ་དང་དགེ་རྒན་ལས་བྱེད་ ༥༢༨ ཡོད།
༢༽ སིམ་ལ་དང་རྡོར་གླིང༌། ཌལ་ཧོར་བཅས་གཏན་སློབ་གསུམ་དང་མའི་སོར་བྷེལ་ཀོབ་དང༌། མན་སྤར་ཉིན་སློབ་གཉིས་ཀྱི་ཁོངས་སུ་ཡོད་པའི་འཛིན་རིམ་ ༡༡ པའི་སློབ་ཕྲུག་རྣམས་མ་སུ་རིར་ཟླ་བསྒྲིལ་བྱས་པས་ཁྱོན་གཞི་རིམ་གོང་མ་སློབ་ཐོན་གྱི་ཡིག་རྒྱུགས་གཏོང་མཁན་ ༡༤༣ བྱུང༌། དེའི་ནང་ཨང་སྡེ་དང་པོ་ལོན་པ་ ༡༥ ཨང་སྡེ་གཉིས་པ་ ༧༩ གསུམ་པ་ ༡༨ སློབ་ཚན་གཅིག་བསྐྱར་རྒྱུགས་གཏོང་དགོས་པ་ ༡༦ རྒྱུགས་མ་འཕྲོད་པ་ ༡༣ ནད་མནར་གྱིས་ཡིག་རྒྱུགས་སུ་ཞུགས་མ་ཐུབ་པ་ ༢ བཅས་བྱུང༌།
༣༽ རྒྱུགས་འཕྲོད་པ་ཁྱོན་ ༡༡༢ ཡོད་པའི་ཁོངས་ནས་ནད་མནར་སོགས་དམིགས་བསལ་དཀའ་ངལ་འཕྲད་པ་ཕུད་དེ་མིན་ཚང་མར་མཐོ་སློབ་དང་དགེ་རྒན་འོས་སྦྱོང༌། གསར་འགོད། སྨན་ཞབས། དྲུང་ཡིག་སློབ་སྦྱོང་སོགས་ཀྱི་གོ་སྐབས་སྤྲད།
༤༽ གོང་གསལ་གཞི་རིམ་གོང་མ་སློབ་ཐོན་ ༡༡༢ ཁོངས་ནས་ ༣༩ གཞི་རིམ་དགེ་རྒན་འོས་སྦྱོང་དུ་བཏང་བ་དང༌། དེ་བཞིན་སྔ་ལོ་དང་འདི་ལོ་ཉེ་བའི་གཙུག་ལག་རབ་འབྱམས་པ་སྐྱ་རྐྱཐོན་པ་ཁོངས་ནས་སློབ་ཕྲུག ༡༣ ལྷག་འབྲིང་རིམ་དགེ་རྒན་འོས་སྦྱོང་དང༌། གཙུག་ལག་རབ་འབྱམས་པ་རྒྱ་རྐྱསློབ་ཐོན་ ༢ བྱུང་བའི་ནང་ནས་གཅིག་འདི་ལོ་མཐོ་རིམ་དགེ་རྒན་འོས་སྦྱོང་དང༌། གཞན་དེ་རྗེས་ལོ་མཐོ་རིམ་དགེ་རྒན་འོས་སྦྱོང་དུ་གཏོང་གཏན་འཁེལ་བ་བཅས་དགེ་རྒན་ཚད་ལྡན་ཡོང་བར་ཤུགས་སྐྱེད་ནུས་འདོན་བྱས།
༥༽ སྔ་ལོ་མ་སུ་རི་དང་ཅན་དྷི་སྒར་ཁུལ་མཐོ་སློབ་ནང་ཚན་རིག་སློབ་གཉེར་བྱེད་མུས་འཛིན་གྲྭ་ ༡༡ པའི་བོད་ཕྲུག་ཚོར་ཨང་རྩིས་འཕར་སློབ་གནང་རྒྱུ་འཆར་འགོད་གཏན་འཁེལ་ལྟར་དགུན་ཁའི་གུང་གསེང་རིང་ཨང་རྩིས་དམིགས་བསལ་འཕར་སློབ་བྱས་འབྲས་སུ། མ་སུ་རིའི་ཚན་རིག་སློབ་ཕྲུག་ཁྱོན་ ༡༠ ཡོད་པ་ནས་ ༨ ཨང་སྡེ་དང་པོ་དང༌། ༢ ཨང་སྡེ་གཉིས་པ། ཅན་དྷི་སྒར་དུ་ཚན་རིག་འཛིན་རིམ་ ༡༡ འགྲིམས་མཁན་ཕལ་མོ་ཆེར་ཡང་དེ་བཞིན་བྱུང་བར་བརྟེན། ལོ་རྗེས་མ་ནས་འཛིན་རིམ་ ༡༡ གི་ཡིག་རྒྱུགས་གཏོང་མཁན་རྣམས་དགུན་ཁའི་གུང་གསེང་དུ་མ་བཏང་བར་སློབ་ཚན་སྐྱོ་བ་གང་ཡིན་ཐད་སློབ་སྦྱོང་འཕར་མ་སྤྲོད་གཏན་འཁེལ།
༦༽ སློབ་གྲྭ་ཁག་གི་དམའ་རིམ་འཛིན་གྲྭ་རྣམས་སུ་དགེ་རྒན་ལྡང་ངེས་མེད་པར་བརྟེན། མཐོ་སློབ་འགྲིམས་བཞིན་པའི་བོད་ཕྲུག་ཚོའི་ཁོངས་ནས་འགྲོ་མོས་ཡོད་པ་ ༣༦ དབྱར་ཁའི་གུང་གསེང་རིང་གཏན་ཉིན་སློབ་ཁག་ཏུ་དགེ་སྣོན་ཞེས་མིང་བཏགས་ཏེ་བཏང༌། དེ་ཡང་གཏན་སློབ་ཏུ་སྡོད་ཟས་གཉིས་ཀ་ཡོད་སྟབས་ཟླ་རེར་འཚོ་སྣོན་སྒོར་ ༥༠ དང༌། ཉིན་སློབ་རང་རང་གི་གཞིས་སྒར་དང་འབྲེལ་མཚུངས་འཁེལ་ཐབས་གཙོ་འདོན་ཐོག་འཚོ་སྣོན་སྒོར་ ༡༥༠ རེ་གནང༌། དེ་བཞིན་རྡོར་གླིང་གཏན་སློབ་ནས་འདི་ལོ་ཐོན་མཁན་བུ་མོ་ ༤ ཡོད་པའི་ཡིག་རྒྱུགས་དུས་ཚོད་ཕྱི་ཟླ་ ༡༡ བར་འཕར་འགྱངས་གྱུར་སྟབས། དུས་ཡུན་དེའི་རིང་འཚོ་སྣོན་སྤྲད་དེ་རྡོར་གླིང་དང་ཁར་ཤང༌། ཀ་སྦུག སོ་ན་མདའ་བཅས་སུ་དགེ་སྣོན་དུ་བཏང༌། དགེ་སྣོན་དུ་བཏང་བའི་སློབ་ཕྲུག་འདི་དག་གིས་སློབ་གྲྭའི་ནང་འཆར་འཕར་ལས་དོན་ཁག་ལྷག་བསམ་ཆེན་པོས་འབད་སྒྲུབ་བྱས་པར་བརྟེན་ཕན་ཐོགས་ཆེན་པོ་བྱུང༌།
༧༽ བཞུགས་སྒར་ཁུལ་བུ་ཕྲུག་ཆུང་ཆུང་ཡོད་རིགས་སྲི་ཞུའི་ལས་བྱེད་པ་རྣམས་ཀྱིས་བུ་རྫི་གླ་ཉར་མི་ཐུབ་པར་བརྟེན་དཀའ་ངལ་ཆེན་པོ་འཕྲད་མུས་སེལ་ཐབས་སུ་སུད་ཌན་ཨའེ་ཨེམ་རོགས་ཚོགས་ལ་འབོད་སྐུལ་གྱིས་གངས་ཅན་སྐྱིད་གཤོངས་སུ་ལོ་འདིའི་ཟླ་བ་ ༨ ཚེས་ ༡ ནས་བུ་བཅོལ་ཁང་ཞིག་འགོ་འཛུགས་བྱས། བུ་བཅོལ་ཁང་གི་འཛིན་སྐྱོང་དྷ་ས་བོད་ཕྲུག་ཁྱིམ་སྡེར་གནང་རོགས་ཞུས་པ་ལྟར་ཞལ་བཞེས་གནང༌།
༨༽ སློབ་ལོ་མ་སོན་པའི་བུ་ཕྲུག་ཉིན་སློབ་ཏུ་སློབ་འཇུག་གནང་གི་མེད་པར་བརྟེན། དེ་འདྲའི་བུ་ཕྲུག་མང་ཤོས་ལྷོ་ཕྱོགས་མའི་སོར་གྱི་གཞིས་ཆགས་ཁག་ཏུ་སྔོན་འགྲོའི་སློབ་གྲྭ་འཛུགས་རྒྱུར་བོད་ཕྲུག་ཁྱིམ་སྡེ་ནས་རོགས་རམ་གནང་རོགས་ཞུས་པ་ལྟར་ཞལ་བཞེས་བྱུང་བ་ལྟར་འབྲེལ་ཡོད་གཞིས་འགོ་ཁག་གིས་བོད་ཁྱིམ་ལ་འབྲེལ་བ་ཞུས་ཏེ་སྔོན་འགྲོའི་སློབ་གྲྭ་འཛུགས་དགོས་པའི་བཀོད་ཁྱབ་བྱས།
༩༽ འབུམ་ལྡེ་ལ། སོ་ན་མདའ། སོ་ལན་བོན་གཞིས་བཅས་ཀྱི་སློབ་གྲྭ་རྣམས་འདི་ལོ་ཕྱི་ཟླ་ ༣ ནས་བོད་སློབ་འཛིན་ཚོགས་ཀྱིས་རྩིས་ལེན་གནང༌།
༡༠༽ ༡༩༧༤ ལོར་བོད་ཕྲུག ༢༠༠༠ ཙམ་ལ་སློབ་འཇུག་གི་གོ་སྐབས་ཐོབ་མེད་པ་ཤེས་རྟོགས་བྱུང་བ་ལྟར། རྒྱ་གར་བོད་སློབ་འཛིན་ཚོགས་སུ་ཞུ་སྐུལ་བྱས་འབྲས་བོད་ཕྲུག་མཐའ་སྐྱོ་གྲངས་ ༢༥ གླ་མེད་དང༌། དེ་མིན་ཕྲུ་གུ་རེ་ནས་སློབ་དོད་ཟླ་རེར་སྒོར་ ༡༠༠ རེ་ཕུལ་ཕྱིན་བོད་ཕྲུག༌༡༠༠༠ ཐམ་པ་ ༡༩༧༦ ཕྱི་ཟླ་ ༣ ནང་སློབ་དུས་གསར་ཚུགས་སྐབས་སློབ་འཇུག་བྱས་འཐུས་བཀའ་འཁྲོལ་བྱུང༌། དེར་བརྟེན་ཤེས་རིག་ལས་ཁུངས་ཀྱིས་མི་སྣ་ཆེད་བརྫངས་ཀྱིས་སློབ་འཇུག་མིང་ཐོ་བསྡུ་ལེན་དང་སྦྲགས་སློབ་དོད་སྒོར་ ༡༠༠ ཆ་ཚང་འབུལ་མོས་ཅན་ཇི་ཡོད་བརྟག་ཞིབ་སྐབས། སློབ་དོད་ཆ་ཚང་འབུལ་ཐུབ་མཁན་ཁྱོན་བོད་མི་ ༡༡༨ ཙམ་ལས་མེད་པ་ཤེས་རྟོགས་བྱུང༌། དེར་བརྟེན་སློབ་དོད་རྩ་བ་ནས་འབུལ་མི་ཐུབ་མཁན་དང་སྣེ་སེལ་མ་གཏོགས་འབུལ་མི་ཐུབ་མཁན་རྣམས་ཀྱི་ཕྲུ་གུའི་སློབ་དོད་མ་ལྡང་བ་ཇི་ཡོད་ཤེས་རིག་ལས་ཁུངས་ཀྱིས་ཛ་དྲག་ཐབས་འཚོལ་ཞུ་གཏན་འཁེལ།
༡༡༽ པ་ཆ་མ་རིའི་བཟོ་ལས་སློབ་གྲྭའི་སློབ་རྒྱུན་ཆད་སྟབས་བར་སྐབས་སྒོ་བརྒྱབས་ཀྱང་དེང་སྐབས་གཞི་རིམ་གོང་མ་སློབ་ཐོན་ཇེ་མང་དུ་འགྲོ་བཞིན་པ་ལྟར་ ༡༩༧༦ ཟླ་ ༣ ནས་བསྐྱར་དུ་སྒོ་ཕྱེ་ནས་སློབ་ཕྲུག ༤༠ གཏོང་གཏན་འཁེལ།
༡༢༽ ༡༩༧༣ ལོར་བཙུགས་པའི་ཤེས་རིག་སློབ་སྟོན་གྲོས་ཚོགས་ཀྱི་ལས་དོན་མུ་མཐུད་ཡོད་ཅིང༌། ལོ་འདི་ཕན་ལ་ལྷན་ཚོགས་ཐེངས་གཉིས་གནང་ཟིན།
༡༣༽ ལོ་འདི་དག་ཏུ་དེ་སྔོན་བསྐོ་བཞག་བྱས་པའི་འཕྲལ་སེལ་དགེ་རྒན་རྣམས་ཀྱི་ཚབ་ཏུ་འོས་སྦྱོང་ཡོད་པའི་དགེ་རྒན་བསྐོ་བཞག་བྱ་རྒྱུ་གཙོ་འདོན་བྱས་པར་བརྟེན། གཏན་འཇགས་དང་ཉིན་མོའི་སློབ་གྲྭ་ཁག་གི་ནང་དགེ་རྒན་ཕལ་མོ་ཆེ་འོས་སྦྱོང་ཡོད་པ་ཤ་སྟག་བསྐོ་ཐུབ་པ་བྱུང༌། འོན་ཀྱང་བཟོ་ཚོགས་ཁོངས་དང་བལ་ཡུལ་ནང་ད་དུང་དགེ་རྒན་འོས་སྦྱོང་མ་ཐོབ་པ་ཡོད་མུས་ཡིན།
༡༤༽ ཕ་མས་ཕྲུ་གུའི་སློབ་སྦྱོང་ལ་མཐོང་ཆེན་མ་བྱས་པར་སློབ་གྲྭ་ནས་གུང་གསེང་དུ་བླངས་རྗེས་མུ་མཐུད་སློབ་གྲྭར་ཕྱིར་སྐྱེལ་མི་བྱེད་པ་དང་སློབ་གྲྭ་ནས་ཕྱིར་འཐེན་བྱེད་པའི་གནས་ཚུལ་དེ་སྔོན་ནས་ཡོད་མུས་ལྟར། བར་ལམ་བྱེད་སྟངས་དེ་རིགས་ཕྲུ་གུ་སྒེར་དང་མི་རིགས་ཀྱི་མདུན་ལམ་ལ་ཕུགས་སྐྱོན་ཆེན་པོ་ཡིན་པའི་འགྲེལ་བཤད་གཞིས་འགོ་བདེ་དོན་བརྒྱུད་རིམ་བསྟུད་བྱས་པར་བརྟེན། རིམ་པས་ཡར་རྒྱས་ཀྱིས་ལོ་འདིར་གུང་གསེང་རྗེས་སློབ་གྲྭར་ཕྱིར་ལོག་མ་བྱས་པ་ཁྱོན་བསྡོམས་ ༥༤ ལས་མ་བྱུང༌། ལོ་འདི་ནས་བཟུང་གུང་གསེང་དུ་ལེན་པར་ཡོང་སྐབས། གུང་གསེང་རྗེས་ཕྲུ་གུ་སློབ་གྲྭར་དུས་ཐོག་སྐྱེལ་རྒྱུའི་ས་གནས་གཞིས་འགོ་བདེ་དོན་གྱི་འགན་ལེན་ངོས་སྦྱོར་མེད་རིགས་གུང་གསེང་དུ་མི་གཏོང་བའི་གཏན་འབེབས་གསར་ཤོག་ཁག་བརྒྱུད་གསལ་བསྒྲགས་བྱས།
༡༥༽ འཛིན་གྲྭ་ ༣ ནས་ ༨ བར་གྱི་བོད་ཡིག་སློབ་དེབ་ལ་བསྐྱར་ཞིབ་ཟིན་པའི་ཟིན་བྲིས་ཡང་བསྐྱར་བོད་དགེ་རྣམས་དང་མཁས་པ་ཁག་ལ་བཏང་སྟེ་དགོངས་འཆར་བསྡུས་མཇུག་བསྐྱར་བཅོས་དང་ཞུ་དག་བྱས་ཏེ་ལོ་འདིར་པར་སྐྲུན་བྱེད་འགོ་བཙུགས། དེ་བཞིན་སྔོན་འགྲོ་ནས་འཛིན་རིམ་ ༣ བར་གྱི་སློབ་དེབ་རྣམས་ཀྱང་ཕྲུ་གུའི་བློ་དང་འཚམས་པར་བཟོ་བཅོས་ཀྱིས་ཟིན་བྲིས་བཀོད་ཟིན་པར་དགེ་རྒན་དང་མཁས་པ་ཁག་གི་དགོངས་འཆར་བསྡུས་ཏེ་པར་འདེབས་བྱེད་འཆར་བཟོས། པར་སྐྲུན་འགྲོ་སོང་ཁྱོན་ཆེ་གནས་པའི་རིན་འབབ་ཕྱེད་ཀ་བོད་སློབ་འཛིན་ཚོགས་ནས་རོགས་རམ་གནང་རོགས་ལན་མང་ཞུས་ཀྱང་དོན་སོན་མ་བྱུང་བར་བརྟེན། པར་སྐྲུན་ཟིན་མཚམས་བོད་སློབ་འཛིན་ཚོགས་ནས་སྔོན་བཞིན་རིན་མེད་མ་ཡིན་པར་དབྱིན་ཇི་དང་ཚན་རིག་སློབ་དེབ་སོགས་དང་སྤྱི་མཚུངས་རིན་འབབ་སྤྲད་དེ་ཉོ་རོགས་གནང་ཞུ་རྒྱུར་ཐག་ཆོད།
༡༦༽ ལོ་འདིར་ཡང་སློབ་གྲྭའི་ལས་དོན་ལ་མྱོང་རྒྱུས་ཆེ་བའི་བྱམས་ཆེན་སྤྲུལ་སྐུ་མའི་སོར་གཞིས་ཆགས་ཁག་བཞིའི་སློབ་གྲྭ་ཁག་ལ་ཕྱི་ཟླ་ ༣ ནང་དང༌། ཏེ་ཛུ་དང་ཅང་ལང་གཞིས་སློབ་ཏུ་ཕྱི་ཟླ་ ༡༡ ནང་ཤེས་ཡོན་རྟོག་ཞིབ་ཏུ་ཆེད་གཉེར་གནང་བ་ལྟར། ཁོང་གིས་སློབ་གྲྭའི་ལས་དོན་སྤྱི་དང་སློབ་ཁྲིད་བྱེད་སྟངས། འཛིན་སྐྱོང་སོགས་ལ་ཞིབ་འཇུག་གནང་སྟེ་དགེ་སྐྱོན་ཇི་ཡོད་གཞིས་འགོ་དང་དགེ་རྒན་ཕ་མའི་འཐུས་མིའི་མདུན་གསལ་བརྗོད་ཐག་གཅོད་གནང་སྟེ་ཕན་ཐོགས་ཆེན་པོ་བྱུང༌། དེ་བཞིན་བོད་གཞུང་ཤེས་རིག་བཀའ་བློན་མཆོག་དང་རྒྱ་གར་དབུས་ཤེས་རིག་ཟུང་དྲུང༌། བོད་སློབ་འཛིན་ཚོགས་ཀྱི་དྲུང་ཆེ་བཅས་ཌལ་ཧོར་དང༌། མ་སུ་རི། སིམ་ལ། བྷན་དྷ་ར་ནོར་རྒྱས་གླིང༌། འབྲས་ལྗོངས་དབྱིན་ཅན། འབྲས་ལྗོངས་ཀིའུ་ཛིང་ཇ་ཞིང་སློབ་གྲྭ། རྡོར་གླིང༌། ཁར་ཤང༌། མི་རིགས། སོ་ན་མདའ། ཀ་སྦུག་བཅས་སུ་ཤེས་ཡོན་རྟོག་ཞིབ་ཀྱིས་ས་གནས་ས་ཐོག་སོ་སོར་གནས་ཚུལ་ཐག་གཅོད་གནང༌། འདིའི་རྗེས་ནས་ལོ་ལྟར་ཤེས་ཡོན་རྟོག་ཞིབ་རྒྱས་བསྡུས་ལ་མ་ལྟོས་པར་གནང་ཡོད་སྟབས་ལོ་རྒྱུས་ནང་དམིགས་བསལ་གསལ་ཁ་བཏོན་ཏེ་བྲིས་མེད།
༡༧༽ ཡིད་ཆེས་སློབ་ཡོན་མ་དངུལ་འཛུགས་རྒྱུ་ལས་སློབ་ཕྲུག་གྲངས་བཅད་ལ་སློབ་ཡོན་ཐབས་འཚོལ་བྱས་ན་ཕན་ཆ་ཆེ་བའི་ངོས་འཛིན་སྔོན་ཟིན་ཐོག འདི་ལོ་ནས་བོད་ཕྲུག་མཐའ་སྐྱོ་གཏན་སློབ་ནང་སློབ་འཇུག་ཞུ་དགོས་ཁག་གི་སློབ་གྲོན་མ་ལྡང་བ་ཇི་ཡོད་ཐབས་འཚོལ་ཞུ་དགོས་སྟབས། འདིའི་ཐད་ཕྱི་རྒྱལ་རོགས་ཚོགས་དང་སྦྱིན་བདག་ཁག་ལ་དུས་ཐོག་འབྲེལ་བ་བྱེད་མཁན་ལས་བྱེད་རྗེས་ལོ་ནས་ཆེད་འཛུགས་གནང་གཏན་འཁེལ།
༡༨༽ སློབ་ཐོན་པ་ཇེ་མང་དུ་འགྲོ་བཞིན་པར་བརྟེན་ལོ་འདིའི་ནང་མ་འོངས་སློབ་ཐོན་དེ་དག་གི་མདུན་ལམ་བཀོད་སྒྲིག་གི་འཆར་འགོད་བྱེད་ཕྱོགས་ཐད་གོ་བསྡུར་ཤུགས་ཆེ་བྱུང་ཡོད་ཅིང༌། དེ་ཡང་འཕྲལ་སེལ་རྒྱ་གར་ནང་ལས་ཀ་ཐོབ་བདེ་བ་ཞིག་དང་ཕུགས་སུ་བོད་ནང་བེད་སྤྱོད་གཏོང་ཐུབ་པ་ཞིག་དགོས་པ་དེ་རྩ་དོན་ཡིན་པར་ངོས་འཛིན་བྱས། འོན་ཀྱང་སློབ་ཐོན་པ་ཚང་མར་བོད་མིའི་སྤྱི་ཚོགས་ནང་ལས་ཀ་ཐོབ་དཀའ་བས་ཕྱིའི་སྤྱི་ཚོགས་ནང་ལས་ཀ་ཐབས་འཚོལ་མ་བྱེད་ཀ་མེད་ཡོང་རྒྱུ་དང༌། དེ་ལྟར་བྱས་ན་བོད་མི་རྣམས་མཉམ་དུ་གཞིས་ཆགས་ཀྱིས་རང་གི་ཆོས་རིག་མི་ཉམས་རྒྱུན་འཛིན་ཐུབ་ཐབས་ཀྱི་རྩ་དོན་ལ་གནོད་ཉེན་སོགས་གནད་དོན་མང་པོ་ཞིག་ལ་ཐུག་ཡོད་སྟབས་བབས་བརླིང་བརྟན་གསུམ་གྱི་ཐག་གཅོད་དགོས་པའི་ངོས་འཛིན་བྱུང༌།
༡༩༽ གཞིས་ཆགས་ཉིན་མོའི་སློབ་གྲྭ་ཆེ་ཁག་ཏུ་བོད་རིགས་འགན་འཛིན་བྱེད་པོ་རེ་བསྐོ་བཞག་བྱས་ཆོག་པ་ཞེས་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ལ་ཞུས་པར། དེ་ལྟར་གནང་ཐབས་མེད་པས་དེའི་ཚབ་ཏུ་ས་གནས་ཁག་ཏུ་དགེ་རྒན་ཕ་མའི་ཚོགས་ཆུང་ཆེད་འཛུགས་གནང་ན་འཐུས་ཞེས་གསུངས་པ་ལྟར་འཛུགས་གཏན་འཁེལ།