རྩ་བར།
ནི་ནི་དགར་དང་བརྣན་པའི་སྒྲ།།
ཞེས་བྱུང་། དེའི་དོན་ནི། ནི་ཞེས་པའི་ཚིག་ཕྲད་འདི་མིང་ཚིག་དང་མཉམ་དུ་སྦྱར་བས་དགར་བ་དང་བརྣན་པའི་དོན་དག་གཉིས་ལ་འཇུག་ཅེས་པའོ།།
༡ དགར་བ་ལ་འཇུག་པ་ནི།
དགར་བར་བྱ་བའི་གཞི་ལས་ལོགས་སུ་དགར་བ་ཞིག་ལ་ཟེར། ཁུ་བྱུག་ནི་བྱ་གཞན་ལས་སྐད་སྙན། ཤུག་པ་ནི་ཤིང་གཞན་ལས་དྲི་ཞིམ་ལྟ་བུ་ལ་རིགས་མཐུན་དགར་བ་ཟེར། ཡང༌། ཁུ་བྱུག་ནི་བོང་བུ་ལས་སྐད་སྙན། རྟ་ནི་བོང་བུ་ལས་འགྲོས་མགྱོགས་ལྟ་བུ་ལ་རིགས་མི་མཐུན་པར་དགར་བ་ཟེར། དེས་ན། དགར་བ་ལ་རིགས་གཉིས་ཡོད།
༢ བརྣན་པ་ལ་འཇུག་པ་ནི།
ནན་ཏན་དུ་བྱས་པའི་དོན་ལ་ཟེར། ནན་ནི་ནན་ནན་ཅག་ཅག་གི་དོན་དང་བརྣན་ནི་དེ་བས་ཀྱང་ནན་ཏན་དུ་བྱས་པའི་དོན་ཡིན། ཡང་བརྣན་པ་ནི་ངོས་བཟུང་བའམ་གསལ་བར་བྱས་པ་ལའང་འཇུག དཔེར་ན། སློབ་གྲྭར་ནི་ཞུགས། སློབ་སྦྱོང་ནི་བྱས། གོང་འཕེལ་ནི་མགྱོགས། ཡོན་ཏན་ནི་འབྱོར་ལྟ་བུ་ཡིན།
དང་སྒྲ།
རྩ་བར།
དང་ནི་འབྱེད་སྡུད་རྒྱུ་མཚན་དང་།།
ཚེ་སྐབས་གདམས་ངག་ལྔ་ལ་འཇུག།
ཅེས་བྱུང་། དེའི་དོན་ནི། དང་སྒྲ་ནི། འབྱེད་པ་དང་སྡུད་པ། རྒྱུ་མཚན་དང་ཚེ་སྐབས། གདམས་ངག་སྟོན་པ་བཅས་ལྔ་ལ་འཇུག་པ་དང་། དེ་ཡང་།
༡ འབྱེད་པ་ལ་འཇུག་པ་ནི།
འདི་ལ་ཤར་དང༌། ལྷོ་དང༌། ནུབ་དང༌། བྱང་བཅས་ནི་ཕྱོགས་བཞིའོ་ལྟ་བུ་ལ་ཕྱོགས་གཅིག་ཏུ་སྡུད་པ་ཟེར། ཡང༌། གཞུང་ལམ་ནི་བགྲོད་ན་བདེ་སྟེ། རྐང་ལམ་དང་རྟ་ལམ་ཡང་ངོ་ལྟ་བུ་ལ་སྔ་མ་སྔ་མ་རྣམས་ཕྱི་མར་སྡུད་པ་སྟེ་སྔ་མར་སྦྱར་བའི་ཆོས་ཕྱི་མར་སྡུད་པ་ཟེར། དེ་ལས་གཞན་ད་དུང༌། ཉི་མ་དང་ཟླ་བ་དང་སྐར་མ་ལས་ཀྱང་གློག་སྒྲོན་འདི་འོད་ཆེའོ་ལྟ་བུ་ལ་ཆོས་ཕྱི་མ་རྣམས་སྔ་མར་སྡུད་པ་ཟེར།
༢ སྡུད་པ་ལ་འཇུག་པ་ནི།
དབང་པོ་ནི་ལྔ་སྟེ། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་རྣམས་སོ་ལྟ་བུ་ཡིན།
༣ རྒྱུ་མཚན་ལ་འཇུག་པ་ནི།
དུ་བ་མཐོང་བ་དང་མེ་ཡོད་པར་ཤེས་ལྟ་བུ་ཡིན།
༤ ཚེ་སྐབས་ལ་འཇུག་པ་ནི།
ཉི་མ་ཤར་བ་དང་སློབ་གྲྭར་བསྐྱོད་ལྟ་བུ་ཡིན།
༥ གདམས་ངག་ལ་འཇུག་པ་ནི།
འདི་གྱིས་དང་ལེགས། འདི་མ་བྱེད་དང་བཟང་ལྟ་བུ་ཡིན། གདམས་ངག་ཅེས་པ་ནི་ཕན་པའི་ཚིག་ཏུ་གོ་བ་བླངས་པས་འགྲིག་པ་ཡིན།
དེ་སྒྲ།
རྩ་བར།
མིང་གི་ཐོག་མའི་དེ་སྒྲ་ནི།།
ཐ་སྙད་འདས་མ་ཐག་པ་དང་།།
རྣམ་གྲངས་གཞན་ཅན་གཉིས་ལ་འཇུག།
ཅེས་བྱུང་། དེའི་དོན་ནི། ཐ་སྙད་འདས་མ་ཐག་པ་དང་། རྣམ་གྲངས་གཞན་ཅན་གཉིས་ལ་འཇུག་པ་སྟེ། དེལའང་ཞིབ་ཀྱིས་དབྱེ་བས། ཐ་སྙད་ཀྱི་དབང་གིས་གསུམ་དང༌། དངོས་པོའི་དབང་གིས་བཞི། དུས་ཀྱི་དབང་གིས་གཉིས་བཅས་དོན་དག་དགུ་ལ་འཇུག་པ་ཡིན།
ཐ་སྙད་ཀྱི་དབང་གིས་གསུམ་ལ་འཇུག་པ་ནི།
༡ ཐ་སྙད་འདས་མ་ཐག་པ་ལ་འཇུག་པ།
དངོས་པོའི་མིང་སླར་བརྗོད་མི་དགོས་པར་དེ་སྒྲས་དངོས་པོ་དེ་སྟོན་ནུས་པ་ཞིག་སྟེ། དཔེར་ན། དེ་ན་གངས་རི་དང་ནགས་རི་མང་ངོ༌།། གནམ་གྲུ་ནི་ཤིན་ཏུ་ཆེའོ།། དེ་བྱ་ལས་ཀྱང་མགྱོགས། དེ་སྐྱེལ་འདྲེན་ལ་བཟང་ལྟ་བུ་ཡིན།
༢ ཐ་སྙད་རྣམ་གྲངས་གཞན་བརྗོད་པ་ལ་འཇུག་པ།
བརྗོད་བྱ་སྟོན་རྒྱུའི་རང་མིང་དངོས་སུ་མ་སྨྲོས་པར་དེ་སྒྲའི་ཤུལ་དུ་དོན་གྱི་རྣམ་གྲངས་གཞན་ཞིག་སྦྱོར་རྒྱུ་ཡོད་པ་ཞིག་སྟེ། དེ་ལ་ལྟོ་བྱིན་ཅིག དེ་ལ་ལས་ཀ་སྤྲོད་ཅིག་ལྟ་བུ་ཡིན།
༣ ཐ་སྙད་ལྷག་བཅས་ལ་འཇུག་པ།
རང་ཉིད་ཀྱི་ཤུལ་དུ་དོན་གཞན་མི་མཚོན་ཀྱང་བསྟན་བྱའི་ལྷག་མ་ཡོད་པར་སྟོན་པ་ཞིག་སྟེ། ས་ལ་བསྡད་དེ་ལྟོ་ཟས་ཟོས། ཟིན་ཐོར་བཀོད་དེ་ཡིག་སྣོད་དུ་བཞག་ལྟ་བུ་ཡིན།
དངོས་པོའི་དབང་དུ་བཞི་ལ་འཇུག་པ་ནི།
༡ བདེན་པའི་དངོས་པོ་སྟོན་པ་ལ་འཇུག་པ།
བརྗོད་པར་བྱ་བའི་དངོས་པོའི་རང་བཞིན་གསལ་བར་སྟོན་པ་ཞིག་ལ་ཟེར། དཔེར་ན། དེ་ག་རང་རེད། དེ་ག་རང་བདེན་ནོ།། ཞེས་པ་ལྟ་བུ་ལ་ཟེར།
༢ གསང་བའི་དངོས་པོ་སྟོན་པ་ལ་འཇུག་པ།
གསང་བྱའི་དོན་དེ་དེ་སྒྲས་སྟོན་ནུས་པ་ཞིག་སྟེ། དཔེར་ན། དེ་མ་ལེན། དེ་མ་སྟོན། དེ་མ་འཇུ་ལྟ་བུ་ཡིན།
༣ བདག་གི་དངོས་པོ་སྟོན་པར་འཇུག་པ།
དངོས་པོ་གང་ཞིག་རང་ཉིད་ཀྱི་ཡིན་པ་དེ་སྒྲས་སྟོན་པ་སྟེ། དཔེར་ན། བདག་གི་དེ། བདག་གི་དེབ་དེ། བདག་གི་ཁང་པ་དེ་ལྟ་བུ་ཡིན།
༤ གཞན་གྱི་དངོས་པོ་སྟོན་པ་ལ་འཇུག་པ།
རང་ལས་ཐ་དད་པའི་གང་ཟག་དང་དེ་དང་འབྲེལ་བའི་དངོས་པོ་དེ་སྒྲས་སྟོན་པ་ཞིག་སྟེ། དཔེར་ན། ཁོའི་དེབ་དེ། ཁོའི་ཁྱི་དེ། གཞན་གྱི་ནོར་དེ་ལྟ་བུ་ལ་ཟེར།
དུས་ཀྱི་དབང་དུ་གཉིས་ལ་འཇུག་པ་ནི།
༡ དུས་འདས་པ་སྟོན་པ་ལ་འཇུག་པ།
གནའ་སྔ་མོའི་དུས་དེ་ལ། ཁ་སང་གི་དུས་དེ་ལ་ལྟ་བུ་ཡིན།
༢ དུས་མ་འོངས་པ་སྟོན་པ་ལ་འཇུག་པ།
ཟླ་བ་རྗེས་མ་དེ་ལ། སང་གི་ད་ཚོད་ཀྱི་དུས་དེ་ལ་ལྟ་བུ་ཡིན།
དེ་སྒྲའི་སྐབས་འདི་དང་འབྲེལ་ནས་ཤེས་དགོས་པའི་གནད་ཅིག་ནི་འདི་སྒྲ་དང་དེ་སྒྲའི་ཁྱད་པར་སྐོར་ཡིན།
ཁྱད་པར་ཅི་ཡོད་ནི།
ཤེས་བྱའི་དབང་དུ་བྱས་ན། མངོན་གྱུར་ལ་འདི་དང་ལྐོག་གྱུར་ལ་དེ།
ཉེ་རིང་གི་དབང་དུ་བྱས་ན། ཉེ་ས་ལ་འདི་དང་རིང་ས་ལ་དེ།
བདག་གཞན་གྱི་དབང་དུ་བྱས་ན། བདག་ལ་འདི་དང་གཞན་ལ་དེ།
དུས་ཀྱི་དབང་དུ་བྱས་ན། ད་ལྟ་ལ་འདི་དང་འདས་མ་འོངས་ལ་དེ།
སྤྱི་སྒྲ།
རྩ་བར།
ཅི་ཇི་སུ་གང་སྤྱི་སྒྲ་སྟེ།།
ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི།།
སྙེད་སྲིད་ལྟར་བཞིན་སྐད་ལ་ཇི།།
སུ་ནི་གང་ཟག་གང་ཀུན་ལ་འོ།།
ཞེས་བྱུང་། དེའི་དོན་ནི། སྤྱི་སྒྲ་ཟེར་བ་ནི། དོན་གྱི་རིགས་དང་ཚོགས་པ་ལ་སོགས་པ་སོ་སོའི་དབྱེ་བ་མ་ཕྱེས་པར་མཐའ་དག་གམ་ཚང་མ་ལ་ཁྱབ་པར་སྤྱིར་བརྗོད་པ་ཞིག་ལ་ཟེར། ཡང་ན། དོན་དག་གང་ཡང་དམིགས་སུ་མ་བཀར་བར་སྤྱི་རྡོག་ཏུ་སྟོན་པ་ཞིག་ལ་སྤྱི་སྒྲ་ཟེར། སྤྱི་སྒྲ་ལ་སྤྱི་ལ་འཇུག་པ་དང་སྤྱི་སྒྲ་བྱེ་བྲག་ལ་འཇུག་པ་གཉིས་ཡོད།
སྟོན་བྱེད་ཀྱི་ཕྲད་ནི། གང་ཅི་ཇི་སུ་བཅས་ཡིན།
སུ གང་ཟག་ཁོ་ན་སྟོན་བྱེད་དུ་སྦྱོར་དགོས།
གང གང་ཟག་དང་དངོས་པོ་གཉིས་ཀར་སྦྱོར་རུང༌།
ཇི དཔེ་སྟོན་བྱེད་དུ་སྦྱོར་དགོས།
ཅི དྲི་བ་གསལ་བར་སྟོན་པར་སྦྱོར་དགོས།
འཇུག་ཚུལ་གྱིས་ཕྱེས་ན།
རྩ་བར།
ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི།།
སྙེད་སྲིད་ལྟར་བཞིན་སྐད་ལ་ཇི།།
ཞེས་པའི་དོན་ནི། ཞིག སྟེ། སླད། འདྲ། ཕྱིར་བཅས་ཀྱི་མདུན་དུ་ཅི་སྦྱོར་དགོས་པ་སྟེ། དཔེར་ན། ཅི་ཞིག ཅི་སྟེ། ཅི་སླད། ཅི་འདྲ། ཅི་ཕྱིར་ཞེས་འབྲི་དགོས་པ་དང༌། སྙེད། སྲིད། ལྟར། བཞིན། སྐད་བཅས་ཀྱི་མདུན་དུ་ཇི་སྦྱོར་དགོས་པ་སྟེ། དཔེར་ན། ཇི་སྙེད། ཇི་སྲིད། ཇི་ལྟར། ཇི་བཞིན། ཇི་སྐད་ཞེས་འབྲི་དགོས་ཞེས་པའི་དོན་ཡིན། སྤྱི་སྒྲའི་སྐོར་ལས་འཕྲོས་པའི་གླེང་བཤད་ཅིག་དེབ་འདིའི་མཇུག་གི་ཟུར་བཀོད་དུ་བཀོད་ཡོད་པ་ནས་ཞིབ་རྟོགས་འཚལ་ལོ། །
བདག་སྒྲ།
རྩ་བར།
ན་རོ་ཡོད་མེད་པ་བ་མ།།
བདག་པོའི་སྒྲ་སྟེ་ག་ད་ན།།
བ་མ་ས་དང་དྲག་མཐར་པ།།
ང་འ་ར་ལ་མཐའ་མེད་ལ།།
བདག་སྒྲ་ཡར་གྱུར་བ་དང་ནི།།
ཆ་ལ་པ་ཉིད་སྦྱོར་བ་ལེགས།།
མིང་མཐའི་པ་བའང་ཕལ་ཆེར་འདྲ།།
མ་ནི་ངེས་མེད་སྐབས་དང་སྦྱར།།
ཞེས་བྱུང་། དེའི་དོན་ནི། རང་རང་གི་བདག་པོའམ་རང་ཉིད་གང་ལ་ལྡན་པའི་གཞི་སྟོན་པ་ཞིག་ལ་བདག་སྒྲ་ཟེར་ཞིང། དེ་ཡང་ག་ད་ན་བ་མ་ས་དང་དྲག་མཐར་པ་ཡིག་འབྲི་བ་དང། ང་འ་ར་ལ་མཐའ་མེད་ལ་བ་ཡིག་དང། དེའི་ནང་ནས་ཀྱང་བདག་སྒྲ་ཡར་གྱུར་གྱི་རིགས་ལ་བ་ཡིག་འབྲི་བ་དང། ཆར་གྱུར་གྱི་རིགས་ལ་པ་ཡིག་འབྲི་བ་སྟེ། མིང་མཐའི་པ་བའི་སྦྱོར་སྟངས་ཀྱང་ཕལ་ཆེར་ཚུལ་འདིར་འདྲ་ཞིང་མཚུངས་པ་ཡིན་ཞེས་པའི་དོན་ཡིན། ཕལ་ཆེར་ཞེས་པས་རྣམ་པ་ཐམས་ཅད་དུ་དེ་ལྟར་ཡིན་པའི་ངེས་པ་མེད་ཅེས་པའི་དོན་སྟོན་པ་ཡིན། འདི་ལས། བདག་སྒྲ་ཡར་གྱུར་བ་དང་ནི།། ཆ་ལ་པ་ཉིད་སྦྱོར་བ་ལེགས།། མིང་མཐའི་པ་བའང་ཕལ་ཆེར་འདྲ།། ཞེས་པའི་དོན་ནི། ཡི་གེ་ཡ་གྲངས་ཅན་གྱིས་བདག་སྒྲ་སྟོན་རིགས་ལ་བ་དང་བོ། ཡི་གེ་ཆ་གྲངས་ཅན་གྱིས་བདག་སྒྲ་སྟོན་རིགས་ལ་པ་དང་པོ་སྦྱོར་དགོས་ཞེས་པའི་དོན་ཡིན། མིང་མཐའི་པ་བ་ཞེས་པའི་སྐབས་ཀྱི་མིང་མཐའ་ནི། བདག་སྒྲའི་ཕྲད་སྦྱོར་ཡུལ་གྱི་མིང་དང་ཚིག་དེ་ལ་གོ་དགོས། དཔེར་ན། ལྷ་ས་བ། ཨ་མདོ་བ། ལྷ་པ། མོ་པ། རྩིས་པ་ལྟ་བུ་ཡིན།
བདག་སྒྲ་དང་མིང་མཐའི་༼ པ ༽་དང་༼ བ ༽འི་སྐོར་བཤད་ན། ག་ད་བ་ས་ན་མ་པ།། ང་འ་ར་ལ་མཐའ་མེད་བ།། ཞེས་པ་ཞིག་ཡོད་པ་དེར་གོ་བ་ལེན་སྟངས་གཉིས་སུ་གྱེས་པས། དང་བོ་ལ་དང་པོ་ཟེར་དགོས་རེད་ལབ་མཁན་དང༌། དང་པོ་ལ་དང་བོ་ལབ་དགོས་རེད་ཟེར་མཁན་རིགས་གཉིས་བྱུང་ཡོད་པ་དང༌། ཕྱོགས་གཉིས་ཀས་སྒྲུབ་བྱེད་སྣ་ཚོགས་འགོད་ཀྱི་ཡོད་ཅིང༌། དེ་བས་ཀྱང་ཁ་ཤས་ཤིག་ནས། པ་དང་བ་གཉིས་ཀྱི་གང་བྲིས་ནའང་དོན་དག་ལ་འགྱུར་བ་མེད་པར་གཅིག་པ་རེད་ལབ་ཀྱི་ཡོད་པ་རེད། དཔེ་མཚོན་ཅིག་བཀོད་ནས་བཤད་ན། ཆུ་མིག་སོགས་ནས་ཆུ་བཅུ་བ་ཞེས་པའི་ལས་ཚིག་གི་སྐབས་བ་ཡིག་འབྲི་བ་དང༌། གྲངས་ཀྱི་བཅུ་ལ་བཅུ་པ་ཞེས་མིང་ཚིག་གི་སྐབས་སུ་པ་ཡིག་འབྲི་བ་གཉིས་ལ་ཁྱད་པར་ཡོད་པ་ཡིན་སྟབས། དེ་གཉིས་ཀྱི་བསྟན་དོན་གཅིག་པར་བཤད་མི་ཐུབ། ཡང༌། ཤར་པ། རོང་པ་ཞེས་པ་ཡིག་འབྲི་བ་དེ་བཞིན། ཤར་ཕྱོགས་སུ་སྡོད་པ་པོ་དང་རོང་ཕྱོགས་ནས་སྡོད་པ་པོ་ཞེས་པའི་སྐབས་ཀྱི་པོ་ཡིག་དང་སྡོད་ཅེས་པའི་ལས་ཚིག་བསྡུས་པའི་པ་ཡིག་ཡིན་པའི་གནད་ཤེས་ན་ངེས་སླ་ཞིང༌། འདིས་མཚོན་ཞིང་ལས་པ་པོ་ལ་ཞིང་པ། མདའ་འཕེན་པ་པོ་ལ་མདའ་པ་སོགས་སྦྱོར་བ་ཡིན། ད་དུང་ཁ་གསལ་དུ་བཏང་ན། མགར་བ། འགྲུལ་བ། ཤར་བ་ཞེས་བ་ཡིག་བཀོད་པས་བྱེད་པ་སྟོན་པ་དང༌། མགར་པ། འགྲུལ་པ། ཤར་པ་ཞེས་པ་ཡིག་སྦྱར་བས་བྱེད་པ་པོ་སྟོན་པའི་ཁྱད་ཡོད་པ་སྟེ། ཤར་བ་ཞེས་བ་ཡིག་སྦྱར་བས་ནི་སེམས་ལ་ཤར་བ། ཉི་མ་ཤར་བ། གོ་སྐབས་ཤར་བ་སོགས་སྟོན་པ་ལས། བདག་སྒྲ་སྟོན་བྱེད་དུ་མི་འགྲོ་བ་ཡིན་སྟབས། བདག་སྒྲ་སྟོན་དགོས་ན་ངེས་པར་དུའང་ཤར་པ་ཞེས་བྲིས་ན་ལས། ནོར་སོ་ཅན་དུ་འགྱུར་བ་སོགས་ཀྱི་གནད་འདིས། པ་དང་བ་གཉིས་ཀྱི་གང་སྦྱར་ཡང་དོན་དག་གཅིག་ཏུ་བལྟ་བ་ནི་ཁུངས་ཐུབ་པའི་རྒྱུ་མཚན་དང་ལྡན་པ་ཞིག་མིན། འདི་ཡང་གནད་དོན་ཅིག་རེད།
དགག་སྒྲ།
རྩ་བར།
མ་མི་མིན་མེད་དགག་སྒྲ་སྟེ།།
མ་མི་ཐོག་མ་མིན་མེད་མཇུག།
མ་ནི་བར་གྱི་གསལ་བྱེད་ལའང་།།
ཅེས་བྱུང་། དེའི་དོན་ནི། དགག་སྒྲ་ནི་དོན་དག་ཅིག་དགག་པར་བྱེད་པ་ཞིག་ལ་ཟེར། སྟོན་བྱེད་ཀྱི་ཕྲད་ནི། མ་མི་མིན་མེད་བཞི་ཡིན།
སྦྱོར་ཚུལ་ནི།
མ་མི་གཉིས་མིང་གི་སྔོན་དང༌། མིན་མེད་གཉིས་རྗེས་སུ་སྦྱོར་བ་ཡིན། དཔེར་ན། མ་རེད། མི་དགོས། རྙེད་རྒྱུ་མེད། ཡོང་རྒྱུ་མིན་ལྟ་བུ་ཡིན། གཞན་ཡང་། མ་ནི་བར་གྱི་གསལ་བྱེད་ལའང་ཞེས་པས། དཔེར་ན། ར་མ་ལུག ས་མ་འབྲོག བྱ་མ་བྱེའུ། ལྟ་བུ་བར་དུ་སྦྱར་བས་དགག་བྱ་ཕྱོགས་གཉིས་ཀ་དགག་པ་སྟོན་པའང་ཡོད་དོ་ཞེས་པའི་དོན་ནོ། །
ཚིག་ཕྲད་ཞིང་སོགས་བཤད་པ།
རྩ་བར།
ཚིག་ཕྲད་ཞིང་སོགས་ང་ན་མ།།
འ་དང་ར་ལ་མཐའ་མེད་མཐར།།
ཞིང་ཞེས་ཞེའོ་ཞེ་ན་ཞིག།
ག་ད་བ་དང་ད་དྲག་མཐར།།
ཅིང་ཅེས་ཅེའོ་ཅེ་ན་ཅིག།
ས་མཐར་དམིགས་བསལ་ཞེས་མ་གཏོགས།།
ཤིང་ཤིག་ཤེའོ་ཤེ་ན་འཐོབ།།
འོན་ཀྱང་ཁ་ཅིག་ལྷན་ཅིག་སོགས།།
མིང་གི་ཆ་དང་མ་ནོར་གཅེས།།
ཞེས་པའི་དོན་ནི། ཚིག་ཕྲད་ཞིང་སོགས་ནི་རྩ་བར་གསལ་འཁོད་ལྟར་གྱི་སྦྱོར་ཚུལ་ལྟར་ངེས་དགོས་པ་དང་། ཁ་ཅིག་དང་ལྷན་ཅིག ཆབས་ཅིག་ལྟ་བུ་ནི་མིང་གི་ཆ་ཤས་ཡིན་པ་ལས་ཚིག་ཕྲད་མིན་པ་ཤེས་དགོས་ཞེས་པའི་དོན་ཡིན། དེ་བཞིན་དུ། ཁ་ཅིག ལྷན་ཅིག ཐབས་ཅིག སྐབས་ཤིག སྟབས་ཅིག ཆབས་ཅིག་སོགས་ནི་མིང་གི་ཆ་ཤས་ཙམ་ལས། ཚིག་ཕྲད་ཀྱི་རྣམ་པ་ཅན་མིན་པ་འདི་དག་ཀྱང་མ་ནོར་བར་ཤེས་དགོས་པ་གནད་འགག་ཡིན་ཞེས་པའི་དོན་ནོ།།
རྩ་བར།
རྐྱང་པ་འཕུལ་ལ་འ་མཐའ་དགོས།།
གུག་ཀྱེད་བརྩེགས་འདོགས་ཅན་ལ་སྤངས།།
ཞེས་བྱུང། དེའི་དོན་ནི། ཡི་གེ་གང་ཞིག་དབྱངས་བཞི་དང་། འདོགས་ཅན། ར་ལ་ས་ཡི་མགོ་ཅན་གང་དང་ཡང་མི་ལྡན་པའི་རྐྱང་པ་སྟེ། ད། ག།ན། བ། ལྟ་བུར་སྔོན་འཇུག་གི་ཡི་གེ་ཞིག་སྦྱོར་དགོས་པའི་སྐབས་ན། ངེས་པར་དུ་སྔོན་འཇུག་དེ་སྦྱར་བའི་རྗེས་ལ། རྗེས་འཇུག་འ་ཡིག་ངེས་པར་དགོས་ཞེས་པའི་དོན་ཡིན། དེ་ལྟར་བཤད་དོན་ནི། བད། དག གན། འབ། ལྟ་བུར་བཞག་པས་སྔོན་རྗེས་མིང་གཞིའི་ཡི་གེའི་ཁྱད་མི་ཕྱེད་པ་འདི་འདྲའི་སྐབས་སུ། ཡི་གེའི་ཕྱི་མོའི་སྐབས་སུ། དའ། གའ། ནའ། བའ། ཞེས་སུ་ཡོད་པ་དེ་གསལ་བར་བྱས་ཏེ། བདའ། དགའ། གནའ། འབའ། ཞེས་སུ་འགོད་འབྲི་ངེས་པར་དགོས་པའི་གནད་བསྟན་པ་ཡིན་ནོ། །
དབུ་ཁྱུད་དང་ཤད་སོགས་ཀྱི་སྦྱོར་ཚུལ།
རྩ་བར།
ལྷུག་པའི་དོན་མང་མིང་མཚམས་དང་། །
དོན་འབྲིང་འབྱེད་དང་དོན་ཉུང་རྫོགས། །
ཚིགས་བཅད་ག་མཐར་ཆིག་ཤད་བྱ། །
རྫོགས་ཚིག་མཐའ་ཅན་ལྷུག་པ་དང་། །
ཚིགས་བཅད་རྐང་མཐར་ཉིས་ཤད་འཐོབ། །
དོན་ཚན་ཆེན་མོ་རྫོགས་པ་དང་། །
ལེའུའི་མཚམས་སུ་བཞི་ཤད་དགོས། །
ང་ཡིག་མ་གཏོགས་ཡིག་ཤད་དབར། །
ཚེག་མེད་དེ་སོགས་ཞིབ་ཏུ་འབད། །
ཞེས་བྱུང་། དེའི་དོན་ནི། འགྲེལ་བ་འདིའི་དབུར་ཡི་གེ་སྤྱི་དང་ནང་གསེས་ཀྱི་དབྱེ་བར་སྲོག་གི་ཡི་གེ་དང་། རྐྱེན་གྱི་ཡི་གེ་སོགས་བཤད་པའི་སྐབས་སུ་ངོ་སྤྲོད་སོང་ཟིན་པ་དེས་འཐུས་པར་བྱས་ཏེ། འདིར་རྒྱས་འབྲིའི་ངལ་བ་སྤངས། གོང་དུ་སོང་ཟིན་ནས་རྟོགས་པར་སྐུལ་ལོ།།
ཚིག་གི་ལོ་མས་མ་བསྒྲིབས་ཤིང་། །
དོན་གྱི་འབྲས་བུ་གཡུར་ཟ་བའི། །
ལེགས་བཤད་ལྗོན་པའི་དབང་པོ་འདི། །
དབྱངས་ཅན་གྲུབ་པའི་རྡོ་རྗེས་སྤེལ། །
ཞེས་བྱུང་། དེའི་དོན་ནི་གོ་སླའོ།། དགེའོ།། །།
སྨྲས་པ།
མཁས་མང་རྣམ་དཔྱོད་རྒྱ་མཚོའི་ཆུ་ཐིགས་སྟོང་།།
བསགས་པའི་བློ་རྩལ་སྤུངས་པའི་གྲུ་གཟིངས་འདི།།
བློ་གསར་བདག་འདྲའི་ཚོགས་ལ་ནོམ་དུ་སྤེལ།།
འགལ་འཁྲུལ་ནོར་བ་མཁས་མང་སྤྱན་སྔར་བཤགས།།
ལེགས་བཤད་ལྗོན་དབང་གི་འགྲེལ་བ་བརྡ་སྤྲོད་རྒྱ་མཚོར་འཇུག་བདེའི་གྲུ་གཟིངས་ཞེས་བྱ་བ་མདོར་བསྡུས་སུ་བགྱིས་གྲུབ་བོ།།
འགྲེལ་བ་འདི་བཞིན། ཕྱི་ལོ་ ༢༠༠༣ ཟླ་ ༡༠ ཚེས་ ༡༢ ནས་ཕྱི་ལོ་ ༢༠༠༤ ཟླ་ ༡༠ ཚེས་ ༡༩ ཉིན་བར་ནོར་གླིང་མཐོ་སློབ་སྐབས་གསུམ་པའི་སློབ་གཉེར་བ་རྣམས་ལ་བརྡ་སྤྲོད་སློབ་འཁྲིད་ཀྱི་སྐབས། དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པ་《སུམ་ཅུ་པའི་སྙིང་པོའི་དོན་གསལ་བྱེད་ལེགས་བཤད་ལྗོན་པའི་དབང་པོ》སློབ་ཟིན་དུ་བཏབས་ཤིང་། ད་ལམ་བསྐྱར་ཞིབ་དང་བཅས་པའི་རིམ་པ་འདིར་ཕན་དགེ་ཕྲན་ཙམ་སྲིད་ན་ནི། བོད་གངས་ཅན་པའི་བརྡ་སྤྲོད་རིག་གནས་ཀྱི་བསྟན་པ་རྒྱས་པའི་ཆེད་དུ་བསྔོ་བ་ལགས་སོ།། །།
ཕྱི་ལོ་ ༢༠༠༤ ཟླ་ ༡༢ ཚེས་ ༥ ཉིན་ཐོག་མའི་མ་ཟིན་བཏབས།
ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༩ ལ་མཐའ་མའི་བསྐྱར་བཅོས་གྲུབ།