༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༥ ཚེས་ ༢༦ ཉིན་སྐབས་ ༢༢ སློབ་ཐོན་སྨན་པ་རྣམས་ལ་ཀྲུང་ལུགས་སྐམ་ཁབ་དང་གསོ་རིག་འཇམ་དཔྱད་ཀྱི་ཟབ་སྦྱོང་། སྐབས་ ༡༢ སློབ་ཐོན་སྐར་རྩིས་པ་རྣམས་ལ་སྐར་རྩིས་ལག་ལེན་གྱི་ཟབ་སྦྱོང་ལེགས་པར་གྲུབ་པའི་མཇུག་བསྡོམས་མཛད་སྒོ་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༤༥ ཐོག་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་ནང་དུ་ཚོགས་པའི་ཟབ་སྦྱོང་དེའི་མཇུག་བསྡོམས་མཛད་སྒོར་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་དང་། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་ཚེ་རིང་ལགས། སྨན་རྩིས་རིག་གཞུང་འགན་འཛིན་སྨན་པ་ཚེ་རིང་ནོར་བུ་ལགས། སྤྱི་ཁྱབ་དྲུང་ཆེ། ཡག་ལག་སྤྱི་ཁྱབ་འགན་འཛིན། ཟབ་ཁྲིད་དགེ་རྒན་རྣམ་པ། ཟབ་སྦྱོང་གི་ཚོགས་བཅར་བ་བཅས་ལྷན་འཛོམས་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་སྣང་གསལ་མར་མེ་ཞལ་ཕྱེ་གནང་གྲུབ་མཚམས་གཡུ་ཐོག་གསོལ་འདེབས་རྟ་དབྱངས་དང་བཅས་པ་གསུང་འདོན་གནང་ཐོག་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས།
དེ་ནས་སྨན་རྩིས་རིག་གཞུང་འགན་འཛིན་སྨན་པ་ཚེ་རིང་ནོར་བུ་ལགས་ཀྱིས་ཟབ་སྦྱོང་གི་ལས་བསྡོམས་སྙིང་བསྡུས་ཤིག་སྒྲོགས་སྦྱང་གནང་རྗེས་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་སྐམ་ཁབ་ཟབ་ཁྲིད་དགེ་རྒན་དང་ཟབ་སྦྱོང་དུ་འཛུལ་ཞུགས་གནང་མཁན་རྣམས་ལ་ཕྱག་འཁྱེར་དང་། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་ཚེ་རིང་ལགས་ཀྱིས་འཇམ་དཔྱད་ཟབ་ཁྲིད་དགེ་རྒན་དང་ཟབ་སྦྱོང་དུ་འཛུལ་ཞུགས་གནང་མཁན་རྣམས་ལ་ཕྱག་འཁྱེར། དེ་བཞིན་སྤྱི་ཁྱབ་དྲུང་ཆེ་ནས་སྐར་རྩིས་ཟབ་ཁྲིད་དགེ་རྒན་དང་ཟབ་སྦྱོང་དུ་འཛུལ་ཞུགས་གནང་མཁན་རྣམས་ལ་ཕྱག་འཁྱེར་གནང་གྲུབ་བསྟུན་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་ལྷ་ལྡན་འགྲོ་ཕན་སྨན་རྩིས་གླིང་ཕྱག་བཏབ་ནས་ལོ་ངོ་ ༡༠༩ འགྲོ་བཞིན་ཡོད་སྐོར་གསུང་ཞིང་། འདས་པའི་ལོ་ཡུན་ནང་བོད་ཀྱི་ཐུན་མོང་མ་ཡིན་པའི་གསོ་རིག་གཞུང་ལུགས་འདི་ཉིད་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་། རྒྱལ་སྤྱིའི་སྟེང་ཁྱབ་སྤེལ་གྱིས་ཕན་ཐོགས་རྒྱ་ཆེ་བྱུང་ཡོད་པ་འདི་ནི་གཙོ་བོར་གསོ་བ་རིག་པའི་སྨན་པ་རྣམས་ཀྱིས་བྱམས་བརྩེ་དང་གཞན་ཕན་གྱི་སྒོ་ནས་ནད་པར་བསྟེན་གཏུག་བྱས་པའི་ཕྱག་བཞེས་ལས་བྱུང་ཡིན་པར་བོད་ཀྱི་གསོ་བ་རིག་པ་འདིའི་ཐོག་སྔར་ནས་ད་བར་ཕྱག་ལས་གནང་མཁན་འབྲེལ་ཡོད་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།
གཞན་ཡང་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ནས་མང་ཚོགས་ཀྱི་འཕྲོད་བསྟེན་ལ་གཙིགས་ཆེར་འཛིན་བཞིན་ཡོད་པར་བོད་ཀྱི་གསོ་བ་རིག་པའི་ངོས་ནས་ཀྱང་མང་ཚོགས་ཁྲོད་ཟས་དང་སྤྱོད་ལམ་བསྟེན་ཚུལ་དང་། ནད་རིགས་སྔོན་འགོག་གི་གོ་རྟོགས། བཅོས་ཐབས་སོགས་མང་ཚོགས་ཀྱི་འཕྲོད་བསྟེན་ཐོག་ཤུགས་སྣོན་འཕར་མ་བསྐྱོན་དགོས་པའི་ཞབས་བསྐུལ་གནང་བ་མ་ཟད། བོད་ཀྱི་གསོ་བ་རིག་པའི་སྨན་པ་རྣམ་པས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་བཟང་སྤྱོད་ལྡན་པ་གང་ཞིག་གཞན་ལ་ཕན་སེམས་ཀྱི་སྒོ་ནས་ནད་པར་བསྟེན་གཏུག་དགོས་སྐོར་གསུངས།
གཞི་རྩའི་སྐབས་ ༢༢ པའི་སློབ་ཐོན་སྨན་པ་རྣམས་ལ་ཟླ་བ་གཅིག་གི་རིང་ཀྲུང་ལུགས་སྐམ་ཁབ་ཟབ་སྦྱོང་དང་། ཉིན་གྲངས་ ༤༥ རིང་གསོ་རིག་འཇམ་དཔྱད་ཀྱི་ཟབ་སྦྱོང་། སྐབས་ ༡༢ པའི་སློབ་ཐོན་སྐར་རྩིས་པ་རྣམས་ལ་ཉིན་གྲངས་ ༤༠ རིང་སྐར་རྩིས་ལག་ལེན་གྱི་ཟབ་སྦྱོང་ཕུལ་ཡོད་པ་བཅས།།