༡ ༽ སྤྱི་ལ་འཇུག་པའི་སྤྱི་སྒྲ་དང༌། བྱེ་བྲག་ལ་འཇུག་པའི་སྤྱི་སྒྲ། དྲི་བ་ལ་འཇུག་པའི་སྤྱི་སྒྲ་བཅས་གླེང་བ།

    དེ་ཡང་རིགས་མཐུན་སྤྱི་ལ་ཁྱབ་པར་འཇུག་པའི་སྤྱི་སྒྲ་ནི་སྤྱི་སྒྲ་དངོས་ཞེས་གཞུང་ལུགས་རྣམས་སུ་རྩེ་མཐུན་དུ་བཞེད་ཅིང༌། བྱེ་བྲག་ལ་འཇུག་པའི་སྤྱི་སྒྲ་དང་དྲི་བ་ལ་འཇུག་པའི་སྤྱི་སྒྲ་གཉིས་ནི་སྤྱི་སྒྲའི་ཕྱོགས་གཏོགས་སམ་སྤྱི་སྒྲ་ཆ་འདྲ་བར་བཞེད་པའང་ཡིན་ནོ།།

གཅིག ཕྲད་ཀྱི་རིམ་པ་བཤད་པ།
    དེ་ཡང་རྩ་བར།  

མིང་གང་རུང་བའི་དང་པོ་རུ།།
དང་པོ་ལ་ནི་གཉིས་པ་སྦྱར།།
སྤྱི་ལ་ཁྱབ་པ་ཉིད་དུ་འགྱུར།།  ཞེས་བྱུང༌།

    དེ་ཡང་པྲ་ཏི་རིན་ཆེན་དོན་གྲུབ་ཞབས་ཀྱིས། མིང་གང་ཡང་རུང་བའི་དང་པོ་སྟེ་ཐོག་མ་རུ། རྗེས་འཇུག་གི་ཡི་གེ་དང་པོ་ག་ལ། གཉིས་པ་ང་ཡིག་སྦྱར་བས་གང་ཞེས་གྲུབ། ཞེས་དང། སི་ཏུས། གང་ཡང་རུང་བའི་མིང་བརྗོད་པའི་དང་པོར་རྗེས་འཇུག་དང་པོ་ག་ལ་གཉིས་པ་ང་སྦྱར་བས་གང་ཞེས་གྲུབ། ཅེས་པ་ལྟར། ག་ལ་ང་སྦྱར་བའི་ཆ་ནས་གང་སྒྲ་འམ། གཤམ་གསལ་གོ་དོན་གྱི་རིམ་པ་དང་རྩ་ཚིག་ཏུ་གསལ་བ་གཞིར་བྱས་པས་སྤྱི་སྒྲ་ཞེས་ཀྱང་བསྙད་པ་ཡིན། དེ་ཡང་གང་སྒྲ་ནི་དངོས་སུ་བསྟན་པའི་ཕྲད་དང་ཇི་སུ་ཅི་སོགས་ནི་ཤུགས་བསྟན་གྱི་ཕྲད་དུ་བཤད་པ་ཡིན་ནོ།།

གཉིས། གོ་དོན་གྱི་རིམ་པ་བཤད་པ།
གོ་དོན་གྱི་དབང་དུ་བྱས་ན། སི་ཏུས། གཙོ་བོར་དོན་གྱི་བྱེ་བྲག་དམིགས་སུ་མི་འཛིན་པར་སྤྱི་ལ་ཁྱབ་པའི་དོན་ཅན་གྱི་སྒྲ་ཉིད་དུ་འགྱུར་རོ།། ཞེས་དང༌། པྲ་ཏིས། སྤྱི་ལ་ཁྱབ་པ་ཉིད་དུ་འགྱུར་ཏེ། སྤྱི་ལ་ཁྱབ་པ་ནི་དོན་གྱི་རིགས་དང་ཚོགས་པ་སོ་སོ་དམིགས་སུ་མ་བཟུང་བར་མཐའ་དག་ལ་ཁྱད་པར་སྤྱིར་བརྗོད་དོ།། ཞེས་པ་གཉིས་དང་གཞུང་མཛད་ཕལ་མོ་ཆེ་བ་བཞེད་རྩེ་མཐུན།
གསུམ་པ། སྤྱི་སྒྲའི་དབྱེ་བ་བཤད་པ།
གཞུང་འགྲེལ་རྣམས་སུ། སྤྱི་ལ་ཁྱབ་པའི་སྤྱི་སྒྲ། བྱེ་བྲག་ལ་འཇུག་པའི་སྤྱི་སྒྲ། དྲི་བར་འཇུག་པའི་སྤྱི་སྒྲ་ཞེས་རིགས་དབྱེ་གསུམ་དུ་ངེས་པར་བཤད། དེ་རེ་རེ་ལའང་ཞིབ་ཀྱིས་དབྱེ་བས་མང་དུ་ཡོད་པར་གསུངས།
འདི་སྐོར་ལུང་སྦྱོར་དཔེ་འདྲེན་གྱིས་འབུལ་རབ་དགོས་པ་ཆེ་བར་མཐོང་འབྲེལ། དཔེར་བརྗོད་ཀྱི་རིམ་པ་འགའ་ཞིག་དང་བཅས་ཏེ་ཞུ་དབང་དུ་བྱས་ན།

བརྩེ་ལྡན་༼གང༽གིས་བརྩེ་བའི་འདོམས་མཛད་པ།།(བྱེ་བྲག)
ལེགས་གསུང་བདུད་རྩི་ལེགས་པར་མྱོང་བའི་མཐུས།།
རྣམ་གྲོལ་ས་ལ་རྣམ་པར་གཤེགས་པ་ཡི།།
སྐྱེ་བོ་༼གང༽དག་སྐྱེ་མེད་གོ་འཕང་བརྙེས།། (སྤྱི་ལ་འཇུག་པ)

༼ ཅོ་ནེ་བླ་མ་བློ་བཟང་རྒྱ་མཚོ་སྤྲིན་གཙུག་ལག་ཆོས་ཀྱི་སྣང་བ་འདོད་འཇོ་དཔལ་བཟང་པོའི་གསུང་འབུམ། ༽ རྡ་ས་དཔེ་མཛོད་ཁང་གི་དཔར་མའི་ཤོག་ངོས་ ༡༤ ན་གསལ།

སྲིད་གསུམ་མངའ་བསྒྱུར་ཀུན་རྨོངས་པའི།།
ཡང་བྲན་གྱུར་ཀྱང་ཐར་བའི་ལམ།།
སྟོན་པར་ཁས་འཆེ་ཝུ་བ་ཡི།།
རྐང་སྟེགས་འཆའ་བར་༼སུ༽་ཞིག་བགོམ།། (སྤྱི་ལ་འཇུག་པ)

    ༼ ཅོ་ནེ་བླ་མ་བློ་བཟང་རྒྱ་མཚོ་སྤྲིན་གཙུག་ལག་ཆོས་ཀྱི་སྣང་བ་འདོད་འཇོ་དཔལ་བཟང་པོའི་གསུང་འབུམ།༽ རྡ་ས་དཔེ་མཛོད་ཁང་གི་དཔར་མའི་ཤོག་ངོས་ ༡༧ ན་གསལ།

༼གང༽་ཞིག་གཟིགས་ཤིང་གསུངས་པ་ཡི།། (སྤྱི་ལ་འཇུག་པ།)
མཁྱེན་དང་སྟོན་པ་བླ་ན་མེད།།
རྒྱལ་བ་རྟེན་ཅིང་འབྲེལ་བར་འབྱུང༌།།
གཟིགས་ཤིང་འདོམས་པ་དེ་ལ་འདུད།།

༼ ཅོ་ནེ་བླ་མ་བློ་བཟང་རྒྱ་མཚོ་སྤྲིན་གཙུག་ལག་ཆོས་ཀྱི་སྣང་བ་འདོད་འཇོ་དཔལ་བཟང་པོའི་གསུང་འབུམ།༽ རྡ་ས་དཔེ་མཛོད་ཁང་གི་དཔར་མའི་ཤོག་ངོས་ ༡༧ ན་གསལ།

ས་སྟེང་ལེགས་བཤད་༼ཇི༽་སྙེད་པ།། (སྤྱི་ལ་འཇུག་པ།)
ཁྱོད་ཀྱི་མགོན་བྱས་བསྟན་ལས་བྱུང༌།།
དེ་ཡང་རྟེན་འབྱུང་གསུངས་ཉིད་ལས།།
དེ་ཕྱིར་ལེགས་མཛད་ཀུན་གྱི་གཞི།།

༼ ཅོ་ནེ་བླ་མ་བློ་བཟང་རྒྱ་མཚོ་སྤྲིན་གཙུག་ལག་ཆོས་ཀྱི་སྣང་བ་འདོད་འཇོ་དཔལ་བཟང་པོའི་གསུང་འབུམ།༽ རྡ་ས་དཔེ་མཛོད་ཁང་གི་དཔར་མའི་ཤོག་ངོས་ ༡༨ ན་གསལ།

དེ་ལྟར་ལགས་ན་མགོན་ཁྱོད་ལ།།
བསྟོད་པའི་སྒོར་ནི་༼སུ༽་ཞིག་གིས།། (སྤྱི་ལ་འཇུག་པ།)
བརྟེན་ནས་འབྱུང་བ་གསུངས་པ་ལས།།
ངོ་མཚར་གྱུར་པ་༼ཅི༽ཞིག་རྙེད།།(དྲི་བར་འཇུག་པ།)

༼ཅོ་ནེ་བླ་མ་བློ་བཟང་རྒྱ་མཚོ་སྤྲིན་གཙུག་ལག་ཆོས་ཀྱི་སྣང་བ་འདོད་འཇོ་དཔལ་བཟང་པོའི་གསུང་འབུམ།༽ རྡ་ས་དཔེ་མཛོད་ཁང་གི་དཔར་མའི་ཤོག་ངོས་ ༡༨ ན་གསལ།

༼གང་གང༽་རྐྱེན་ལ་རག་ལས་པ།། (སྤྱི་ལ་འཇུག་པ།)
དེ་དེ་རང་བཞིན་གྱིས་སྟོང་ཞེས།།
གསུངས་པ་འདི་ལས་ཡ་མཚན་པའི།།
ལེགས་འདོམས་ཚུལ་ནི་༼ཅི༽་ཞིག་ཡོད།།(དྲི་བར་འཇུག་པ།)

༼ ཅོ་ནེ་བླ་མ་བློ་བཟང་རྒྱ་མཚོ་སྤྲིན་གཙུག་ལག་ཆོས་ཀྱི་སྣང་བ་འདོད་འཇོ་དཔལ་བཟང་པོའི་གསུང་འབུམ།༽ རྡ་ས་དཔེ་མཛོད་ཁང་གི་དཔར་མའི་ཤོག་ངོས་ ༡༨ ན་གསལ།

བསྟན་པའི་སྙིང་པོ་སྟོང་བ་ཉིད།།
ངེས་པའི་རྒྱུ་མཚན་ཟླ་མེད་པ།།
རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ།།
འགལ་བ་དང་ནི་མ་གྲུབ་པར།།
མཐོང་བ་འདི་ཡང་ཁྱོད་ཀྱི་ལུགས།།
༼ཇི༽་ལྟར་ཁོང་དུ་ཆུད་པར་ནུས།། (དྲི་བར་འཇུག་པ)

༼ ཅོ་ནེ་བླ་མ་བློ་བཟང་རྒྱ་མཚོ་སྤྲིན་གཙུག་ལག་ཆོས་ཀྱི་སྣང་བ་འདོད་འཇོ་དཔལ་བཟང་པོའི་གསུང་འབུམ།༽ རྡ་ས་དཔེ་མཛོད་ཁང་གི་དཔར་མའི་ཤོག་ངོས་ ༢༠ ན་གསལ།

གེགས་མེད་པར་ནི་གྲོགས་བྱེད་པ།།
འདི་ལས་ངོ་མཚར་གྱུར་པ་དང༌།།
འདི་ལས་རྨད་དུ་བྱུང་བ་༼གང་༽།། (དྲི་བར་འཇུག་པ)

    ༼ ཅོ་ནེ་བླ་མ་བློ་བཟང་རྒྱ་མཚོ་སྤྲིན་གཙུག་ལག་ཆོས་ཀྱི་སྣང་བ་འདོད་འཇོ་དཔལ་བཟང་པོའི་གསུང་འབུམ།༽ རྡ་ས་དཔེ་མཛོད་ཁང་གི་དཔར་མའི་ཤོག་ངོས་ ༢༣ ན་གསལ།

རྟེན་ཅིང་འབྱུང་ལས་སྟོང་གཞན་མིན།།
སྟོང་པ་མེད་པར་རྟེན་འབྱུང་གང།།(དྲི་བར་འཇུག་པ།)
དེ་སླད་བརྟེན་ནས་༼གང༽་འབྱུང་བ།། (སྤྱི་ལ་འཇུག་པ།)
སྟོང་པ་ལགས་པར་མགོན་པོར་གསུངས།།

    ༼ ཅོ་ནེ་བླ་མ་བློ་བཟང་རྒྱ་མཚོ་སྤྲིན་གཙུག་ལག་ཆོས་ཀྱི་སྣང་བ་འདོད་འཇོ་དཔལ་བཟང་པོའི་གསུང་འབུམ།༽ རྡ་ས་དཔེ་མཛོད་ཁང་གི་དཔར་མའི་ཤོག་ངོས་ ༢༥ ན་གསལ།

རང་བཞིན་མེད་ལ་བཀྲི་བའི་སྒོ།།
བླ་མེད་རྟེན་ཅིང་འབྲེལ་འབྱུང་གི།
མིང་ཉིད་ཀྱི་ནི་རང་བཞིན་དུ།།
འཛིན་ན་ད་ཀོ་སྐྱེ་བོ་འདི།།
འཕགས་མཆོག་རྣམས་ཀྱིས་ལེགས་བགྲོད་པའི།།
འཇུག་ངོགས་ཟླ་དང་བྲལ་གྱུར་པ།།
ཁྱོད་དགྱེས་གྱུར་པའི་ལམ་བཟང་དེར།།
ཐབས་༼གང༽་གིས་ནི་བཀྲི་བར་བྱ།། (དྲི་བར་འཇུག་པ།)

    ༼ཅོ་ནེ་བླ་མ་བློ་བཟང་རྒྱ་མཚོ་སྤྲིན་གཙུག་ལག་ཆོས་ཀྱི་སྣང་བ་འདོད་འཇོ་དཔལ་བཟང་པོའི་གསུང་འབུམ།༽ རྡ་ས་དཔེ་མཛོད་ཁང་གི་དཔར་མའི་ཤོག་ངོས་ ༢༥ ན་གསལ།

འདུས་ཤིང་བྱས་པའི་ཆོས་རྣམས་༼ཇི༽སྙེད་པ།།(སྤྱི་ལ་འཇུག་པ)
རི་གཟར་ངོས་ཀྱི་འབབ་ཆུའི་རྒྱུན་བཞིན་དུ།།
ཡུད་ཙམ་སྡོད་པའི་གོ་སྐབས་བྲལ་ལགས་ན།།
རིང་པོའི་ཚེ་ཡང་མི་མཛད་རང་དབང་༼ཅི༽།། (དྲི་བར་འཇུག་པ)

    ༼ཅོ་ནེ་བླ་མ་བློ་བཟང་རྒྱ་མཚོ་སྤྲིན་གཙུག་ལག་ཆོས་ཀྱི་སྣང་བ་འདོད་འཇོ་དཔལ་བཟང་པོའི་གསུང་འབུམ།༽ རྡ་ས་དཔེ་མཛོད་ཁང་གི་དཔར་མའི་ཤོག་ངོས་ ༡༤༣ ན་གསལ།

༢ ༽ སུམ་ཅུ་པ་དང་རྟགས་འཇུག་གི་དཀའ་གནད་འགའ་ཞིག་ཐད་ཀྱི་ལྟ་ཚུལ་གླེང་བ།

གཅིག “རྗེས་འཇུག་བཅུ་ཡི་དོན་ཤེས་ན”ཞེས་སོགས་ལས་འཕྲོས་པའི་འཆར་སྣང༌།

དེ་ཡང་རྩ་བ་ལས།

“རྗེས་འཇུག་བཅུ་ཡི་དོན་ཤེས་ན།།
འབྲི་དང་ཀློག་དང་བཤད་རྣམས་ཀྱི།།
མཚམས་སྦྱོར་སྒྲ་ལ་ཐོགས་མེད་ཅིང༌།།
འབྲེལ་བ་སྨྲ་བའི་མཆོག་ཏུ་འགྱུར།།
གཞན་ཡང་རྗེས་འཇུག་ཤེས་པ་ཡིས།།
དོན་གྱི་སྦྱོར་བ་མཐོང་ཡང།།
དོན་དང་མཐུན་པའི་སྦྱོར་བ་ཤེས།།”

    ཞེས་འབྱུང་བ་དེའི་བསྟན་དོན་ནི། དེ་ཡང་སུམ་ཅུ་པའི་སྐབས་སུ་བཤད་པའི་ཕྲད་ཅི་རིགས་དང་རྣམ་དབྱེ་རྣམས་རྗེས་འཇུག་ལ་གཙོ་བོར་ལྟོས་ནས་འཇུག་པར་བྱེད་ཅིང༌། དེས་ཇི་སྙེད་ཀྱི་བརྗོད་དོན་རྣམས་གསལ་བར་བྱེད་པའི་ནུས་པ་གཙོ་བོ་འདོན་གྱི་ཡོད་པ་ཡིན་སྟབས། རྗེས་འཇུག་བཅུ་ཡི་དོན་ཤེས་ན་ཞེས་གསུངས་པ་ཡིན་ལ། གང་ཤེས་དགོས་པའི་དོན་ནི། རྗེས་འཇུག་བཅུ་པོ་དངོས་དང༌། དེའི་རྣམ་འགྱུར་ལས་བྱུང་བའི་རྣམ་དབྱེ་ཕྲད་དང་བཅས་པའི་འཇུག་ཚུལ། དོན་གང་ལ་ཚུལ་ཇི་ལྟར་དང༌། དགོས་པ་ཅིའི་ཕྱིར་འཇུག་པའི་རིམ་པ་དེ་ལ་ངོས་འཛིན་དགོས་པ་ཡིན།

དེ་ཡང་དཔེར་ན།

རྗེས་འཇུག་ག་ཡིག་ལྟ་བུར་མཚོན་ན།

    ག་ཡིག་གིས་དྲངས་པའི་ཕྲད་རྣམ་དབྱེ་མང་དུ་ཡོད་པ་ལས། དུག་ཏུ་གྱུར། མི་འདུག་ཅེས་བྱུང༌། ཞེས་སོགས་སྐབས།   ཏུ་དང་ཅེས་གཉིས་སྐབས་འདིར་རྗེས་འཇུག་ག་ཡིག་ལ་འཕྲོས་ནས་སྦྱར་བ་ཡིན་ལ། འཇུག་པ་འདིར་ནི། རྣམ་དབྱེ་དང་ཕྲད་ཀྱི་འཇུག་ཚུལ་ཞེས་བྱ་ཞིང་དུག་ཏུ་གྱུར་ཞེས་པས་གང་ཞིག་དུག་མིན་གྱི་གནས་སྐབས་ལས་གཞན་དུག་ཅན་དུ་གྱུར་པ་བསྟན་པ་ནི་དོན་དུ་འཇུག་པའི་ཚུལ་དང༌། དོན་གང་ཞིག་གསལ་བར་བྱེད་པའི་ནུས་པར་ཕྲད་ཅིག་དྲངས་ཤིང༌། ཕྲད་དེ་འབྲེལ་གྱི་བརྗོད་པས་བསྟན་དོན་དམིགས་གསལ་བ་ཞིག་སྟོན་པའི་རིམ་པ་དེའི་ནང་དགོས་པ་ཅི་ཕྱིར་འཇུག་པའི་རིམ་པ་ཞེས་བཤད་པ་ཡིན་པ་སོགས་ཞིབ་པ་ནི་གཞུང་དག་ལས་ཤེས་པར་བྱའོ།།
གང་ལྟར་སུམ་ཅུ་པའི་གཞུང་དོན་དངོས་གཞི་སྟེ། མཆེད་ཁུངས་གཙོ་གནད་དུ་གྱུར་པ་གང་ཞིག རྗེས་འཇུག་ལ་གཙོ་བོར་ལྟོས་པའི་ཕྲད་རྣམ་དབྱེ་ཚིག་ཕྲད་དང་བཅས་པའི་ཚུལ་དང་འབྲེལ་བའི་སྦྱོར་ཚུལ་གྱི་རིམ་པ་དེ་བཞིན་མ་ནོར་མ་འཁྲུལ་བར་གཞུང་རང་གི་བསྟན་དོན་སྙིང་པོ་ཚུལ་བཞིན་དུ་ཤེས་པར་གྱུར་པ་ཡིན་ན་ནི། མདོ་རྒྱུད་བསྟན་བཅོས་ཆེ་ཆུང་གི་ཚིག་དོན་དེ་དག་ངག་ནས་ལྗགས་ཀློག་ཞུ་བ། དེ་དག་གི་དོན་གཞན་ལ་འཆད་པར་བྱེད་པ་དང༌། དེ་འབྲེལ་རང་ཉིད་ནས་གསར་རྩོམ་ཞུ་བ་དང་རྩོད་པ་བྱེད་པ་སོགས་ཀྱིས་མཚོན་པའི་ལས་རྩོམ་པའི་ཚེ་ན། མིང་དང་ཚིག་སྔ་མས་ཕྱི་མ་འདྲེན་ལུགས་ལ་དགེ་ཐོན་པ་ཡིན་ཞིང༌། དགེ་དེས་མིང་དང་ཚིག་སྔ་ཕྱིའི་མཚམས་སྦྱོར་བའི་སྒྲ་ལ་ཐོགས་རྡུགས་མེད་པར་འགྱུར་བ་ཡིན་ལ། མདོར་ན་རྗེས་འཇུག་གིས་དངོས་སུ་དང་རྣམ་འགྱུར་ལས་བྱུང་བའི་ཕྲད་རྣམ་དབྱེ་ཚིག་ཕྲད་དང་བཅས་པའི་འཇུག་ཚུལ་དང༌། དེ་དག་དོན་གང་ལ་ཚུལ་ཇི་ལྟར་དང་དགོས་པ་ཅིའི་ཕྱིར་འཇུག་པའི་རིམ་པ་གསལ་བར་རྟོགས་དབང་གིས་ནི་གོང་ཞུས་རིམ་པ་དང་འབྲེལ་བའི་བསྟན་དོན་ཁག་ཕུད། གཞན་ཡང༌། གཞུང་ཆེ་ཆུང་གི་རིམ་པ་དང་འབྲེལ་བའི་བསྟན་དོན་འགྲེལ་སྦྱོར་སོགས་སྔར་མ་མཐོང་ཡང༌། སྔར་བྱས་དེ་དག་དང་མཐུན་པའི་དོན་མཐུན་འགྲེལ་སྦྱོར་བྱེད་པ་ལའང་དགེ་ཐོན་པའི་ཁྱད་ཆོས་ཅན་དུ་འགྱུར་བའང་ཡིན་ནོ།།

གཉིས། དེ་ཉིད་ལས་འཕྲོས་པའི་དཔྱད་གླེང།

    རྩ་བར།  ་་་་་་་་་བྱ་ཡུལ་དང༌།། བྱ་བ་ངོ་བོ་གཅིག་ཡིན་ན།། གཉིས་པའི་ནང་ཚན་དེ་ཉིད་དེ།། དཔེར་ན་འོད་དུ་གསལ་ལྟ་བུ།། ཞེས་བྱུང༌། དེའི་དོན་ཐོབ་ཀྱི་གོ་དོན་ནི་བྱ་དངོས་གང་ལའང༌། གྲུབ་སྟངས་དང་རང་བཞིན། དབྱིབས་གཟུགས་དང་ཆེ་ཆུང༌། རིགས་མཐུན་ཡིན་མིན། ཁོངས་སུ་གཏོགས་མིན། རྩོལ་བའི་དྲག་ཞན། ཤུགས་ཀྱི་ཆེ་ཆུང༌། མགྱོགས་བུལ་དང་དངོས་པོའི་རང་བཞིན། ཁྱད་ཆོས། བྱ་བའི་ཁྱད་པར་སོགས་ཡོད་པ་དེ་དག་སྟོན་པའི་རྗོད་བྱེད་ཀྱི་ཚིག་ལ། རང་བཞིན་སྟོན་པ་དང༌། ཁྱད་པར་སྟོན་པ། ཁྱད་ཆོས་སྟོན་པ་བཅས་ཀྱི་ཚིག་སྦྱོར་བྱུང་བ་ཡིན། ཚིག་སྦྱོར་དེ་རིགས་ནི་ང་ཚོས་འཆད་ཀྱིན་པའི་དེ་ཉིད་ཡིན། དཔེར་ན། མི་རྟག་པ་རུ་ངེས། ཉི་འོད་རབ་ཏུ་གསལ་ལྟ་བུ་དངོས་པོའི་རང་བཞིན་སྟོན་པའི་དེ་ཉིད་དང༌། གདན་དུ་བཏིང༌། ཞིབ་ཏུ་བལྟས། གསལ་བར་སྟོན་སོགས་བྱ་བའི་རང་བཞིན་དང་ཁྱད་པར་སྟོན་པའི་དེ་ཉིད་ཡིན་པ་ལྟ་བུའོ།།
རྒྱུ་མཚན་འདི་འདྲ་ལ་བརྟེན་ནས་དངོས་པོའི་རང་བཞིན་བརྗོད་པའི་དེ་ཉིད་དང་བྱ་བའི་རང་བཞིན་བརྗོད་པའི་དེ་ཉིད་ཅེས་རིགས་ཆེན་པོ་གཉིས་སུ་ཕྱེས་ཏེ། བྱ་བའི་རང་བཞིན་བརྗོད་པའི་དེ་ཉིད་ཀྱི་དཔེར། གདན་དུ་བཏིང༌། ཞིབ་ཏུ་བལྟས། ཡི་གེར་བྲིས། བྱ་བཞིན་དུ་འཕུར། ཆུ་བཞིན་དུ་ལུད། གྲོགས་སུ་བཀུག་སོགས་བཞག་པ་ཡིན། དེ་ནི། གདན་དུ་བཏིང་ཞེས་པའི་སྐབས་གདན་དུ་བཏིང་བའི་བྱ་བའི་རང་བཞིན་ལས་བརྒལ་བའི་བྱ་ཡུལ་གང་ཞིག་ལ་བྱ་བ་བྱས་པ་སྟོན་པ་མིན་པས་དང༌། ཞིབ་ཏུ་བལྟས་ཞེས་པས་ཞིབ་ཚགས་པོས་བལྟས་པའི་བྱ་བའི་རང་བཞིན་ཙམ་ལས་མི་སྟོན་ཅིང༌། དེ་བཞིན་དུ་ཡི་གེར་བྲིས་ཞེས་པས་ཀྱང་སྐད་ཆ་གང་ཞིག་ཡི་གེའི་ངོ་བོར་བྲིས་པའི་བྱ་བའི་རང་བཞིན་ཙམ་ལས་སྟོན་གྱི་མེད་སྟབས་དེ་ཉིད་ལས་འདའ་ས་མེད། དེས་ན། ལག་ཏུ་བླངས། ཕྲག་ཏུ་གཟར། ལག་པར་འཇུས། སྒྲ་ལ་ཉན་སོགས་ཀྱང་བྱ་བའི་རང་བཞིན་སྟོན་པ་ཡིན་སྟབས། དེ་ཉིད་དུ་འཇོག་དགོས་པ་ཡིན། སྒྲ་ཐོས། གཟུགས་མཐོང་ལྟ་བུ་ནི་རྣམ་དབྱེ་དང་དེའི་ཁོངས་གཏོགས་གང་ཡང་མིན་སྟབས་རྣམ་དབྱེ་བསྡུས་མ་བསྡུས་ཀྱི་འཁྲུལ་གཞིའང་མེད།
འདི་བས་ན། དེ་ཉིད་ལ་རྒྱས་པར་བྱས་ན། བྱ་བ་དང་རྒྱུ་ངོ་བོ་གཅིག་པ་བསྒྲུབ་པར་བྱ་ལྟ་བུ་དང། བྱ་བ་དང་རྒྱན་ཚིག་ངོ་བོ་གཅིག་པ་རབ་ཏུ་བཟང་ལྟ་བུ། བྱ་བ་དང་བྱེད་པ་པོ་ངོ་བོ་གཅིག་པ་གཅོད་པར་བྱེད། བྱ་བ་དང་སྨོན་པ་ངོ་བོ་གཅིག་པ་རྒྱས་པར་ཤོག བརྟན་པར་ཤོག་ལྟ་བུ་བཅས་རིགས་བཞིར་དབྱེ་སྲོལ་བྱུང་བའང་ཡིན། དེས་ན། མི་ཐ་ཆད་དུ་གྱུར། ནུས་པ་ཇེ་ཞན་དུ་བཏང༌། རྒྱས་སུ་བཅུག སྨུག་པ་སྤྲིན་དུ་སོང༌། འོད་དུ་འཚེར། མཆོག་ཏུ་གྱུར་སོགས་དེ་ཉིད་ཡིན་པ་ནས། ནད་པ་ཁ་མལ་ན་ཡོད། གཉིད་སད་དུ་བཅུག ཤིང་ལ་ཙན་དན་ཡོད་སོགས་དེ་ཉིད་མིན། དེ་ཡང་གཉིད་སད་དུ་བཅུག་པའི་བྱ་བ་དེ་གཉིད་སད་ཆེད་དུ་བྱས་པ་ཡིན་པས་དགོས་ཆེད་དང༌། ནད་པ་ཁ་མལ་ན་ཡོད་དང་མཚེར་ས་ཁ་མལ་ན་ཡོད་གཉིས་ལ་ཁྱད་མེད་པ་སྟེ། ལུས་རྟེན་གང་ཞིག་ལ་བརྟེན་པའི་ནད་དེ་སྔར་གྱི་གནས་དེ་ག་རང་ན་ཡོད་པར་སྟོན་པ་དང༌། ཁ་མལ་དེ་རང་དུ་ཡོད་ཀྱང་ཇེ་སྡུག་ཇེ་དྲགས་གང་དུ་ཕྱིན་མིན་དེ་ཉིད་དང་འབྲེལ་བ་མེད། དེ་བཞིན་དུ་ཤིང་ལ་ཙན་དན་ཡོད་ཅེས་པའང་ཙན་དན་དང་ཤིང་གཉིས་ངོ་བོ་གཅིག་ཡིན་པར་བཟུང་མི་རུང་སྟེ། ཤིང་ལས་ལོགས་སུ་གྱུར་པའི་ཙན་དན་མེད་ཟེར་བ་ལས་རྒྱུ་མཚན་གཞན་མེད། དེ་བས་ན། ཤིང་ལ་ཙན་དན་ཡོད་ཅེས་པ་ནི་གནས་གཞི་ལས་བྱེ་བྲག་སྤྱི་ལ་བརྟེན་པའི་གནས་གཞི་ཡིན། དེ་མིན་དེ་ཉིད་དུ་འདོད་དགོས་ན། སྤྱི་དང་བྱེ་བྲག་གཉིས་ངོ་བོ་གཅིག་ཡིན་པར་འདོད་དགོས་ཀྱང་དེ་འདྲ་ཤེས་བྱ་ལ་མེད། ལར་ནས་ཡོད་མཆིས་གནས་བརྟེན་སོགས་ནི་གནས་གཞི་སྟོན་བྱེད་ཡིན། འདི་ལྟར་དཔྱད་པས། ལྷ་སར་སོང་ལྟ་བུ་ལས་སུ་བྱ་བ་དང༌། མཇལ་དུ་སོང་ལྟ་བུ་དགོས་ཆེད་ཡིན། དེ་གང་གིས་ཤེས་ན། ང་ཚོས་འདི་ལྟར་བསམ་བློ་བཏང་ན་ཤེས་ཐུབ། ཁྱེད་གང་དུ་སོང་ངམ་ཞེས་དྲིས་ན། ང་ལྷ་སར་སོང་བ་ཡིན་ཞེས་དང༌། ཅིའི་ཕྱིར་དུ་སོང་ངམ་ཞེས་དྲིས་ཚེ། མཇལ་དུ་སོང་ཞེས་བརྗོད་པ་ཡིན། ཆེད་དང་ཕྱིར་སྐད་སོགས་དགོས་པ་གསལ་བྱེད་དང་ཚིག་ཟིན་ལ་ཡོད་མེད་གང་ཡང་རུང་དགོས་ཆེད་དུ་འཇོག་པ་ལས་འོས་མེད། རྒྱུ་མཚན་འདི་དག་གི་རྐྱེན་པས། རས་རྐྱང་གདན་དུ་བྱས་ནས་ཉལ་བའང་དགོས་ཆེད་དེ། རས་རྐྱང་གདན་དུ་བྱས་པའི་བྱ་བ་དེ་གདན་དུ་རུང་ཆེད་དུ་བྱས་པ་ཙམ་ཡིན། འོན་ཏེ། ཐང་ལ་གདན་དུ་བཏིང་ལྟ་བུའི་སྐབས་ཐང་ནི་བྱ་བའི་ཡུལ་དང་གདན་ནི་བྱ་བའི་ལས། བཏིང་བ་ནི་བྱ་བ་བཅས་ཡིན་པ་གསལ་བས་གཉིས་པ་ལས་སུ་བྱ་བར་འདོད་དགོས། དེ་བཞིན་དུ། མཁའ་ལ་སྤྲིན་འཁྲིགས་ལྟ་བུ་གནས་གཞི་སྟོན་པའི་རྣམ་དབྱེ་དང༌། མཁའ་ལ་སྤྲིན་དཀྲིགས་ལྟ་བུ་གཉིས་པ་ལས་སུ་བྱ་བ་ཡིན་པ་སོགས་ཞིབ་ཀྱིས་དཔྱད་དགོས།
དེ་ཉིད་ཀྱི་སྐོར་ཤེས་པ་ལ་རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་དཔྱིས་ཕྱིན་པ་ཤེས་དགོས་ཤིང༌། དེ་ཡང་བྱ་བའི་ཡུལ་དང་བྱ་བའི་ལས། བྱ་བ་བཅས་ཀྱི་ངོས་འཛིན་གསལ་པོ་ཤེས་པ་བྱས་ཐོག བྱ་བའི་ཡུལ་ལ་བྱ་བ་བྱས་པ་ཙམ་གཙོ་བོར་སྟོན་པ་རྣམ་དབྱེ་གཉིས་པ་དང། དེའི་བྱ་ཡུལ་གྱི་དབང་དུ་བྱས་ན་བྱ་ཡུལ་དངོས་དང་བྱ་བའི་འབྲེལ་ཡུལ་རྗེས་མཐུན་པ་བཅས་རིགས་གཉིས་ཡོད་པ་ནས། བྱ་བ་ལའང་བྱེད་པོ་གཞན་མེད་པའི་ནང་རྐྱེན་ཅན་གྱི་བྱ་བ་ཞེས་དངོས་པོ་རང་སྟེང་གི་བྱ་བ་ཙམ་ཡིན་པས་བྱ་ཡུལ་འཚོལ་དུ་མེད། དཔེར་ན་ཁྱོད་ལྷོ་ཕྱོགས་སུ་སོང༌། ང་ཁྱིམ་དུ་འདུག་ལྟ་བུའི་སྐབས་ཀྱི་ལྷོ་ཕྱོགས་དང་ཁྱིམ་ནི་བྱ་བའི་འབྲེལ་ཡུལ་རྗེས་མཐུན་པ་ཡིན་པ་ལས་བྱ་ཡུལ་དངོས་མིན། འོན་ཀྱང་རྣམ་དབྱེ་གཉིས་པ་ཡིན། བྱེད་པ་པོ་གཞན་ཡོད་ཅིང་ཕྱི་རྐྱེན་ཅན་གྱི་བྱ་བ་ནི། དེབ་ལ་བལྟས། རྐང་པར་འཐམ། མིག་གིས་དེབ་ལ་བལྟས། ལག་པས་དེབ་ལ་རེག་ལྟ་བུ་ཡིན། དཔེ་བརྗོད་ནང་གསལ་བཞིན་བྱེད་རྐྱེན་དངོས་སུ་གསལ་མི་གསལ་ཅི་རིགས་ཡོད། གང་ལྟར་འདི་འདྲའི་སྐབས་ཀྱི་བྱ་ཡུལ་ལ་བྱ་ཡུལ་དངོས་ཟེར། ཡང། རྟ་ལ་བསྐྱོན་ལྟ་བུ་ལ་བྱ་བ་བྱེད་དུ་བཅུག་པའི་ཡུལ་ལ་རྣམ་དབྱེ་སྦྱར་བ་ཟེར། འདི་རིགས་ནི་བྱ་བ་བྱེད་དུ་འཇུག་མཁན་ལ་ལྟོས་ཏེ་རྟ་ནི་བྱ་ཡུལ་དང། རྟར་བཞོན་པའི་བྱ་བ་ནི་རྟ་ཐོག་གི་མི་དེས་བྱེད་པ་ཡིན་པས་བྱ་ཡུལ་ལ་དཔག་ནས་བྱེད་པ་རུ་ངོས་འཛིན་དགོས་པ་སོགས་མང་བ་རྣམས་ཤེས་དགོས་པ་གནད་ཀྱི་དོན་པོ་ཡིན།

གསུམ། བདག་གཞན་གཉིས་སུ་བསྡུ་མི་ཐུབ་པའི་ལས་ཚིག་གང་དང་གང་ཡོད་བཤད་པ།

    བདག་གཞན་གྱི་དབྱེ་བ་ནི་བྱེད་པ་པོ་དང་བྱ་བའི་ཡུལ་གྱི་སྒྲ་རྣམས་བསྡུ་བའི་ཕྱིར་ཡིན་པ་དེ་བས་ན། འདས་ཟིན་སྟོན་པའི་ལས་ཚིག་བྱིངས་དང༌། མ་འོངས་སྟོན་པའི་ལས་ཚིག་བྱིངས་ནི་དངོས་པོ་བདག་གཞན་གྱིས་བསྡུས་པའི་ལས་ཚིག་ནང་འདུས་ཀྱི་མེད་པ་ཡིན། དེ་བས་ན་གཞུང་རང་གི་དངོས་བསྟན་རྣམ་གསལ་གྱི་དཔེར་བརྗོད་ནང༌། བསྒྲུབ་པར་བྱ་བ། དབྱུང་བར་བྱ་བ། བསྒྲུབ་བྱ། དབྱུང་བྱ་སོགས་ཀྱིས་མཚོན་པའི་བྱ་ཡུལ་སྟོན་པའི་ལས་ཚིག་རྣམས་ལ་བདག་གཞན་གྱི་དབྱེ་སྒོས་ཁྱབ་པ་དང༌། འགྲུབ་པར་འགྱུར། འགྲུབ་བོ་སོགས་ཀྱིས་མཚོན་པའི་མ་འོངས་ཁོ་ན་སྟོན་པའི་ལས་ཚིག་རྣམས་ལ་བདག་གཞན་གྱི་དབྱེ་སྒོས་ཁྱབ་ཀྱི་མེད་པ་ཡིན། འདི་ལྟར་ཡིན་པའི་སྟབས་ཀྱིས། བྱེད་འབྲེལ་ལས་ཚིག་ཡིན་ཚད་ལ་བདག་གཞན་གྱིས་ཁྱབ་པ་དང་བྱེད་མེད་ལས་ཚིག་དེས་མི་ཁྱབ་པ་འདིས་བདག་གཞན་གྱི་དབྱེ་སྒོ་གཉིས་ནང་བསྡུ་མི་ཐུབ་པ་བྱེད་མེད་ལས་ཚིག་ཡོད་དོ་ཅོག་ཡིན།
ཕྱོགས་མཚུངས་བྱེད་འབྲེལ་འདས་ཟིན་གྱི་ལས་ཚིག་གི་ནང་དུའང་བདག་གཞན་གྱིས་མི་ཁྱབ་པ་མེད་པ་མིན་པ་སྟེ། དཔེར་ན། བསྒྲུབས། བསྟན། བཅད་སོགས་ཀྱིས་མཚོན་ནོ།།

བཞི། བདག་གཞན་དང་འབྲེལ་བའི་བྱ་བྱེད་ཕན་ཚུན་ཤེད་མཚུངས་ཚུལ།

    འདི་ཚུལ་མདོར་བསྡུས་ཀྱིས་བཀོད་ན་ནི། བསྒྲུབ་པར་བྱ་ཞེས་པ་ལྟ་བུ་བསྒྲུབ་བྱའི་ལྷ་ཞེས་པ་དང་ཤེད་མཚུངས་ཡིན་པས་བདག་གཞན་ལས་གཞན་གྱི་ཁོངས་སུ་བསྡུས་པར་གྲགས་པ་ལྟར་དང༌། བྱེད་པ་པོ་དང་བྱེད་ལས་སྟོན་བྱེད་སྒྲ་མཚུངས་པ་དང༌། བྱ་ཡུལ་དང་བྱ་ལས་སྟོན་བྱེད་སྒྲ་མཚུངས་པ་ལ་གཙོ་བོའི་ལྟོས་རྐྱེན་གྱི་ཆ་ནས་ཡིན་ནོ།།

ལྔ། ཤིན་ཏུ་མོ་མ་ཡིག་བདག་གཞན་དུས་གསུམ་ལ་ཁྱབ་མཉམ་དུ་འཇུག་མིན་བཤད་པ།

    སི་ཏུའི་རང་ལུགས་གཞི་ལ་བཞག་ནས་འཆད་ཚེ། ཁྱབ་མཉམ་དུ་འཇུག་པ་སྟེ། གཞུང་རང་དུ། མཁས་པར་བྱས། མཁས་པར་བྱེད། མཁས་བྱ། མཁས་པར་བྱ་བ། མཁས་པར་གྱུར། མཁས་བཞིན་པ། མཁས་པར་འགྱུར་ཞེས་བཀོད་པ་ནས་རིགས་བསྒྲེ་དགོས་པར་བསྟན་པ་དེ་བས་ན་དང༌།

ཤིན་ཏུ་མོ་མ་ཡིག་བདག་གཞན་དུས་གསུམ་ལ་ཁྱབ་མཉམ་དུ་འཇུག་པའི་ཞར་ལ་གང་བསྟན་ནི།
མངགས་དང་མཆིས་སོགས་རྗེས་འཇུག་གི་སྟོབས་ཀྱིས་དྲངས་པ་སོགས་ལ་དབྱེ་ཞིབ་ཁ་བསལ་བགྱིས་ཚེ་ཁྱབ་མཉམ་དུ་འཇུག་པར་གསུངས་པ་འདི་དོན་ལ་གནས་པ་བསྟན་ཡོད།

དྲུག རྗེས་འཇུག་ནང་གསེས་རྟགས་བརྒྱད་པོ་གང་རུང་ཡིན་ན་དེ་རྣམས་རྗེས་འཇུག་ནང་འཕྲད་མི་འཕྲད་ལ་ལྟོས་དགོས་མིན་བཤད་པ།

    སྒྲ་གདངས་དྲག་པ་རྗེས་འཇུག་ཕོ་ཡིག་ལ་སྐྱེས་བུ་རབ་འབྲིང་ཐ་གསུམ་དུ་དབྱེ་བ་ནི་རྗེས་འཇུག་ནང་ཕན་ཚུན་ཕྲད་དང་མ་ཕྲད་ལས་ཡིན་པ་དང༌། ཤིན་ཏུ་མོ་ལ་གཉིས་སུ་དབྱེ་བའང་རྗེས་འཇུག་ནང་ཕན་ཚུན་ཕྲད་པ་དང་མ་ཕྲད་པ་ལས་དབྱེ་བ་ཕྱེས་པ་ཡིན། དེས་ན་གོང་སོང་གཉིས་རྗེས་འཇུག་ནང་འཕྲད་མི་འཕྲད་ལ་ལྟོས་རྐྱེན་ཆེ་བ་ནས། རྗེས་འཇུག་ནང་གསེས་རྟགས་བརྒྱད་དུ་དབྱེ་བ་ཐམས་ཅད་པོ་ནི་ནང་འཕྲད་དང་མ་འཕྲད་ལ་ལྟོས་དགོས་པའི་ངེས་པ་མེད་པ་སྟེ། རྗེས་འཇུག་མ་ནིང་ལ་འགྱུར་བ་དང་མཚན་གཉིས་དང་མཚན་མེད་བཅས་སུ་དབྱེ་བ་ནི་མིང་གཞིར་འཇུག་ཚུལ་དང་རྗེས་འཇུག་ང་ཕན་ཚུན་ཕྲད་མ་ཕྲད་གཉིས་ཀ་ལ་ལྟོས་རྐྱེན་གྱིས་འགྲོ་ལྡོག་བྱེད་པ་ཡིན་ནོ།། །།

གང་ན་བློ་གསར་བུང་བ་དོན་གཉེར་བློས།།
ཤེས་རིག་པདྨོ་བཞད་པའི་ཚལ་ཆེན་པོར།།
འཇུག་པའི་སྲེད་པ་འབར་བ་འགའ་ལ་བསམ།།
དཔྱད་གླེང་གཏམ་འདི་སོར་མོའི་རྩེ་ནས་བཏེགས།།

མདུན་ངོས།

Menu