༡ རྗེས་འཇུག་རྟགས་ཀྱི་དབྱེ་བ་ངོས་བཟུང་བ།
རྩ་བར།
རྗེས་འཇུག་ཡི་གེ་བཅུ་པོ་ཡི།།
ག་ད་བ་ས་བཞི་རྣམས་ཕོ།།
ང་མ་འ་གསུམ་མོ་ཡིན་ཞིང༌།
ན་ར་ལ་གསུམ་མ་ནིང་སྟེ།།
མིང་གཞིའི་ཡི་གེ་ཀུན་ལ་འཇུག །
ཅེས་བྱུང༌། དེའི་དོན་ནི། སྤྱིར་རྗེས་འཇུག་གི་ཡི་གེའི་རྟགས་ཀྱི་དབྱེ་བ་འཆད་སྐབས་མཁས་པ་ཚོའི་བཞེད་པ་གཅིག་མཐུན་མིན་ནའང༌། འདིར་སི་ཏུ་པཎ་ཆེན་གྱི་རྗེས་སུ་ཞུགས་ཏེ། ཕོ་དང་མོ་དང་མ་ནིང་གསུམ་དུ་དབྱེ་ཡོད་པ་སྟེ། རྗེས་འཇུག་ཡི་གེ་བཅུ་པོ་འདི་དག་མིང་གཞིའི་ཡི་གེ་ཀུན་ལ་འཇུག་པ་ཡིན་ཞེས་པའོ།། དེ་ལ་འདིར་རྗེས་འཇུག་རྣམས་ཕོ་མོ་མ་ནིང་གསུམ་དུ་དབྱེ་བ་ནི། རྗེས་འཇུག་དེ་ཉིད་མིང་གཞིའི་ཡི་གེ་ལ་ཞུགས་པ་ལས་བརྗོད་པའི་སྒྲ་གདངས་དྲག་ཞན་བར་མ་གསུམ་དུ་འགྱུར་བའི་ཆ་ནས་ཕོ་མོ་མ་ནིང་གསུམ་དུ་དབྱེ་བ་ཡིན།
༢ རྗེས་འཇུག་རྣམས་ཇི་ལྟར་འཇུག་པའི་ཚུལ་བཤད་པ།
རྩ་བར།
ཇི་ལྟར་འཇུག་ཚུལ་གཉིས་ཡིན་ཏེ།།
ཞེས་བྱུང༌། དེའི་དོན་ནི། རྗེས་འཇུག་རྣམས་ཇི་ལྟར་འཇུག་པའི་ཚུལ་ལ་གཉིས་ཏེ། སྒྲའི་འཇུག་ཚུལ་དང་དོན་གྱི་འཇུག་ཚུལ་གཉིས་ཡོད་ཅེས་པའོ།།
༡ སྒྲ་ཡི་འཇུག་ཚུལ་ནི།
རྩ་བར།
དང་པོ་སྒྲ་ཡི་འཇུག་ཚུལ་ནི།།
ཞེས་བྱུང༌། དེའི་དོན་ནི། ག་ད་བ་ས་བཞི་མིང་གཞིའི་རྗེས་སུ་ཞུགས་པའི་ཚེ་སྒྲ་ཤུགས་ཆེ་བ་སྟེ། དཔེར་ན། རྟག བསྡད། གདབ། བཀས་ལྟ་བུ་རྣམས་སྒྲ་ཤུགས་ཆེ་བ་དང༌། ཡང༌། ང་མ་འ་གསུམ་མིང་གཞིའི་རྗེས་སུ་ཞུགས་པས་སྒྲ་ཤུགས་ཞན་པར་འགྱུར་བ་སྟེ། དཔེར་ན། རང༌། སྤམ། གནའ་ལྟ་བུ། ན་ར་ལ་གསུམ་མིང་གཞིའི་རྗེས་སུ་ཞུགས་པས་སྒྲ་ཤུགས་དྲག་ཞན་པར་འགྱུར་བ་སྟེ། དཔེར་ན། ནོན། གར། རོལ་ལྟ་བུ་རྣམས་དལ་བུས་བཀླགས་པས་ཤེས་སོ།།
དེ་ལ་འདིར་སྤྱིའི་དབང་དུ་བྱས་ཏེ་ཕོ་མོ་མ་ནིང་གསུམ་དུ་དབྱེ་བ་དེ་ལྟར་མཛད་ནས། དེ་དག་ནང་གསེས་ཀྱི་དབྱེ་བར་ནི། ཕོ་ལ་ནང་གསེས་སྒྲ་རྩོལ་དྲག་ཞན་དང་ཤིན་ཏུ་ཞན་པ་བཅས་རྒྱུ་མཚན་དུ་བྱས་ཏེ་སྐྱེས་བུ་རབ་འབྲིང་གསུམ་དུ་དབྱེ་ཡོད་པ་སྟེ།
རྩ་བར།
ཕོ་ཡིག་ག་ཡི་ཡང་འཇུག་ཅན།།
སྐྱེས་བུ་རབ་དང་་་ ་་་
ཞེས་རྗེས་འཇུག་གི་ཕོ་ག་ཡིག་ལ་ཡང་འཇུག་ཞུགས་ན་སྒྲ་ཤུགས་ཆེ་སྟབས་དེར་སྐྱེས་བུ་རབ་ཟེར་བ་སྟེ། དཔེར་ན། དཔེ་དེབ་བཀླགས། མ་ཐོས་མེད་པར་བསྒྲགས། ཇི་བཞིན་གཟིགས། རྒྱལ་བའི་ཐུགས། མཐའ་ལ་གཏུགས་སོགས་ཀྱིས་མཚོན།
རྩ་བར།
་་་ ་་་་་ ་་་་་ ་་་་ ཕོ་ཡིག་བ།།
ཡང་འཇུག་ཅན་ནི་སྐྱེས་བུ་འབྲིང༌།།
ཞེས་རྗེསའཇུག་གི་ཕོ་ཡིག་བ་ཡང་འཇུག་ཅན་ཡིན་ན་སྒྲ་ཤུགས་འབྲིང་ཙམ་དུ་འབྱུང་བས་སྐྱེས་བུ་འབྲིང་ཟེར་བ་སྟེ། དཔེར་ན། ཐབས། བྱབས། ཆབས། གཏབ། བསྒྲུབས། སོགས་མང༌།
རྩ་བར།
ག་བ་ཡང་འཇུག་མེད་པ་དང༌།།
ད་སའི་མཐའ་ཅན་ཐ་མ་སྟེ།།
ཞེས་ག་བ་གཉིས་ལ་ཡང་འཇུག་མེད་པ་དང༌། ད་སའི་མཐའ་ཅན་ཏེ་ད་དང་སའི་རྗེས་འཇུག་ཅན་ནི་སྐྱེས་བུ་ཐ་མ་ཡིན་པ་སྟེ། དཔེར་ན། ཐབ། ཁབ། གཅོག ཏོག མེད། སྐྱིད། སྐྱིས། གས། སོགས་ཀྱིས་ཤེས།
ཡང་རྩ་བར།
དྲག་པ་ཕོ་ལའང་ནང་གསེས་ཀྱིས།།
དྲག་ཞན་བར་མ་གསུམ་དུ་དབྱེ།།
ཞེས་སྒྲ་གདངས་དྲག་པའི་ཆ་ནས་བཞག་པའི་རྗེས་འཇུག་ཕོ་ཡིག་དེ་ལའང༌། ནང་གསེས་ཀྱི་སྒྲ་དྲག་ཞན་བར་མ་གསུམ་དུ་དབྱེ་སྟེ། དྲག་པ་ལ་སྐྱེས་བུ་རབ་དང༌། བར་མ་ལ་འབྲིང༌། ཞན་པ་ལ་སྐྱེས་བུ་ཐ་མ་བཅས་བཤད་མ་ཐག་པ་བཞིན་གསུམ་དུ་དབྱེ་བ་ཡིན།
རྩ་བར།
དེ་བཞིན་ཞན་པ་མོ་ལ་ཡང༌།།
ནང་གསེས་དྲག་ཞན་གཉིས་དབྱེ་སྟེ།།
ཞེས་བྱུང༌། དེའི་དོན་ནི། ཕོ་ལ་སྒྲ་རྩོལ་དྲག་ཞན་གྱི་དབང་གིས་དབྱེ་བ་དེ་བཞིན་དུ་མོ་ལའང་དབྱེ་ནས་དྲག་པ་ལ་མོ་དང་ཞན་པ་ལ་ཤིན་ཏུ་མོ་ཞེས་གཉིས་སུ་དབྱེ་བ་ཡིན།
རྩ་བར།
ང་མ་ཡང་འཇུག་ཅན་མོ་དང༌།།
ཞེས་ང་དང་མ་གཉིས་ལ་ཡང་འཇུག་ཞུགས་པ་རྣམས་སྒྲ་གདངས་དྲག་པས་མོ་རུ་བཞག་པ་སྟེ། དཔེར་ན། བཞེངས། བསྐྱངས། དཔྱངས་སོགས་ཀྱིས་མཚོན།
རྩ་བར།
ང་མ་ཡང་འཇུག་མེད་པ་དང༌།།
འ་མཐའ་ཅན་རྣམས་ཤིནཏུ་མོ།།
ཞེས་བྱུང༌། དེའི་དོན་ནི། ང་དང་མ་གཉིས་ཡང་འཇུག་མེད་པ་དང༌། འ་བཅས་རྗེས་འཇུག་འདི་གསུམ་དང་ལྡན་ན་རྗེས་འཇུག་དེ་ཤིན་ཏུ་མོ་ཡིན་ཏེ། དཔེར་ན། མཐོང༌། བྱིང༌། ཏིང༌། བང༌། མང༌། གསུམ། གཏམ། བཀའ། དགའ་སོགས་ཀྱིས་མཚོན།
རྩ་བར།
བར་མ་མ་ནིང་ན་ར་ལ།།
ཡང་འཇུག་ཡོད་དམ་མེད་ཀྱང་རུང༌།།
མིང་གཞི་ཕོ་ཡིག་མཐར་ཡོད་ཀྱང༌།།
མིང་གཞི་མ་ནིང་རྗེས་སུ་ནི།།
ཡང་འཇུག་དང་བཅས་ཞུགས་པ་ན།།
དྲག་དང་འཕྲད་པས་དྲག་པར་འགྱུར།
ཞེས་བྱུང༌། དེའི་དོན་ནི། སྒྲ་གདངས་བར་མའི་ཆ་ནས་བཞག་པའི་མ་ནིང་ན་ར་ལ་གསུམ་པོ་འདི་ལ་ཡང་འཇུག་ཡོད་མེད་ལ་མ་ལྟོས་པར་མིང་གཞི་ཕོ་ཡིག་གི་མཐར་དང༌། མིག་གཞི་མ་ནིང་གི་རྗེས་སུ་ཡང་འཇུག་དང་བཅས་ཏེ་ཞུགས་ན། འཇུག་ཡུལ་མིང་གཞི་དེ་བཞིན་སྒྲ་གདངས་དྲག་པ་དང་འཕྲད་པ་ཡིན་པས་རྗེས་འཇུག་གི་སྒྲ་གདངས་དེ་རང་བཞིན་གྱིས་དྲག་པར་གྱུར་པ་སྟེ།
མིང་གཞི་ཕོ་ཡིག་གི་རྗེས་སུ་ཞུགས་པ་ནི། དཔེར་ན། ཀུན། བཅོལ། བཏུལ། གཏན། གཏར་སོགས་མང༌།
མིང་གཞི་མ་ནིང་གི་རྗེས་སུ་ཡང་འཇུག་དང་བཅས་ཞུགས་པ་ནི། དཔེར་ན། འཁོནད། ཆརད། ཐརད། ཕུལད། ཚརད་སོགས་མང༌།
འདི་སྐབས་སི་དངུལ་གཉིས་ཀྱི་བཞེད་བབ་ཅུང་ཟད་མི་འདྲ་བར་ཡོད་པ་ནི། སི་ཏུས། མ་ནིང་གསུམ་ནི། མིང་གཞི་ཕོ་ཡིག་གི་མཐར་དའི་ཡང་འཇུག་ཡོད་མེད་གཉིས་ཀ་དང༌། མོ་ཡིག་གི་མཐར་ཡང་འཇུག་མེད་པ་ཁོ་ན་དང༌། མ་ནིང་གི་མཐར་ཡང་འཇུག་མེད་པ་ཁོ་ན་ལ་བཞེད་པས་ཡིན།
རྩ་བར།
མིང་གཞི་མོ་ཡིག་རྗེས་སུ་ནི།།
ཡང་འཇུག་མེད་པར་ཞུགས་པ་ན།།
ཞན་དང་འཕྲད་པས་ཞན་པར་འགྱུར།།
ཅེས་བྱུང༌། དེའི་དོན་ནི། རྗེས་འཇུག་ན་ར་ལ་གསུམ་མིང་གཞི་མོ་ཡིག་གི་རྗེས་སུ་ཡང་འཇུག་མེད་པར་ཞུགས་པ་ནི་མིང་གཞིའི་སྒྲ་གདངས་ཞན་པ་ལ་འཕྲད་པ་ཡིན་སྟབས་རྗེས་འཇུག་གི་སྒྲ་ཡང་ཞན་པར་འགྱུར་བ་སྟེ། དཔེར་ན། འགྲན། འགོར། འགུལ་སོགས་ལྟ་བུ།
རྩ་བར།
དེ་གཉིས་འགྱུར་བ་མ་ནིང་ཡིན།།
ཞེས་བྱུང༌། དེའི་དོན་ནི། གོང་དུ་བཤད་མ་ཐག་པའི་དྲག་ཞན་གྱི་རིམ་པ་དི་གཉིས་ནི་འགྱུར་བ་མ་ནིང་ཡིན་ཞེས་པའི་དོན་ཡིན། དེ་ལ་འདིར་འགྱུར་བ་མ་ནིང་ཞེས་འདོགས་དོན་ནི། མིང་གཞི་དྲག་པ་དང་འཕྲད་ན་དྲག་པ་དང༌། ཞན་པ་དང་འཕྲད་ན་ཞན་པར་འགྱུར་བ་སྟེ། འདི་སྐབས་སུ་རྗེས་འཇུག་གིས་རང་ཚུགས་མི་ཐུབ་པར་མིང་གཞིའི་སྒྲ་ཤུགས་ཀྱིས་འགྱུར་བ་ཐེབས་ཀྱི་ཡོད་པས་ཡིན་ནོ།།
རྩ་བར།
མིང་གཞི་ཕོ་ཡིག་རྗེས་སུ་ནི།།
ཡང་འཇུག་དང་བཅས་ཞུགས་པ་ན།།
དྲག་ཞན་གཉིས་ཀའི་ཆ་ལྡན་ཕྱིར།།
མཚན་གཉིས་མ་ནིང་ཞེས་སུ་གྲགས།།
ཞེས་བྱུང༌། དེའི་དོན་ནི། ན་ར་ལ་གསུམ་མིང་གཞི་མོ་ཡིག་གི་རྗེས་སུ་ཡང་འཇུག་དང་བཅས་ཏེ་ཞུགས་པ་ན། དྲག་ཞན་གཉིས་ཀའི་སྒྲ་ཤུགས་དང་ལྡན་པ་ཡིན་སྟབས། འདི་རིགས་ལ་མཚན་གཉིས་མ་ནིང་ཞེས་བརྗོད་པ་ཡིན་ལ། དཔེར་ན། བསྒརད། བརྒལད། འཇལད། དབེནད། ཤརད། ལྟ་བུ་སྟེ། འདི་དག་ནི་སྐད་གསར་བཅད་མ་བྱས་སྔོན་གྱི་དག་སྡེབས་ལ་ཡོད་ཀྱང༌། ཕྱིར་ཟོར་ཡང་བའི་ཆེད་དུ་བསྡུས་པ་ལས་དོན་ལ་ཡོད་པ་ཤེས་དགོས་པ་ཡིན།
དེ་ཡང་མཚན་གཉིས་མ་ནིང་ཞེས་འདོགས་དོན་ནི། མིང་གཞི་མོ་ཡིག་དང་འཕྲད་ན་མོའི་ཆ་ལྡན་གྱི་སྒྲ་ཤུགས་ཅན་དང༌། མིང་གཞི་ཕོ་ཡིག་དང་འཕྲད་ན་ཕོའི་ཆ་ལྡན་གྱི་སྒྲ་ཤུགས་ཅན་དུ་འགྱུར་བའི་ཆ་ནས་མཚན་གཉིས་ཞེས་དང༌། རྗེས་འཇུག་རང་སྟེ་ན་ར་ལ་གསུམ་ནི་མ་ནིང་གི་ཡི་གེ་ཡིན་པས་ན་མཚན་གཉིས་མ་ནིང་ཞེས་སུ་བཏགས་པ་ཡིན་ནོ།།
རྩ་བར།
མིང་གཞི་མ་ནིང་རྗེས་སུ་ནི།།
ཡང་འཇུག་མེད་པར་ཞུགས་པ་ན།།
དྲག་ཞན་གང་དུའང་མི་འགྱུར་བས།།
མཚན་མེད་མ་ནིང་ཞེས་སུ་འདོད།།
ཅེས་བྱུང༌། དེའི་དོན་ནི། མིང་གཞིའི་མ་ནིང་ཁ་ཆ་ཐ་ཕ་ཚ་ལྔའི་རྗེས་སུ་ན་ར་ལ་གསུམ་ཡང་འཇུག་མེད་པར་ཞུགས་ན་སྒྲ་གདངས་དྲག་ཞན་གང་དུའང་འགྱུར་བ་མ་ཡིན་ཏེ། དཔེར་ན། མཁན། འཆར། མཐུན། འཕེལ་སོགས་ལྟ་བུའོ།།
༢ དོན་གྱི་འཇུག་ཚུལ་ནི།
རྩ་བར།
གཉིས་པ་དོན་ལ་གཉིས་ཡོད་པའི།།
ཞེས་བྱུང༌། དེའི་དོན་ནི། དོན་གྱི་འཇུག་ཚུལ་བཤད་པ་ལ་གཉིས་ཡོད། གཉིས་ནི་གང་ཞེ་ན། སྔ་མ་གང་ལྟར་འགྱུར་བ་དང༌། ཕྱི་མ་གང་ལྟར་འགྱུར་བ་བཤད་པ་གཉིས་ཡིན་ཞེས་པའི་དོན་ནོ།།
དང་པོ། སྔ་མ་གང་ལྟར་འགྱུར་བ་ནི།
རྩ་བར།
སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར།།
རྗེས་འཇུག་གང་ལ་ཞུགས་པ་ཡི།།
མིང་དེས་བདག་གཞན་སོགས་གང་སྟོན།།
ཞེས་བྱུང༌། དེའི་དོན་ནི། རྗེས་འཇུག་དེ་རྣམས་གང་དུ་ཞུགས་སའི་མིང་གཞིའི་ཡི་གེ་དེ་ཉིད་ཀྱི་རྗེས་སུ་ཞུགས་པའི་རྗེས་འཇུག་དེ་མིང་མཐའ་སོགས་ལ་ལྟོས་ནས་སྔ་མར་གྲུབ་པ་ཡིན་པས་མིང་གཞི་ལ་དབང་བ་ཡིན་སྟབས་ཞེས་པ་དང་དོན་འདྲ། དེས་བདག་གཞན་སོགས་གང་དང་གང་སྟོན་པའི་རིམ་པ་ནི་ཞེས་པའི་དོན་ཡིན།
རྩ་བར།
ཕལ་ཆེར་མིང་དེའི་སྔོན་འཇུག་གི།
ནུས་པར་སྦྱར་ནས་རྟོགས་པར་བྱ།།
ཞེས་བྱུང༌། དེའི་དོན་ནི། མིང་དེས་དོན་གང་སྟོན་པ་ནི་ཕལ་ཆེར་མིང་དེའི་སྔོན་འཇུག་གི་ནུས་པར་སྦྱར་ནས་བདག་གཞན་དུས་གསུམ་སོགས་གང་ཡིན་རྟོགས་པར་བྱ་དགོས་ཞེས་པའི་དོན་ཡིན།
འདིར་ཕལ་ཆེར་ཞེས་བརྗོད་པ་འདིས། སྔོན་འཇུག་དང་མ་འབྲེལ་བའི་འདས་ཚིག་དང་སྐུལ་ཚིག་ཁག་ཅིག་རྗེས་འཇུག་གི་ནུས་པ་ཁོ་ནས་སྟོན་པའང་ཡོད་པ་བསྟན་པ་ཡིན། དཔེར་ན། དྲི་མ་སོགས་དག དོན་སོགས་གྲུབ། མེ་ཉིས་ཚིག མདའ་དང་ཚིག་གིས་ཕོག ཤིང་ཏོག་སོགས་ཟོས་ལྟ་བུ་ཡིན། སྐབས་འདིར་ནི། རྗེས་འཇུག་རྣམས་གང་ལ་ཞུགས་སའི་མིང་གཞི་དེ་ཉིད་རང་དང་ཚེག་བར་གྱིས་སོ་སོར་ཕྱེ་བའི་མིང་མཐའ་སོགས་ལ་ལྟོས་ནས་སྔ་མར་གྲུབ་པས། དེས་བདག་གཞན་སོགས་ཅི་སྟོན་མིང་གཞི་དེ་ཉིད་ཀྱི་སྔོན་དུ་གནས་པའི་སྔོན་འཇུག་གི་ནུས་པར་དཔག་ནས་བདག་གཞན་དུས་གསུམ་སོགས་ཤེས་དགོས་པར་བསྟན་པ་ཡིན།
གཉིས་པ། ཕྱི་མ་ཇི་ལྟར་འགྱུར་བ་ནི།
རྩ་བར།
ཕྱི་མ་ཇི་ལྟར་འགྱུར་བ་ནི།།
ཞེས་བྱུང༌། དེའི་དོན་ནི། ཕྱི་མ་མིང་མཐའ་དང་རྣམ་དབྱེ་དག་གི་ཐོབ་ཐང་གི་དོན་སྟོན་པར་ཇི་ལྟར་འཇུག་པར་འགྱུར་བའི་ཚུལ་ནི། སྔ་མས་རྗེས་འཇུག་རང་གི་ནུས་པ་གཙོ་བཞག་གིས་བཤད་ནས། ད་ནི་བརྗོད་པར་བྱ་བ་དག་ལ་ལྟོས་པའི་སྒོ་ནས་འདྲེན་པའི་ཕྱིར་འཇུག་པའི་ཚུལ་བཤད་པ་ནི་ཞེས་པའོ།།
དེ་ལ་དང་པོ་ནི། རྩ་བར།
རྗེས་འཇུག་ཕོ་ཡིས་ཕོ་ཡིག་གི།
མིང་མཐའ་གཞན་དྲངས་དེ་བཞིན་དུ།།
ཞེས་བྱུང༌། དེའི་དོན་ནི། རྗེས་འཇུག་ཕོ་ཡིག་གིས་ཕོ་ཡིག་གི་མིང་མཐའ་དྲངས་ན་དེ་ལ་རྟགས་མཚུངས་འདྲེན་པ་ཞེས་བརྗོད་ཅིང༌། དེ་ཡང་སྔོན་འཇུག་ཕོ་ཡིག་གིས་ཚེག་བར་གྱིས་ཕྱེས་པའི་ཡི་གེ་སྔ་མའི་རྗེས་འཇུག་གི་ཡི་གེ་ཕོ་ཡིག་གིས་རང་གི་མཐར་མིང་གཞི་ཕོ་ཡིག་གི་ཡི་གེ་དྲངས་ན། དཔྱིད་ཀ ཡི་གེ་སྔ་མའི་རྗེས་འཇུག་ཕོ་ཡིག་ད་ཡིས་ཚེག་གིས་ཕྱེས་པའི་མིང་མཐའ་འམ་ཡི་གེར་མིང་གཞིའི་ཕོ་ཡིག་ཀ་དྲངས་པ་ལྟ་བུ་དང༌། དེ་བཞིན་དུ། ཐད་ཀ གཉིས་ཀ མཁྱེནད་པ། དགོངས་པ་ལྟ་བུ།
རྩ་བར།
མོ་ཡིས་མོ་ཡི་མིང་མཐའ་དྲངས།།
ཞེས་བྱུང༌། རྗེས་འཇུག་ཕོ་ཡིས་མིང་གཞི་ཕོ་ཡིག་དྲངས་པ་བཞིན། མོ་ཡིས་མོ་ཡི་མིང་མཐའ་དྲངས་པ་ཡོད་པ་སྟེ། དཔེར་ན། ཐམ་ག སྙིང་ག་སོགས་ལྟ་བུ།
རྩ་བར།
མ་ནིང་གིས་ནི་མ་ནིང་དྲངས།།
ཞེས་བྱུང༌། དེའི་དོན་ནི། རྗེས་འཇུག་མ་ནིང་གིས་མིང་གཞི་མ་ནིང་དྲངས་པ་སྟེ། དཔེར་ན། དགུན་ཁ། དབྱར་ཁ། འཕེལ་ཁ། གསལ་ཁ་ལྟ་བུ་ཡིན།
རྩ་བར།
དེ་རྣམས་རྟགས་མཚུངས་འདྲེན་ཚུལ་ཏེ།།
ཞེས་བྱུང༌། གོང་ནས་སོང་མ་ཐག་པ་འདི་རིགས་ལ་རྟགས་མཚུངས་འདྲེན་པ་ཞེས་སུ་འབོད་པ་ཡིན་ཞེས་པའོ།།
རྩ་བར།
བརྗོད་བདེ་འདྲེན་པའང་ཤིན་ཏུ་མང༌།།
ཞེས་བྱུང༌། གཙོ་ཆེ་བའི་དབང་དུ་བྱས་ན་རྟགས་མཚུངས་ཀྱི་འདྲེན་སྟངས་འདི་ལྟར་ཡིན་མོད། འོན་ཀྱང༌། བརྗོད་པ་བདེ་བའི་ཆེད་དང༌། ཡུལ་སྐད་ཀྱི་བབ་ལ་བསྟུན་དགོས་པ་སོགས་ཀྱི་དབང་གིས་བརྗོད་བདེ་འདྲེན་ཚུལ་ཡང་ཧ་ཅང་མང་པོ་ཡོད་པ་སྟེ། དེར་ཡང༌། ཕོས་མོ་དྲངས་པ། ཐོག་མ་ལྟ་བུ་དང༌། མོས་ཕོ་དྲངས་པ། ཁང་པ་ལྟ་བུ་དང༌། མ་ནིང་གིས་ཕོ་དྲངས་པ། ཆར་པ་ལྟ་བུ་མང་ཞིང༌། བརྡ་རྙིང་ནང་དེ་བས་ཀྱང་མང་བ་སྟེ། བྲག་ཅ། དཀོནད་ཅོག རིནད་ཅེན་སོགས་ལྟ་བུ་ཡིན། གང་ལྟར་བརྗོད་བདེ་འདྲེན་ཚུལ་འདི་རྣམས་ནི་རྟགས་མཚུངས་པ་གཙོ་བོ་མིན་པར་སྒྲ་མཐུན་དྲངས་པ་གཙོ་བོར་བྱས་པ་ཡིན།
རྩ་བར།
གཞན་ཡང་མིང་མཐའ་དེ་ཉིད་ཀྱི།།
རྟགས་མཚུངས་པའམ་སྒྲ་མཐུན་པའི།།
རྣམ་དབྱེ་བརྒྱད་དང་སླར་བསྡུ་སོགས།།
སྔ་མའི་ཤུགས་དང་མཐུན་པར་འདྲེན།།
ཞེས་བྱུང༌། དེའི་དོན་ནི། གོང་དུ་མིང་མཐའ་འདྲེན་ཚུལ་གྱི་རིམ་པ་རྣམས་བཤད་ཟིན་པ་དེ་ལས་གཞན། རྣམ་དབྱེ་དང་ཚིག་ཕྲད་འདྲེན་ཚུལ་གྱི་རིགས་ནི། བཤད་མ་ཐག་པའི་མིང་མཐའ་དེ་ཉིད་རང་དང་རྟགས་མཚུངས་པའམ་སྒྲ་མཚུངས་སུ་བྱས་པའི་རྣམ་དབྱེ་བརྒྱད་ཀྱི་ཕྲད་དང༌། རྣམ་དབྱེ་ཡིན་མིན་ལ་མ་ལྟོས་པའི་ཚིག་ཕྲད་སླར་བསྡུ་སོགས་ཀྱང་མིང་སྔ་མའི་ཤུགས་ཀྱིས་ཕྱི་མ་དག་འདྲེན་པ་ཡིན་ཞེས་པའོ།།
རྩ་བར།
དེ་དག་ནང་གསེས་གང་འཇུག་ནི།།
རྣམ་དབྱེའམ་ཕྲད་བཅས་མིང་ཚིག་དེའི།།
མཐར་སྦྱར་མིང་དོན་ལས་ཤེས་བྱ།།
ཞེས་བྱུང༌། དེའི་དོན་ནི། གོང་དུ་སྨྲོས་མ་ཐག་པའི་རྣམ་དབྱེ་དང་ཚིག་ཕྲད་རྣམས་གང་ལ་འཇུག་པའི་ཚུལ་ནི། རྣམ་དབྱེའམ་ཕྲད་དང་བཅས་པའི་མིང་ཚིག་དེའི་མཐར་སྦྱར་རྒྱུའི་མིང་དོན་འོག་མ་ལས་ཤེས་པར་བྱ་དགོས་པ་བསྟན་པ་སྟེ། དེ་ཡང་དཔེར་ན། ཤིང་གང་ཞིག་རྣམ་དབྱེ་དང་པོ་གསལ་བྱེད་ནི་གང་ཞིག་དང༌། གང་དག གང་རྣམས་ཞེས་སྤྱི་སྒྲ་སྦྱར་བས། དེའི་རིགས་ཅན་སྟོན་པར་བྱེད་པ་ཡིན། ཤིང་ལ་བསྣུན། ཤིང་གིས་གཤགས། ཤིང་ལ་ཆུ་འདྲེན། ཤིང་ལས་འབྲས་བུ་བྱུང༌། ཤིང་གི་ཡལ་ག ཤིང་བདག་ཀྱེ་ཞེས་སོགས་ལྟ་བུ་སྟེ་གཤམ་ནས་གསལ་འགྱུར་ནས་ཤེས་པར་བྱའོ། །
རྩ་བར།
དེ་ཡང་ཆོས་རྣམས་ངོ་བོ་ཙམ།།
བརྗོད་པ་རྣམ་དབྱེ་དང་པོ་སྟེ།
དཔེར་ན་བུམ་པ་ཀ་བ་བཞིན།།
གསལ་བྱེད་བོད་ཀྱི་སྐད་ལ་ཉུང༌།།
ཞེས་བྱུང༌། དེའི་དོན་ནི། དེ་ཡང་ཆོས་རྣམས་ཀྱི་ངོ་བོ་ཙམ་ཞིག་བརྗོད་པ་ནི་རྣམ་དབྱེ་དང་པོ་ཡིན་པ་སྟེ། དཔེར་ན། བུམ་པ། ཀ་བ་ལྟ་བུ། འོན་ཏེ། རྣམ་དབྱེ་དང་པོ་གསལ་བྱེད་ཀྱི་ཚིག་ཏུ་མིང་གང་ཞིག་གི་མཐར། ཉིད་དང་གང༌། གང་དག། གང་རྣམས་སོགས་སྦྱོར་དགོས་པ་ཡིན་ནའང༌། དེ་ནི་རྒྱ་སྐད་ལ་དེ་ལྟར་དགོས་པ་ལས་བོད་སྐད་ལ་ནི་དེ་ལྟར་སྦྱོར་སྲོལ་ཤིན་ཏུ་ནས་ཉུང་བ་ནས་མེད་པ་ཡིན། སྐབས་འདིའི་ཉུང་ཞེས་པའི་ཚིག་ནི་དགག་ཚིག་སྟེ། མེད་ཅེས་པ་དང་མཚུངས་པར་སྨྲ་སྒོ་ནས་གསུངས་སོ།།
དེ་ལ་རྣམ་དབྱེ་ཞེས་པ་ནི། མིང་རྣམས་ཚིག་ཏུ་སྒྲུབ་པའི་སྐབས་སུ། ཚིག་གི་ཆ་ཤས་སུ་གྱུར་པའི་མིང་རྣམས་སོ་སོའི་བྱེད་ལས་ཀྱི་ངོ་བོ་གཞན་དང་མ་འདྲེས་པར་སོ་སོར་སྟོན་ཅིང༌། ཚིག་གི་བསྟན་དོན་ལ་ངེས་པ་སྟེར་བའི་ནུས་པ་དང་ལྡན་པའི་རྐྱེན་ཅིག་ལ་ཟེར།
རྩ་བར།
ལས་དང་བྱ་ཡུལ་དོན་གཅིག་སྟེ།།
དེ་ལྟའི་བྱ་བའི་ཡུལ་ཞིག་ལ།།
བྱ་བ་བྱས་པར་སྟོན་པ་ལ།།
གཉིས་པ་ལས་སུ་བྱ་བ་དང༌།།
གཉིས་པའི་ནང་ཚན་དེ་ཉིད་དང༌།།
བཞི་པ་དགོས་ཆེད་གསུམ་འདྲ་ཡང༌།།
བྱ་བ་བྱས་པས་བྱ་བའི་ཡུལ།།
དེ་འམ་དེ་དང་འབྲེལ་བ་ལ།།
ཕན་ཐོགས་མེད་ན་གཉིས་པ་སྟེ།།
དཔེར་ན་ཤར་དུ་འགྲོ་ལྟ་བུ།།
ཞེས་བྱུང༌། འདིའི་སྐབས་ཀྱི་ལས་ནི་ལས་སུ་བྱ་བ་ལ་གོ་དགོས། ཡང་སྐབས་འདིར་ཤེས་དགོས་པའི་གནད་ནི། སུ་སོགས་ཡི་གེ་བདུན་པོ་འདིས་རྣམ་དབྱེ་གཉིས་བཞི་བདུན་པ་སོགས་སྟོན་པར། ནང་གསེས་ཀྱི་དབང་དུ་བྱས་ན་དོན་སྟོན་ཚུལ་དང་ཁྱབ་ཆེ་ཆུང་ཡོད་པ་སྟེ། གཟུགས་ལ་བལྟ། དྲི་ལ་སྣོམ་ཞེས་བརྗོད་སྲོལ་ལས་གཟུགས་སུ་བལྟ། དྲི་རུ་སྣོམ་ཞེས་དང༌། ལྟོ་འགྲངས་ལ་ཟས་བསྟེན། ལྟོ་འགྲངས་ན་ཟས་བསྟེན་སོགས་བོད་སྐད་ཀྱི་ལུགས་དང་མི་མཐུན་པར་འགྱུར་བའང་མང་སྟབས། ཕྲད་ཀྱི་ཐོབ་ཐང་ཙམ་གཞི་ལ་བཞག་མི་རུང་བ་ཡིན།
གཞན་ཡང༌། བྱ་བ་ཡོད་ཚད་ལ་བྱ་ཡུལ་དང༌། བྱ་ཡུལ་ཡོད་ཚད་ལ་ལ་དོན་སྦྱོར་དགོས་པའི་ངེས་པའང་མེད་པ་སྟེ། བྱེད་པ་པོ་གཞན་མེད་པའི་བྱ་བའི་རིགས་གྱུར་ཁྱོད་ཤར་ལ་སོང་ལྟ་བུའི་ཤར་ནི། བྱ་བའི་རྟེན་གཞིའམ། བྱ་བའི་ཁ་ཕྱོགས་ཡུལ་ཙམ་ཡིན་པ་ལས་བྱ་བ་བྱེད་སའི་ཡུལ་དངོས་མིན། འདི་ལྟ་བུ་ལ་བྱ་བའི་འབྲེལ་ཡུལ་རྗེས་མཐུན་པ་ཟེར།
བྱ་ཡུལ་དངོས་ལའང༌། བྱེད་པ་པོའི་ཤུགས་རྐྱེན་བྱ་ཡུལ་དེའི་ཆ་ཤས་སོགས་ལ་ཐེབས་རིགས་ལ་ལ་དོན་སྦྱོར་བ་དང༌། བྱེད་པ་པོས་བྱ་བ་གང་ཞིག་བྱས་པའི་ཤུགས་རྐྱེན་བྱ་བའི་ཡུལ་ཆ་ཚང་ལ་ཐེབས་པར་ལ་དོན་མི་སྦྱོར་བ་སོགས་ཡོད། དེ་ཡང་གཙོ་ཆེ་བ་ཡུལ་དང་བྱ་བ་འབྲེལ་བ་ལྷོད་རིགས་ལ་ལ་དོན་གྱི་ཕྲད་སྦྱོར་བ་ལས། ཡུལ་དང་བྱ་བའི་འབྲེལ་བ་དམ་རིགས་ལ་ལ་དོན་གྱི་ཕྲད་མི་སྦྱོར་བ་སོགས་ཤེས་དགོས།
རྩ་བར།
ཕན་ཐོགས་ཡོད་ན་བཞི་པ་སྟེ།།
དཔེར་ན་སློང་ལ་སྦྱིན་ལྟ་བུ།།
ཞེས་བྱུང༌། སྐབས་འདིར་ཕན་ཐོགས་ཡོད་པ་དང༌། དམིགས་ཡུལ་མངོན་སུམ་དུ་སྟོན་ཐུབ་པ་གཉིས་གཅིག་ཏུ་གོ་དགོས། དེ་ནི་བྱ་བ་ཞིག་བྱེད་པའམ་དོན་ཞིག་འགྲུབ་རྒྱུར་དམིགས་ནས་ཆེད་དུ་བྱ་བའི་ཡུལ་གྱི་དངོས་པོ་ཞིག་གམ། ཡུལ་དུ་གྱུར་པའི་བྱ་བ་ཞིག་ལ་གོ་དགོས། དེ་བས་ན་འདི་ནི་སེམས་ལྡན་གྱི་བྱ་བ་ལ་ཡོད་པའི་ཁྱད་ཆོས་ཤིག་ལས་སེམས་མེད་བེམ་དངོས་ཀྱི་བྱ་བ་ལ་ཡོད་པ་ཞིག་མིན། དེ་ཡང་སྤྱིར་སེམས་ལྡན་གྱིས་ལས་ཀ་གང་བྱེད་ཀྱང་དམིགས་ཡུལ་གང་རུང་ཞིག་མེད་པ་མི་སྲིད་ནའང༌། སྐབས་འདིར་ནི། ལ་དོན་གྱི་བྱེད་ལས་ཀྱིས་བྱ་བ་གང་ཞིག་བྱེད་པའི་དགོས་པ་དང༌། དམིགས་ཡུལ་གང་ཡིན་མངོན་སུམ་དུ་སྟོན་པ་ཞིག་དགོས། དེ་བས་ན། ཞིང་ལ་ཆུ་འདྲེན། ལྷ་ལ་ཕྱག་འཚལ་ལྟ་བུ་ནི་སྐབས་འདི་འབྲེལ་གྱི་དགོས་ཆེད་དུ་བགྲངས་འོས་མིན། སྐབས་འདིའི་དགོས་པ་དང་དམིགས་ཡུལ་ལ་ནི། མཚོན་དུ་གྲི་རིང་བརྡུང༌། གོས་སུ་སྣམ་བུ་འཐག་ལྟ་བུ་དམིགས་ཡུལ་དུ་གྱུར་པའི་དངོས་པོའི་མིང་གི་ཐ་སྙད་ལ་སྦྱར་བ་དང༌། བྱ་བ་བསྒྲུབ་ཕྱིར་དུ་ཡོན་ཏན་སློབ། ཐུག་པ་འཐུང་དུ་འགྲོ་ལྟ་བུ་དམིགས་ཡུལ་དུ་གྱུར་པའི་བྱ་བའི་ཐ་སྙད་ལ་སྦྱར་བ་རིགས་གཉིས་ཡོད།
རྩ་བར།
ཕན་ཐོགས་མེད་ཀྱང་བྱ་ཡུལ་དང༌།།
བྱ་བ་ངོ་བོ་གཅིག་ཡིན་ན།།
གཉིས་པའི་ནང་ཚན་དེ་ཉིད་དེ།།
དཔེར་ན་ལྷ་རུ་གསལ་ལྟ་བུ།།
ཞེས་བྱུང༌། བྱ་དངོས་གང་ལའང༌། གྲུབ་སྟངས་དང་རང་བཞིན། དབྱིབས་གཟུགས་དང་ཆེ་ཆུང༌། རིགས་མཐུན་ཡིན་མིན། ཁོངས་སུ་གཏོགས་མིན། རྩོལ་བའི་དྲག་ཞན། ཤུགས་ཀྱི་ཆེ་ཆུང༌། མགྱོགས་བུལ་དང་དངོས་པོའི་རང་བཞིན། ཁྱད་ཆོས། བྱ་བའི་ཁྱད་པར་སོགས་ཡོད་པ་དེ་དག་སྟོན་པའི་རྗོད་བྱེད་ཀྱི་ཚིག་ལ། རང་བཞིན་སྟོན་པ་དང༌། ཁྱད་པར་སྟོན་པ། ཁྱད་ཆོས་སྟོན་པ་བཅས་ཀྱི་ཚིག་སྦྱོར་བྱུང་བ་ཡིན། ཚིག་སྦྱོར་དེ་རིགས་ནི་ང་ཚོས་འཆད་ཀྱིན་པའི་དེ་ཉིད་ཡིན། དཔེར་ན། མི་རྟག་པ་རུ་ངེས། ཉི་འོད་རབ་ཏུ་གསལ་ལྟ་བུ་དངོས་པོའི་རང་བཞིན་སྟོན་པའི་དེ་ཉིད་དང༌། གདན་དུ་བཏིང༌། ཞིབ་ཏུ་བལྟས། གསལ་བར་སྟོན་སོགས་བྱ་བའི་རང་བཞིན་དང་ཁྱད་པར་སྟོན་པའི་དེ་ཉིད་ཡིན་པ་ལྟ་བུའོ།།
རྩ་བར།
གང་ཞིག་གང་ལ་བརྟེན་པ་འམ།།
གནས་དང་ཡོད་པའི་དོན་ཙམ་ལས།།
བྱ་བ་གཏན་ནས་མི་བྱེད་ན།།
རྣམ་དབྱེ་བདུན་པ་གནས་གཞི་སྟེ།།
དཔེར་ན་སྟེང་དུ་མི་ཡོད་ལྟར།།
ཞེས་བྱུང༌། དངོས་པོ་ཕྲ་རགས་གང་ཡིན་ཡང༌། ཡོད་པ་ལ་གནས་ས་ཡོད་ཅིང༌། དེ་དབང་གིས་རྟེན་གྱི་གནས་གཞི་དང་བརྟེན་པའི་གནས་དངོས་བར་གྱི་འབྲེལ་བ་དེ་བྱུང་བ་ཡིན། འབྲེལ་བ་དེ་ལའང་འབྲས་བུ་ལ་རྒྱུ་ཡོད་ལྟ་བུ་གཏན་གྱི་འབྲེལ་བ་དང༌། བུམ་པའི་ནང་ན་ཆུ་ཡོད་ལྟ་བུ་གནས་སྐབས་ཀྱི་འབྲེལ་བ་ཡིན། གནས་གཞི་སྟོན་པའི་ཚིག་སྦྱོར་ལ་བྱ་ཚིག་ཡོད་མེད་གཉིས་ཀ་ཡོད། དཔེར་ན། ཤར་ན་རྒྱ་ནག་ཡོད། ལྷོ་ན་རྒྱ་གར་ཡོད་ལྟ་བུ་བྱ་ཚིག་མེད་པའི་གནས་གཞི་སྟོན་པ་དང༌། གཡས་སུ་ཁང་པ་བརྒྱབ་ཡོད། མདུན་དུ་ལྗོན་ཤིང་བཙུགས་ཡོད་ལྟ་བུ་བྱ་ཚིག་ཡོད་པའི་གནས་གཞི་སྟོན་པ་ཡིན།
རྩ་བར།
ཚེ་སྐབས་གཉིས་དང་དོན་འདྲ་ན།།
བདུན་པའི་ནང་ཚན་ཚེ་སྐབས་ཏེ།།
དཔེར་ན་མཆུ་ཟླ་ཤར་བ་ན།།
ཆོ་འཕྲུལདུས་ཆེན་ཚུགས་ལྟ་བུ།།
ཚེ་སྐབས་གཉིས་དང་དོན་འདྲ་ན་ཞེས་པ་ནི། ཚེ་དང་སྐབས་ཞེས་པའི་ཚིག་གཉིས་དོན་གྱི་ཆ་ནས་འདྲ་བ་སྟེ། དེ་གཉིས་ཀྱི་དོན་སྟོན་པ་ཅན་ཡིན་ན་ནི་དེ་ལ་ཚེ་སྐབས་ཟེར་ཞེས་པའོ།། ཞིབ་པ་སུམ་ཅུ་པའི་སྐབས་སུ་བཤད་ཟིན་པ་ནས་རྟོགས་པར་སྐུལ་ལོ། །
རྩ་བར།
རྣམ་དབྱེ་གཉིས་བཞི་བདུན་པ་དང༌།།
དེ་ཉིད་ཚེ་སྐབས་གསལ་བྱེད་སྒྲ།
སུ་རུ་ར་དུ་ན་ལ་ཏུ།།
ཡིན་ཞིང་ཕལ་ཆེར་ལ་སྒྲ་དང༌།།
མཐུན་པས་ལ་དོན་རྣམ་དབྱེའང་ཟེར།།
ཞེས་བྱུང༌། དོན་ནི་སླའོ།། རྒྱས་པར་སུམ་ཅུ་པའི་སྐབས་ནས་གླེང་ཟིན་པར་གཟིགས་འཚལ།
རྩ་བར།
འོན་ཀྱང་ན་ལ་དེ་ཉིད་ལ།།
མི་འཇུག་སྨྲ་བའི་སྒོ་ལས་གསུངས།།
ཞེས་བྱུང༌། དེའི་དོན་ནི། སྨྲ་སྒོར། དུ་ལ་སོགས་པ་ལ་དང་མཐུན།། དེ་ཉིད་དག་ནི་ལྷག་པ་ཡིན།། ཞེས་པ་གཞི་ལ་བཞག་ནས་གསུངས་པ་སྟེ། འདི་ལ་གོང་དུ་ཕལ་ཆེར་ཞེས་པའི་ཚིག་སྦྱར་ཤུགས་ཀྱིས་མཐའ་གཅིག་ཏུ་ལ་སྒྲའི་འཇུག་པ་དང་མ་ངེས་པར་བསྟན་ནས་ཡིན་པ་སྟེ། འོད་ན་འཚེར། འོད་ལ་འཚེར་སོགས་སུ་སྦྱོར་སྲོལ་མེད་པར་བཤད་པ་ཡིན་ཀྱང༌། སྐབས་འགའ་ཞིག་ཏུ་སོ་ན་གནས། གོས་དམར་པོ་ལ་གྱུར་ལྟ་བུ་དེ་ཉིད་ལ་འཇུག་པའང་ཡོད་དོ།།
མཚམས་འདིར། སྐབས་འབྲེལ་གྱི་དབང་དུ་བྱས་ཏེ་ལ་དོན་གྱི་རྣམ་དབྱེ་བསྡུ་སྟངས་རོབ་ཙམ་ཞུས་ན།
སྤྱིར་ལ་དོན་གྱི་རྣམ་དབྱེའི་ཕྲད་བསྡུ་ཆོག་མིན་དེ་བསྡུས་མ་བསྡུས་ཀྱི་བསྟན་དོན་ལ་འགྱུར་བ་ཡོད་མེད་དེར་གཙིགས་འཛིན་བྱེད་དགོས་ཤིང༌། དེ་ཡང་ལ་དོན་གྱི་རྣམ་དབྱེའི་དབང་དུ་བྱས་ན། ཡུལ་དང་བྱ་བ་གཉིས་འབྲེལ་བ་དམ་རིགས་ལ་ལ་སྒྲ་མི་ཐོབ་པ་གོང་དུ་བཤད་ཟིན་ལྟར་དང༌། ཡུལ་དང་བྱ་བ་གཉིས་ཀྱི་འབྲེལ་བ་ལྷོད་རིགས་ལ་ལ་སྒྲ་ཐོབ་པ་དེར་ཡང་བསྡུ་རུང་མི་རུང་གི་ཚད་གཞི་དོན་གྱི་སྟོན་སྟངས་འགྱུར་མི་འགྱུར་ལ་ལྟོས་དགོས་པ་ཡིན། དཔེར་ན། བྱ་བཞིན་དུ་འཕུར་ལ་བྱ་བཞིན་འཕུར། ནད་དྲགས་ཕྱིར་དུ་སྨན་ཁབ་རྒྱག་ལ་ནད་དྲགས་ཕྱིར་སྨན་ཁབ་རྒྱག་ཅེས་པ་ལྟ་བུ་ནི་བསྡུས་དང་མ་བསྡུས་ཀྱི་བསྟན་དོན་ལ་འགྱུར་བ་ཅི་ཡང་མེད་པས་བསྡུ་རུང་བ་དང༌། ལམ་ལ་འགྲོ་ལྟ་བུའི་ལ་སྒྲ་བསྡུས་ནས་ལམ་འགྲོ་དང༌། རྟ་ལ་ཞོན་གྱི་ལ་སྒྲ་བསྡུས་ནས་རྟ་ཞོན་ཅེས་བསྡུས་ན་དོན་གཞན་དུ་འགྱུར་བ་འདི་རིགས་ཀྱི་སྐབས་སུ་ལ་དོན་གྱི་ཕྲད་རྣམས་བསྡུ་མི་རུང་བ་ཡིན། དེ་བཞིན་རྣམ་དབྱེ་གཞན་ལའང་རིགས་བསྒྲེ་བས་ཤེས་སོ།།
རྩ་བར།
རྣམ་དབྱེ་གང་ལ་སྦྱོར་ཡུལ་དེས།།
ཉེ་རྒྱང་གང་དུ་བྱ་བ་ཞིག།།
བྱས་ན་གསུམ་པ་བྱེད་པ་སྟེ།།
དཔེར་ན་བདག་གིས་བཤད་ལྟ་བུ།།
ཞེས་བྱུང༌། སུམ་ཅུ་པའི་སྐབས་རྒྱས་པར་འཆད་ཟིན་པས་བསྐྱར་བཤད་ཀྱི་དགོས་པ་མ་མཐོང་ཡང༌། རྣམ་དབྱེ་གསུམ་དྲུག་ནི་སུམ་ཅུ་པའི་དཀའ་གནད་ཡིན་བརྟེན་འདིར་དེ་འབྲེལ་གྱི་གནད་འགའ་མདོར་བསྡུས་ཤིག་བཀོད་ན།
བྱེད་པ་པོ་ནི། བྱ་བ་གང་ཞིག་བྱེད་སྐབས། བྱ་བ་ལ་འཇུག་པའི་ཀུན་སློང་དང༌། བྱ་བའི་རྩོལ་བ་འབྱུང་བའི་སེམས་ཅན་དང༌། སེམས་ཅན་གྱི་བྱ་བར་སྒྲོ་བཏགས་པའི་སེམས་མེད་དངོས་པོ་གསུམ་ཆར་གོ་རུང་བ་ཡིན། འདི་རིགས་ལ་བྱེད་པ་གཙོ་བོ་དང༌། བྱེད་པ་དེ་འབྲེལ་གྱི་ལུས་ཀྱི་དབང་པོ་དང༌། ཡན་ཉིང་ལག བྱ་བ་བྱེད་ཐབས། ཡོ་བྱད་སོགས་ལ་བྱེད་པ་ཕལ་བ་ཟེར།
དེ་ལ་བྱེད་སྒྲ་ནི་བྱེད་པ་པོ་གཙོ་བོ་ལ་འཇུག་ཚུལ་དང༌། བྱེད་པ་པོ་ཕལ་བ་ལ་འཇུག་ཚུལ། གཙོ་ཕལ་གཉིས་ཀ་ལ་འཇུག་ཚུལ་བཅས་སུ་ཡོད་པ་ལས།
བྱེད་པ་པོ་གཙོ་བོ་ལ་འཇུག་ཚུལ་ནི།
བྱ་བ་གང་ཞིག་བྱེད་སྐབས། བྱ་བ་ལ་འཇུག་པའི་ཀུན་སློང་དང༌། བྱ་བའི་རྩོལ་བ་འབྱུང་བའི་སེམས་ཅན་དང༌། སེམས་ཅན་གྱི་བྱ་བར་སྒྲོ་བཏགས་པའི་སེམས་མེད་དངོས་པོ་གང་ཡང་རུང་བས་བྱ་བ་བྱེད་པ་སྟོན་པར་འཇུག་པ་སྟེ། དཔེར་ན། ཁྱོད་ཀྱིས་ཆུ་རྐ་བརྐོས། བདག་གིས་ཐང་ག་བྲིས། སྟག་གིས་རི་བོར་བཟུང༌། རླུང་གིས་ཤིང་སྡོང་བསྒྱེལ་ལྟ་བུ་ཡིན།
བྱེད་པ་པོ་ཕལ་བ་ལ་འཇུག་ཚུལ་ནི།
བྱེད་པ་དེ་འབྲེལ་གྱི་ལུས་ཀྱི་དབང་པོ་དང༌། ཡན་ཉིང་ལག བྱ་བ་བྱེད་ཐབས། ཡོ་བྱད་སོགས་ཀྱིས་བྱ་བ་བྱེད་པ་སྟོན་པར་འཇུག་པ་སྟེ། འདི་ལ།
༡ བྱེད་པ་པོའི་ལུས་ཀྱི་དབང་པོས་བྱ་བ་བྱེད་པ་སྟོན་པ་ནི། དཔེར་ན། མིག་གིས་བལྟས། རྣ་བས་ཉན། ལྟ་བུ་དང༌།
༢ བྱེད་པ་པོའི་བློ་དང་བྱ་བའི་ཐབས་སོགས་ཀྱིས་བྱ་བ་བྱེད་པ་སྟོན་པ་ནི། སེམས་ཀྱིས་བཟུང༌། རིགས་པས་སྒྲུབ། འབད་པས་བཙལ། ཞི་བས་བཏུལ། རྫས་ཀྱིས་བཏུལ་ལྟ་བུ།
༣ བྱེད་པ་པོའི་བྱ་བ་བྱེད་པའི་ཡོ་བྱད་སོགས་ཀྱིས་བྱ་བ་བྱས་པ་སྟོན་པ་ནི། དཔེར་ན། གོས་ཀྱིས་བཏུམས། གྲི་ཡིས་བཅད། ཞགས་པས་དྲུད། གཉེན་གྱིིས་བསླུས་ལྟ་བུ་བཅས་ཀྱི་རིགས་གསུམ་ཡོད།
བྱེད་པ་གཙོ་ཕལ་གཉིས་ལ་འཇུག་པ་ནི།
སྤྱིར་བྱེད་པ་པོ་གཙོ་ཕལ་གཉིས་དངོས་ཤུགས་ཅི་རུང་ནས་སྟོན་ཚུལ་ཡོད་པ་ལས། འདིར་ནི་བྱེད་པ་པོ་གཙོ་ཕལ་གཉིས་དངོས་སུ་བསྟན་པ་ལ་གོ་དགོས། དཔེར་ན། ཤིང་མཁན་གྱིས་སྟ་རེས་ཤིང་བཅད། བཀྲ་ཤིས་ཀྱིས་ལག་པས་ཡི་གེ་བྲིས་ལྟ་བུ་ཡིན།
རྩ་བར།
བྱ་བ་གཏན་ནས་མི་བྱེད་པར།།
སྔ་ཕྱི་འབྲེལ་བྱེད་ཙམ་སྟོན་ན།།
རྣམ་དབྱེ་དྲུག་པ་འབྲེལ་སྒྲ་སྟེ།།
དཔེར་ན་བདག་གི་མིག་ལྟ་བུ།།
ཞེས་བྱུང༌། སུམ་ཅུ་པའི་སྐབས་སུ་བཤད་ཟིན་པས་སྐྱར་དུ་ཟློས་པ་སྤངས།
རྩ་བར།
རྣམ་དབྱེ་དྲུག་གསུམ་གསལ་བྱེད་སྒྲ།།
ས་མཐའ་ཡོད་དང་མེད་པ་ཡི།།
གི་ཀྱི་གྱི་ཡི་འི་ལྔ་ཡིན།།
ཞེས་བྱུང༌། ཤེས་སླ།
རྩ་བར།
གང་ཞིག་གང་ལས་བྱུང་བའམ།།
བྱེར་དང་ལྷུང་བའི་དོན་ལྡན་ན།།
རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཏེ།།
དཔེར་ན་ཞལ་ལས་ཐོས་ལྟ་བུ།།
གསལ་བྱེད་སྒྲ་ནི་ནས་ལས་ཏེ།།
དགར་དང་སྡུད་པའང་ལྔ་པར་གཏོགས།།
ཞེས་བྱུང༌། སུམ་ཅུ་པའི་སྐབས་སུ་བཤད་ཟིན་པར་གཟིགས།
རྩ་བར།
གཞན་ཡང་ཚིག་དོན་གོང་འོག་ཏུ།།
བསྡུ་རྒྱུ་ཡོད་ན་སྡུད་པའི་སྒྲ།།
དང་དང་ཀྱང་ཡང་འང་སོགས་སྦྱོར།།
ཞེས་བྱུང༌། དེའི་དོན་ནི། བསྡུ་རྒྱུ་ཡོད་ན་སྡུད་པའི་སྒྲ་གང་འོས་སྦྱོར་དགོས་ཞེས་པའོ།།
རྩ་བར།
རྣམ་གྲངས་དུ་མའི་དོན་བསྐྱར་ན།།
འབྱེད་སྡུད་སྒྲ་འཇུག་་་ ་་༌།།
ཅེས་བྱུང༌། དེའི་དོན་ནི་སླ།
རྩ་བར།
་་་ ་་་དགག་པ་དང༌།།
བདག་དོན་ཡོད་ན་ཐོག་མཐའ་རུ།།
པ་སྡེའི་རྟགས་རྣམས་ཅི་རིགས་འཇུག།
ཅེས་བྱུང༌། དེའི་དོན་ནི། པ་སྡེའི་ཁོངས་ནས་བྱུང་བའི་མ་ཡིག་ཐོག་མཐའ་བར་གསུམ་གང་རུང་དུ་ཞུགས་ན་དགག་སྒྲ་ཡིན་པ་དང༌། པ་སྡེའི་ཁོངས་ནས་པ་བ་མ་སོགས་བདག་པོ་སྟོན་བྱེད་དུ་འཇུག་ཅེས་པའོ།།
རྩ་བར།
རྒྱན་དུ་གྱུར་པའི་ཚིག་ཕྲད་དང༌།།
དོན་ལ་བསྙེགས་པ་ཡོད་ན་སྦྱོར།།
ཞེས་བྱུང༌། དེའི་དོན་ནི། ཚིག་རྒྱན་གྱི་ཕྲད་རྣམས་ཀྱང་དགོས་སྐབས་ཤར་ན་སྦྱོར་བ་སྟེ། འབད་ཀྱང་འབད་སོགས་ཀྱིས་མཚོན།
རྩ་བར།
དེ་བཞིན་བསྟན་བྱ་ལྷག་ཡོད་ན།།
ལྷག་བཅས་སྒྲ་སྦྱོར་ཚིག་དོན་ནི།།
རྫོགས་ན་སླར་བསྡུའི་སྒྲ་རྣམས་སྦྱོར།།
ཞེས་བྱུང༌། སུམ་ཅུ་པའི་སྐབས་འཆད་ཟིན་ཏོ།།
༣ རྗེས་འཇུག་གི་དགོས་པ་བསྟན་པ་ནི།
རྩ་བར།
དགོས་པ་ཇིའི་ཕྱིར་འཇུག་ཅེ་ན།།
མོ་ཡིག་དབྱངས་དང་མི་ལྡན་ན།།
ཕོ་ཡིག་གསལ་བྱེད་བརྗོད་མི་ནུས།།
ཞེས་བྱུང༌། དེའི་དོན་ནི། རྗེས་འཇུག་རྣམས་དགོས་པ་ཅིའི་ཕྱིར་འཇུག་པར་བྱེད་ཅེ་ན། མོ་ཡིག་སྟེ་དབྱངས་ཡིག་རྣམས་དང་མི་ལྡན་ན་ནི་ཕོ་ཡིག་གསལ་བྱེད་རྣམས་བརྗོད་མི་ནུས་པ་ཡིན་ཞེས་པའོ།།
རྩ་བར།
དེ་ཕྱིར་དབྱངས་ལྔར་བཞེད་པ་བདེ།།
ཕོ་ཡིག་དབྱངས་ལྡན་དེ་དག་ལའང༌།།
རྗེས་འཇུག་བཅུ་པོ་མ་ཞུགས་ན།།
དོན་གྱི་ངོ་བོ་ཙམ་སྟོན་པའི།།
མིང་དང་དོན་གྱི་ཁྱད་པར་རྣམས།།
སྟོན་པའི་ཚིག་དང་དོན་ལྡན་པའི།།
ངག་གི་བརྗོད་པ་ཡོད་མིན་ཏེ།།
ཡི་གེའི་ཁོངས་ནས་མིང་དབྱུང་ཞིང༌།།
མིང་གི་ཁོངས་ནས་ཚིག་ཕྱུང་ནས།།
ཚིག་གིས་དོན་རྣམས་སྟོན་པས་སོ།།
ཞེས་བྱུང༌། དེའི་དོན་ནི། གོང་དུ་བཤད་མ་ཐག་པ་ལྟར། དབྱངས་ཡིག་དང་མ་འབྲེལ་ན་གསལ་བྱེད་ཀྱི་ཡི་གེ་ཁོ་ནས་དོན་མཐའ་དག་པ་སྟོན་ནུས་པ་མིན་ལ། རྒྱུ་མཚན་འདིའི་དབང་གིས་དབྱངས་ཡིག་ལ་དངོས་བསྟན་དུ་བཞི་དང་ཤུགས་བསྟན་ལ་ཨ་བཅས་ལྔ་རུ་བཞེད་ན་འཚམ་པ་མ་ཟད། གསལ་བྱེད་ཕོ་ཡིག་དབྱངས་ལྡན་དེ་དག་ལའང་རྗེས་འཇུག་གི་ཡི་གེ་རྣམས་གང་ཐོབ་ཏུ་མ་ཞུགས་ན་ནི་དོན་གྱི་ངོ་བོ་སྟོན་པའི་མིང་དང༌། དོན་གྱི་ཁྱད་པརསྟོན་པའི་ཚིག བརྗོད་བྱའི་དོན་དང་ལྡན་པའི་ངག་གི་བརྗོད་པ་གང་ཡང་ཆ་ཚང་བ་སྟོན་མི་ནུས་ཏེ། དེ་ཡང༌། ཡི་གེའི་ཁོངས་ནས་མིང་དང༌། མིང་གི་ཁོངས་ནས་ཚིག ཚིག་གིས་དོན་གང་ཞིག་མ་འདྲེས་པར་སོ་སོར་སྟོན་པར་བྱེད་དགོས་པས་ཡིན།
ཡི་གེ་ལས་མིང་བྱུང་ཟེར་དོན་ནི། ཡི་གེ་དུ་མ་འདུས་པ་ལས་མིང་དུ་གྲུབ་དགོས་ལ། ཡང༌། ཕ། མ། ཉ། ཁ། ན། ཚ། ཝ། ར། ལ། ཤ ས་སོགས་ཀྱིས་ནི་ཡི་གེ་དུ་མ་མ་འདུས་ཀྱང་དོན་སྟོན་པ་མིན་ནམ་ཞེ་ན། དེ་ནི་མིན། འདི་དག་ལ་ད་ལྟར་དངོས་སུ་བྲིས་སྲོལ་མེད་པ་ལས་དོན་ལ། ཕའ། མའ། ཉའ་སོགས་ཀྱི་འ་མཐའ་ཡོད་པ་སྟེ། ཕོ་ཡིག་དབྱངས་ལྡན་དེ་དག་ལའང༌།། རྗེས་འཇུག་བཅུ་པོ་མ་ཞུགས་ན།། དོན་གྱི་ངོ་བོ་ཙམ་སྟོན་པའི།། མིང་དང་དོན་གྱི་ཁྱད་པར་རྣམས།། སྟོན་པའི་ཚིག་དང་དོན་ལྡན་པའི།། ངག་གི་བརྗོད་པ་ཡོད་མིན་ཏེ།། ཞེས་དང༌། ཐོན་མིས་མཛད་པའི་རྩ་བར། མོ་ཡི་ཡི་གེ་མེད་པ་ན།། ཕོ་ཡིག་བརྗོད་པ་མེད་པར་འགྱུར།། ཕོ་ཡིག་དེ་དག་རྣམས་ལ་ཡང༌།། འཇུག་པར་བཅས་པར་མེད་ན་ནི།། དོན་རྣམས་བརྗོད་པར་མི་འགྱུར་རོ།། ཞེས་དང༌། སུམ་ཅུ་པའི་རྩ་བ་ལས། ཨ་ལི་བཞི་ལས་གང་ལྡན་ཡང༌།། རྗེས་འཇུག་བཅུ་པོ་མ་ཞུགས་ན།། མིང་གཞན་སྦྱོར་བ་ཡོང་མི་སྲིད།། ཅེས་གསལ་བར་བསྟན་པས་ཤེས། དེ་བས་ན་སྐབས་འདིར་དབྱངས་ལྔར་བཞེད་པ་དག་གིས་ཀ་ལ་ཀའ་ཞེས་རྗེས་འཇུག་ཞུགས་པའི་འ་དེ་བཞིན་དབྱངས་ལ་འཁྲུལ་ནས་བཤད་པ་ནི་ཅུང་མ་དག་པ་འདྲ་སྟེ། ཐོན་མིས། གསལ་བྱེད་ལ་སུམ་ཅུ་དང་དབྱངས་ལ་བཞིའི་ངེས་གཏན་མཛད་པ་ཡིན་སྟབས། ཡང་ན་ནི་གསལ་བྱེད་ཉེར་དགུ་དང༌། དབྱངས་ལྔ་བཅས་སུ་གཏན་འགེལ་དགོས་རྒྱུ་ལ། འདི་འདྲ་ནི་བརྡ་སྤྲོད་ཀྱི་རྩ་བ་དང་འགལ་བ་ཡིན། དེས་ན་ཨ་ཡིག་ནི་དབྱངས་གསལ་གཉིས་སུ་ཕྱེ་བའི་དབྱངས་ཀྱི་སྐབས་སུ་མོ་དང་གསལ་བྱེད་ཀྱི་སྐབས་སུ་ཕོ་ཡིག་ཡིན་སོགས་སྨྲོས་དགོས་རྒྱུ་ལ་དེ་འདྲ་གསུང་ནུས་མ་ཐོན་པར་འདུག་པ་སོགས་ལ་བརྟག་ཅིང་དཔྱད་དགོས་པའང་གནད་འགངས་ཆེ་བ་ཡིན།
རྩ་བར།
མིང་ཚིག་བརྗོད་པ་མེད་ན་ནི།།
མཐུན་མོང་མཐུན་མོང་མ་ཡིན་པའི།།
ཤེས་བྱ་སྟོན་པའང་མེད་པར་འགྱུར།།
ཞེས་བྱུང༌། དེའི་དོན་ནི། མིང་དང་ཚིག་གི་བརྗོད་པ་མེད་པར་གྱུར་ན་ནི། མཐུན་མོང་གི་ཤེས་བྱ་སྙན་ངག་དང་སྐར་རྩིས་སོགས་དང༌། མཐུན་མོང་མ་ཡིན་པ་ནང་པའི་མདོ་སྔགས་ཀྱི་བཀའ་བསྟན་རྣམས་ཀྱི་གཞུང་དོན་ལ་ཤེས་པར་བྱ་བའི་ཡུལ་སྟོན་པའང་མེད་པར་འགྱུར་བ་ཡིན་ཞེས་པའོ།།
རྩ་བར།
དེ་ཕྱིར་འཕགས་ཡུལ་མཁས་རྣམས་ཀྱི།།
རྗེས་སུ་འབྲངས་ནས་གསུངས་པ་འདི།།
སྐྱེ་བོ་ཀུན་གྱིས་རྟོགས་གྱུར་ཅིག།།
ཅེས་བྱུང༌། དེའི་དོན་ནི། དགོས་པ་དང་རྒྱུ་མཚན་དེ་དག་གི་ཕྱིར་ན། རྒྱ་གར་འཕགས་ཡུལ་གྱི་མཁས་པ་ཆེན་པོ་བྲམ་ཟེ་ལི་བྱིན་ཀ་ར་ལ་སོགས་པ་རྣམས་ཀྱི་རྗེས་སུ་འབྲངས་ནས་སློབ་དཔོན་ཐོན་མིས་མཛད་པའི་སུམ་རྟགས་གཉིས་ཀྱི་དགོངས་དོན་དེ་བཞིན། བོད་ཀྱི་ཤེས་རིག་ལ་འཇུག་འདོད་རྣམས་ཀྱིས་དེ་དེ་བཞིན་དུ་རྟོགས་པར་གྱུར་ཅིག་ཅེས་སྨོན་མཚམས་སྦྱར་བའོ།།
རྩ་བར།
ཚིག་གི་སྒྲ་ཙམ་འདྲ་ན་ཡང༌།།
དོན་ལ་ཁྱད་པར་ཤིན་ཏུ་ཆེ།།
དེ་ཕྱིར་བརྡ་དག་ལ་བརྟེན་ནས།།
མ་ནོར་དོན་རྣམས་འཚོལ་བ་གཅེས།།
ཞེས་བྱུང༌། དེའི་དོན་ནི། མིང་ཚིག་རྣམས་ཀྱི་སྒྲ་འདྲ་བ་མང་དུ་སྣང་ནའང༌། དེ་དག་གིས་དོན་སྟོན་སྟངས་མི་འདྲ་བ་ཡིན་སྟབས། མཁས་པ་རྣམས་ཀྱིས་དཔྱད་ཅིང་བརྟག་ནས་གཏན་ལ་ཕབ་པའི་བརྡ་སྤྲོད་ཀྱི་གཞུང་འགྲེལ་ཁག་ལ་བརྟེན་ནས་མིང་ཚིག་གི་དག་སྡེབ་རྣམས་མ་ནོར་བར་ངེས་པ་བྱས་ནས་དེ་དག་གི་དོན་འཚོལ་བའི་འབད་པ་བསྟེན་རྒྱུ་ནི་དུས་ནམ་ཡང་སེམས་ལ་གཅེས་པར་བཟུང་དགོས་གདམས་པའོ།། སྒྲ་འདྲ་ཞེས་པ་ནི། དྲག་དང་གྲག དོག་དང་ཏོག་སོགས་ལ་དམིགས་པར་གསུངས་སོ།།
རྩ་བར།
དོན་ལ་མི་རྨོངས་རྨོངས་པ་ཡང༌།།
ལུགས་འདིར་མཁས་མིན་གྱིས་བྱེད་དེ།།
སྒྲ་ཤེས་དོན་ལ་མི་རྨོངས་ཞེས།།
མཁས་པའི་གསུངས་ལ་ཡོངས་སུ་གྲགས།།
ཞེས་བྱུང༌། དེའི་དོན་ནི། བརྡ་སྤྲོད་པའི་གཞུང་ལུགས་རྣམས་ཚུལ་བཞིན་སྦྱངས་ཤིང་རྟོགས་པར་བྱས་པས། བཀའ་བསྟན་སོགས་གཞུང་ལུགས་རབ་འབྱམས་ཀྱི་དགོངས་དོན་ཇི་བཞིན་རྟོགས་པ་ལ་མི་རྨོངས་པའི་གདེང་ཐོན་པ་དང༌། ལུགས་འདིར་མ་སྦྱངས་པས་ནི། ཤེས་བྱའི་གནས་རྟོགས་པ་ལ་རྨོངས་ཤིང་འཐོམས་པར་འགྱུར་བ་ལགས་སྟབས། གཞུང་དོན་གང་ཞིག་བདེ་བླག་ཏུ་རྟོགས་ཐུབ་མིན་དེ་ཡང༌། གཙོ་ཆེ་ཤོས་བརྡ་སྤྲོད་ཀྱི་གཞུང་ལུགས་ནང་བྱན་ཆུད་མ་ཆུད་ཀྱིས་འབྱེད་པ་སྟེ། ཚུལ་འདིར་དགོངས་ནས་སྔོན་གྱི་དམ་པ་ཚོས། སྒྲ་ཤེས་ན་དོན་ལ་མི་རྨོངས་ཞེས་གསུངས་པ་ཡིན། བོད་ཀྱི་རིག་གཞུང་གི་ཆ་ནས་བྱས་ན། སྒྲ་རིག་པ་ནི་སུམ་རྟགས་གཉིས་ཡིན། སུམ་རྟགས་གཉིས་ཀྱི་དགོངས་དོན་འཁྲིད་པ་དང་ལག་ལེན་བསྟར་སྟངས་དོན་སོན་མ་བྱུང་བའི་དབང་གིས། ང་ཚོས་དག་ཡིག་ཅེས་སྐྱབས་རེ་ས་ཞིག་ལོགས་སུ་ཕྱེ་བ་ཡིན་ལ། སུམ་རྟགས་དཔྱིས་ཕྱིན་པ་ཤེས་པས་ནི་དག་ཡིག་ཅེས་ལོགས་སུ་མཐུག་པོ་རེ་འགོད་པའི་དགོས་མཁོ་མེད་པའང་ཡིན་ནོ།།
རྩ་བར།
འདི་ལ་མ་སྦྱངས་རྨོངས་ཚོད་ཀྱིས།།
འཆད་རྩོད་རྩོམ་པའི་གྲྭར་འཇུག་པ།།
ཝ་སྐྱེས་སེང་ལྤགས་གྱོན་པ་བཞིན།།
ནམ་ཞིག་རྗེས་ངན་གསལ་བར་འགྱུར།།
དེ་ཕྱིར་བློ་གསལ་དོན་གཉེར་རྣམས།།
རྟགས་འཇུག་དཀའ་ནད་གཟུགས་བརྙན་ཀུན།།
གསལ་བར་འཆར་བའི་མེ་ལོང་འདིར།།
ལ་འུར་གཟིགས་མོར་སྤྱོན་དང་ཀྱེ།།
འདི་ལ་ནོངས་པའི་ཚོགས་མཆིས་ན།།
གཟུར་གནས་མཁས་པའི་སྤྱན་སྔར་འཆགས།།
ཞེས་བྱུང༌། དོན་ནི་སླ། སྤྱོན་ནི་བྱོན་གྱི་སྐུལ་ཚིག ལ་འུར་ནི་མྱུར་སྟབས་ཀྱི་དོན། ནོངས་པ་ནི་ཉེས་པར་གྱུར་པའི་ཚོགས། གཟུར་གནས་ནི་གནས་ལུགས་ལ་དྲང་བདེན་གྱིས་གཞལ་མཁན། འཆགས་ནི་བཤགས་དང་དོན་འདྲའོ།།
སྨྲས་པ།
བརྡ་སྤྲོད་ཤེས་བྱའི་བགྲོད་པ་ལེགས་བསྟེན་ཏེ།།
ཤེས་རིག་རྒྱ་མཚོ་ཆེན་པོའི་ཀློང་ཡངས་སུ།།
འཇུག་ལ་གཟིངས་ཆུང་ཤིན་ཏུ་སྟབས་བདེ་འདི།།
བདག་འདྲ་དགའ་བ་བསྐྱེད་པའི་སྐྱེས་སུ་བཏེགས།།
འགལ་འཁྲུལ་ནོངས་དང་སྐྱོན་ལ་མཛུབ་འཛུགས་ཀྱིས།།
བསླབ་འདོན་བཅོས་སྒོ་གནང་མཁན་འགའ་ཡོད་ན།།
བརྡ་སྤྲོད་བསྟན་པ་རྒྱས་ཤིང་སྤེལ་བ་ཡི།།
གསོས་སུ་སྟོབས་པ་མཁས་པ་དགྱེས་པའི་ལམ།།
འགྲེལ་བ་འདི་བཞིན། ཕྱི་ལོ་ ༢༠༠༣ ཟླ་ ༡༠ ཚེས་ ༡༢ ནས་ཕྱི་ལོ་ ༢༠༠༤ ཟླ་ ༡༠ ཚེས་ ༡༩ ཉིན་བར་ནོར་གླིང་མཐོ་སློབ་སྐབས་གསུམ་པའི་སློབ་གཉེར་བ་རྣམས་ལ་བརྡ་སྤྲོད་སློབ་ཁྲིད་ཀྱི་སྐབས་སུ། དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པ་《རྟགས་ཀྱི་འཇུག་པའི་སྙིང་པོའི་ངོན་མདོ་ཙམ་བརྗོད་པ་དཀའ་གནད་གསལ་བའི་མེ་ལོང་》སློབ་ཟིན་དུ་བཏབས་ཤིང་། ད་ལམ་བསྐྱར་ཞིབ་དང་བཅས་པའི་རིམ་པ་འདིར་ཕན་དགེ་ཕྲན་ཙམ་སྲིད་ན་ནི། བོད་གངས་ཅན་པའི་བརྡ་སྤྲོད་རིག་གནས་ཀྱི་བསྟན་པ་རྒྱས་པའི་ཆེད་དུ་བསྔོ་བ་ལགས་སོ།། །།
ཕྱི་ལོ་ ༢༠༠༤ ཟླ་ ༡༢ ཚེས་ ༥ ཉིན་ཐོག་མའི་མ་ཟིན་བཏབས།
ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༩ ལ་མཐའ་མའི་བསྐྱར་བཅོས་གྲུབ།