དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ།(༡༨༠༩-༡༨༨༧)

    ཐུབ་དབང་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། །གསར་རྙིང་བརྡ་ཡི་བྱེ་བྲག་ལས། །ཅུང་ཟད་ཚིག་ཏུ་བསྒྲིགས་པ་འདི། །ཤེས་ཀྱང་གསུང་རབ་དགོངས་པའི་དོན། །འབྱེད་ལ་བློ་གྲོས་ཡངས་པར་འགྱུར། །སྙམ་ནས་ཕན་པའི་བསམ་པ་ཡིས། །བཀོད་ཀྱི་གཟིགས་དང་འདི་ལྟ་སྟེ། །

བར་དུ་དགེ་བ་གཞུང་གི་དོན།

    ཀྭ་ཡེ་ཀྱེ་ཧོ་བོད་པའི་བརྡ། །སྨྲོན་འདྲིན་གྲོགས་ལ་ཕུ་ནུ་སྤུན། །སྡུམ་པ་ཁྱིམ་ལ་བདོག་པ་ནོར། ། ཚང་མང་ནག་ཚང་མེ་ཁང་སྟེ། །བྱ་ན་སྐྱུ་རུམ་ཚོད་མའི་མིང༌། །གཞོངས་ནི་ལྗོངས་ལ་ལྗོངས་ནི་ཡུལ།། འདོང་ནི་འགྲོ་ལ་དོང་ནི་སོང༌། །ནང་ནུབ་སྔ་དྲོ་ཕྱི་དྲོ་སྟེ། །ཕྱེམ་རེད་ཕྱི་དྲོའམ་དགོངས་མོའི་མིང༌། ། དོག་མ་ས་ལ་གོར་མ་རྡོ། །བསེར་བུ་རླུང་ལ་ཆབ་ནི་ཆུ། །ཞུགས་ནི་མེ་ལ་གཞེས་ནི་བཞུགས། །སྐྱེན་ནི་མགྱོགས་དང་སླ་བའི་མིང༌། །ཉོད་པ་ཟས་ལ་རོད་པ་གོས། །བྱ་དགའ་རྔན་པ་ཕྱུག་རིས་གྲལ། །རིད་ནི་སྐེམ་དང་དངོས་ངན་ཏེ། །སྦྲེབ་ནི་གྲང་བའམ་སྐེམ་པའི་མིང༌། །ཡོལ་གོ་སྣོད་ལ་གཏུར་བུ་ཤུབས། །མ་མཆིས་མེད་ལ་མཆིས་ནི་ཡོད། །འཚལ་ནི་ཞེན་ལ་འཆུམས་ནི་ཆགས། །བསྐམ་ནི་འདོད་ཞེན་ཆེ་བའི་མིང༌། །མཆིས་བྲང་ཆུང་མ་སྐུད་པོ་ཁྱོ། །ཁྱོ་བོའི་བྱེ་བྲག་ཆུང་མའི་སྤུན་ཕོ། །ཁྱོ་ཤུག་བཟའ་ཚོ་གཤེ་ནི་སྤྱོ། །གཅེན་ནི་ཕུ་བོ་གཅུང་ནུ་བོ། །ལྕམ་དྲལ་ཨ་ཆེ་མིང་པོའི་མིང༌། །བླ་ནི་སྟེང་ལ་མཐང་ནི་སྨད། །བླ་གབ་སྟེང་གཡོགས་རྔུབ་ནི་ཧུབ། །བྱེར་ནི་བྲོས་ལ་འབྱེར་ནི་འབྲོས། །བྲོ་ནི་མནའ་དང་ནད་ཀྱི་མིང༌། །ཡ་ལད་རྨོག་ལ་ཡ་ལད་སྐས། །སྒོ་འཕར་སྒོ་གླེགས་གཏན་པ་སྒོ། །ལན་ཀན་པུ་ཤུ་ཀླད་ནི་གོང༌། །ཏེ་བོར་རབ་ཏུའམ་ཤིན་ཏུ་མིང༌། །ཐོར་ཏོ་རྩེ་ལ་དབལ་ནི་ཏོག །མཆི་ནི་འགྲོ་ལ་འཚལ་མ་ཟས། །འཚལ་ནི་ཤེས་དང་ཆོག་པ་དང༌། །འདོད་དང་ཟོས་དང་དགོས་ཀྱི་མིང༌། །བསྙིལ་ནི་བསྐང་ལ་ནམས་ནི་ལངས། །རྨེད་ནི་འདྲི་ལ་རྨས་ནི་དྲིས། །དངར་ནི་བསྒྲིགས་དང་བསྒྲེངས་པ་སྟེ། །དཔུང་སྐྱེད་དམ་བཅའ་བརྟན་པའི་མིང༌། ། གདུགས་ནི་ཉིན་ལ་དགོང་ནི་མཚན། །ལོ་དང་གནམ་ལའང་དགུང་ཞེས་ཟེར། །
    བགྱི་དང་བགྱིས་དང་བགྱིད་པ་གསུམ། །བྱ་དང་བྱས་དང་བྱེད་པའི་མིང༌། །སྣམ་ལོགས་རྒྱབ་ལ་སྣྲེལ་ཞི་འཕྲེད། །ཐ་གྲུ་རྒྱ་ལ་ཁོ་ལག་ཞེང༌། །ཁྲུམ་ནི་སྲིད་ལ་རྔམས་ནི་འཐུག །ཐན་ཀོར་ཉེན་ཀོར་མཐའ་སྐོར་མིང༌། །ཉིང་ལག་སོར་མོ་ཉག་ཕྲན་མདའ། །མནོག་ཆུང་ཁེ་ཆུང་ངན་བུ་བདག །ཆེ་བཞི་བདེན་དཔང་བརྣགས་ནི་བསམས། །བརྣག་དཀའ་བསྲན་དཀའ་བཟོད་དཀའི་མིང༌། །ཚམ་རྔམ་འཇིགས་སྟངས་གོ་ར་བཙོན། །དོན་མཐུན་ཚོང་པ་མངག་གཞུག་གཡོག །བུས་པ་བྱིས་པ་བས་ནི་ཟད། །ཕྱུགས་ཕྱུང་གཞོན་ནུ་མ་ཡི་མིང༌། །མནོས་ནི་བླངས་ལ་ནོད་ནི་ཐོག །སོམ་ཉི་ཐེ་ཚོམ་བརྣངས་ནི་འགགས། །ལ་ཟློས་ཐག་གཅད་སོན་ནི་ཕྱིན། །བཤུང་བ་མཐིང་སླད་སྨོད་པའི་མིང༌། །ཀྱལ་ཀ་ཀུ་རེ་དྲལ་ནི་བཅོམས།། རྗང་ནི་བང་བ་རྗུད་ནི་རྒུད། །མཐོལ་ནི་བསྒྲག་ལ་འཁུམས་ནི་ཐོས། །བཅབས་དང་འཆབ་ནི་སྦས་གསང་མིང༌། །དཔྱིས་ཕྱིན་གཏིང་ཕྱིན་བསྙད་ནི་བཤད། །བསྙེམས་ནི་རྒྱལ་ལ་བསྙེངས་ནི་འཇིགས། ། ལོག་གཡེམ་འདོད་ལོག་གཡེར་པོ་གྲིམས། །འཇུངས་པ་སེར་སྣའང་ཞེན་ཆགས་མིང༌། །བྱུར་ནི་མྱ་ངན་གནམ་རུ་གཞུ། །དཀོར་དང་ཀ་ཅ་དབྱིག་རྣམས་ནོར། །ཡ་མ་བརླ་ནི་སྙིང་པོ་མེད། །གཏམས་ནི་བཅོལ་དང་གང་བའི་མིང༌། །སུག་པ་ལག་པ་ཡོབ་ཡོབ་གང༌། །སྟེར་མེད་མནར་མེད་ཡུས་ནི་བདེན། །ཚོད་བགམ་ཉམས་སད་སྒམ་ནི་ཟབ། །ཇེ་ནི་དང་པོའམ་རེ་ཞིག་མིང༌། །ཇི་འོས་གང་འཚམ་གག་ནི་གང༌། ། རྒྱུན་ལུགས་རྒྱུ་འགྲུལ་ཉེ་རེག་ཁྲུས། །ཇི་ལྟར་དཔེར་ན་རྨྱོ་ནི་ཉམས། །གཡུང་མོ་གདོལ་བ་རིགས་ངན་མིང༌། །སྒྲིན་ནི་མཁས་ལ་སྒྲུན་ནི་འགྲན། །སྒྲེན་མོ་གཅེར་བུ་སྔུན་ནི་མདུན། །ཡན་ལག་སྐྱེས་མཇེ་བཤང་ལམ་རྐུབ། །བཤང་གཅི་མི་གཙང་གཉིས་ཀྱི་མིང༌། །སྨག་ནི་མུན་པ་སྲིབས་ནི་བསྒྲིབས། །རྨེག་མེད་གཏན་མེད་སྐུགས་ནི་རྒྱལ། །བསོད་པ་བཟང་པོ་བརྟས་ནི་རྒྱས། །ལྡོམ་བུ་བསོད་སྙོམས་སྤྱོད་པའི་མིང༌། །བགས་ཀྱིས་རིམ་གྱིས་འཁོབ་པ་ངན། །སྐྱོ་ངོགས་འཁྲུག་ལོང་གཟས་ནི་བརྩམས། །གྱ་ཚོམ་མ་བརྟགས་གྱག་ནི་རླག །སྙིམ་པ་ལག་པ་ཐལ་མོའི་མིང༌། །བཀྲི་ནི་འཁྲིད་ལ་བསྐ་ནི་གར། །ཞེ་འཁུ་ཞེ་སྡང་མནོ་ནི་བསམ། །ཕོ་ལོང་གྲུ་གུ་འཕྱོ་ནི་ལྡིང༌། །འཇིལ་དང་བཅིལ་ནི་ཞི་བའི་མིང༌། །ནང་བྱན་གཡོག་ལ་ཞབས་འབྲིང་འཁོར། །ཆང་ཐུབ་གང་ཟག་ལ་གོར་མགྱོགས། །བཀར་བཏགས་ཁྲིམས་བསྒྲགས་ཕྱག་སྦལ་བཙོན། །མནབས་དང་ཀླུབས་ནི་གྱོན་པའི་མིང༌། །བརྟད་པ་གློ་བུར་བློ་ནི་གཞོགས། །གུར་བུ་གྲུ་བཞི་འཛེར་ནི་ཟེར། །ནེམ་ནུར་ཡིད་གཉིས་ཐེ་ཚོམ་སྟེ། །མཆིལ་བ་ལྕགས་ཀྱོ་ལྕགས་ཀྱུའི་མིང༌། །གོར་མ་ཆག་ནི་ཐེ་ཚོམ་མེད། །ཉེར་བསྡོགས་སྟ་གོན་གྱི་ན་དམན། །ཅོ་འདྲི་མཐོ་འཚམ་འདྲིད་ནི་སླུ། །འཆིང་དང་འཇིང་ནི་དབུས་ཀྱི་མིང༌། །བརྒྱད་བཀག་ཁ་སྨྲས་དམུན་ནི་བླུན། །བཞེན་བསྐུལ་དྲན་བསྐུལ་གཡམ་ནི་ཞར། །གཏོལ་མེད་རྒྱུས་མེད་ཕྲུ་མ་སྒར། །གསིག་ཤང་གསིལ་བྱེད་འཁར་གསིལ་མིང༌། །གསོང་པོ་དྲང་པོ་ཤོབ་ནི་བརྫུན། །ལྡེམ་པོ་ཀྱོག་པོ་མེད་ནི་བདེན། །གཙུག་ལག་སྡེ་སྣོད་དམ་རྒྱ་ཁྲིམས། །མཛངས་དང་ཡིད་གཞུངས་མཁས་པའི་མིང༌། །བསེལ་བ་སྐྱེལ་མ་སླད་ནི་ཕྱི། །གཟོད་མ་དང་པོ་གཟེབ་ནི་གུར། །ཡིད་སྨོན་ཡིད་དགའ་ཆེད་ནི་དོན། །མཚུན་ནི་ལྷ་དང་ཕ་མེས་མིང༌། །སྣ་ནི་གཙོ་བོ་གཞའ་ནི་འཇའ། །རྨང་ལམ་རྨི་ལམ་སྙུགས་ནི་ཡུན། །རྒྱ་ཅང་ཤུར་བུས་སྐ་རགས་ཏེ། །འོག་པག་སྐ་རགས་རྒྱན་ཅན་མིང༌། །གཅམ་བུ་བཅོས་མ་འགེམས་ནི་འཇོམས། །
    ཡིད་རྟེན་རྗེས་འབྲང་ཕྱིས་བུ་སྣོད། །ལྕེ་རྟེན་སྙད་འདོགས་འདལ་ནི་དལ། །ནོངས་དང་མ་སྟེས་ཉེས་པའི་མིང༌། །འཕྱེ་བོ་གོང་བོ་གཡར་ནི་ཁ། །འབེལ་གཏམ་བཀའ་མཆིད་ཡང་དག་གཏམ། །སྐྱེངས་ནི་ངོ་ཚ་བསྐྱུད་ནི་བརྗེད། །དགའ་འདུན་དགའ་སྤྲོར་ཚོགས་པའི་མིང༌། །དོ་ཀེར་ཅན་ནི་ཐོར་ཅོག་ཅན། །སྤྱི་ཏོར་ཅན་ནི་གཙུག་ཏོར་ཅན། །བཟེ་རེ་ཅན་ནི་བསྲན་ཆུང་བ། །གཡེན་སྤྱོས་བསྡིགས་དང་བདས་པའི་མིང༌། །བསྙེད་སྲིང་ཉེ་རིང་བཞིབ་ནི་འཇིབ། །སྔར་མཁོ་སྔར་བཞིན་སྨྱན་ཀ་གཉན། །ཆོ་ལོ་རྒྱན་པོ་རངས་ནི་དགའ། །བྱ་མ་རྟ་ནི་ཕང་ཕྱིན་མིང༌། །འོན་ནི་སྟོན་ལ་འོར་ནི་བོར། །དཀོས་ཐག་ཉམ་ཐག་གཞོལ་ནི་འབབ། །གྱིམ་ཤིང་རོལ་མོ་ཇེད་ནི་དབྱངས། །བྱ་མོ་ལབ་ནི་མཆོད་རྫས་མིང༌། ། བློན་འདེབས་གྲོས་འདེབས་འཇེབས་ནི་སྙན། །སྣ་རུ་ན་རོ་འཕྱན་ནི་འཁྱམས། །ནན་ཏུར་ཆད་ལས་བསྟིང་ནི་འཕྱ། །ཀུན་དཀྲིས་ཟག་པ་ཉོན་མོངས་མིང༌། །མ་ལ་ཀྱེ་མ་བཤུལ་ནི་ལམ། །མནོག་ཟན་འཁུར་བ་འཁམས་ནི་བརྒྱལ། །དུལ་ཁང་ཁྲུས་ཁང་རྫི་ནི་རླུང༌། །དཔྱ་ནི་འཕྱ་དང་ཁྲལ་གྱི་མིང༌། ། འདྲུབ་ནི་འཚམ་ལ་དྲུབས་ནི་བཙེམས། །རྐྱང་ནུལ་ཞལ་བ་མདུན་མ་གྲོས། །གྱོ་རལ་ས་ཞག་བརླམས་ནི་བསྐྱོད། །ཁ་དུམ་ཁ་ཕྱིན་གྲོས་མཐུན་མིང༌། །སྐྱེས་ཕྲན་དར་མ་བཀྲབས་ནི་འདེམས། །དྲུང་ནི་རྩ་བ་མི་ངས་རིམས། །བཀུམ་དང་གུམ་དང་དགུམ་པ་གསུམ། །བསད་དང་ཤི་དང་གསོད་པའི་མིང༌། །ཞལ་ཚུས་ཞལ་ཟས་བདའ་ནི་ཞིམ། །གཟུ་ལུམ་རང་བཟོ་གླགས་ནི་ཐབས། །སྟ་ཟུར་དཔྱི་མགོ་སྤྱོམས་ནི་ངོམས། །
    ཆེ་ཞེ་ཨ་ཅེའང་སྲིང་མོའི་མིང༌། །ཕྱག་བརྙན་འཁོར་གཡོག་ལན་བུ་སྐྲ། །སྐུ་མཉེ་བྱུག་པ་ཆུབ་ནི་རྟོགས། །སྤ་ནི་རྒྱན་ནམ་མཛེས་པ་སྟེ། །སྤུད་ནི་སྤྲས་པའམ་བརྒྱན་པའི་མིང༌། །མ་སྟབས་མ་རིངས་དངགས་ནི་ངག །སྤྱི་ཅེར་སྤྱི་ཐེར་བླ་ནི་བཟོད། །མཚན་བར་རྡོལ་ནི་མོ་མཚན་ནད། །སླེ་འདམ་མཚན་མ་ཆད་པའི་མིང༌། །བལྟམས་ནི་འཁྲུངས་དང་བསྐྲུན་ནི་བསྐྱེད། །དམིགས་བུ་ལོང་འཁྲིད་ལྡོངས་ནི་ལོངས། །དུས་ཀྱི་འཆུ་ནི་དབང་གིས་འཆུ། །སྟོངས་ནི་གྲོགས་དང་ཟད་པའི་མིང༌། །ཆབ་མི་འཚལ་ནི་ཆུད་མི་ཟ། །མི་བསྲུན་མ་དུལ་མ་རུངས་པ། །བྱེ་བྲག་ཁྱད་པར་སྣང་ནི་གསལ། །སྨེ་ཤ་ཅན་ནི་བཤན་པའི་མིང༌། །ཇི་རོབ་ཅི་ཕྱིར་ཅི་ནི་གང༌། །རྐྱེན་རྩིས་རྐྱེན་སྨན་སྨན་ནི་ཕན། །དཀོན་ཅོག་དཀོན་མཆོག་སྟུག་ནི་མཐུག །རེག་བྱ་སྙི་ནི་འཇམ་པའི་མིང༌། །གཞོགས་སྟེགས་འཕྱར་གཡེང་བརྟུན་ནི་བརྩོན། །འཚག་བཟང་མདངས་བཟང་འཚེངས་ནི་རྒྱལ། །བྲུ་བ་ཚ་ནི་ལྟོགས་སམ་བཀྲེས། །སྤུ་བསྙལ་ཞེ་སྡང་ཞི་བའི་མིང༌། །
    གཉལ་བོ་དབང་པོ་དཀྱུས་ནི་རྒྱུགས། །པུས་མཁྱུད་སྒོམ་ཐག་བདོ་ནི་དར། །ཁྭ་ཏ་བྱ་རོག་དགྲེ་ནི་བཙོག །བཙོག་དང་སྨེ་ནི་འབགས་པའི་མིང༌། །ཚ་སྒོ་ཅན་ནི་བ་ཚྭ་ཅན། །དགོན་དུང་ཆུ་མེད་ཆུ་ལོན་རགས། །ཡོང་ཡེ་རྣམ་པ་ཀུན་ཏུ་སྡེ། །མི་བཟད་མི་སྡུག་དྲག་པོའི་མིང༌། །དྲི་བརྩུང་དྲི་བསུང་བོག་ནི་སྤོས། །མཐའ་ཀླས་མཐའ་ཡས་སྩོགས་ནི་སོགས། །ཁས་འཆེ་འཆེས་ནི་ལེན་དང་བླངས། །རྟུལ་ཕོད་སྙིང་སྟོབས་ཆེ་བའི་མིང༌། །ཀེག་རྩེ་རྙི་ལ་རྙིང་ནི་གལ། །མཆི་གུ་ཡས་གཏུན་མཆིག་མས་གཏུན། ། བཀད་ས་འདུག་ས་མཉེལ་ནི་དྲལ། །དྲི་མནམ་དྲི་དཀུ་དྲི་ངའི་མིང༌། །ལ་གཅན་པ་ནི་ལའི་ཚུགས་པ།། ཤོ་གམ་པ་ནི་ཡུལ་ཚུགས་པ། །ཆགས་རྒྱ་དཔང་རྒྱ་ཡིག་བྲིས་ཏ། །བཟང་མཁན་གོས་བཟོ་མཁན་གྱི་མིང༌། །སྤྱི་བརྟོལ་ཅན་ནི་དཔྲལ་ཀོ་ཅན། །འདུན་པ་ཚེགས་པ་དབུལ་ནི་འབུལ། །སྨན་དང་སྨེ་སྔགས་སྡུག་བསྔལ་ཚིག །སྤང་བ་མི་འཇིགས་པ་ཡི་མིང༌། །འཇུད་མཐུན་མ་དང་གཟུགས་འཚོ་མ། །ཚོགས་ཅན་མ་རྣམས་སྨད་འཚོང་མིང༌། །འཇེན་མོ་བགྲོད་བྱ་བུད་མེད་དེ། །འཇེན་ཕོ་བགྲོད་བྱེད་སྐྱེས་པའི་མིང༌། །ལྗན་ལྗིད་མི་གཙང་མྱག་མྱོག་སྟེ། །ཆོལ་ཟངས་དྲི་ཆུ་འདོར་བའི་སྣོད། །རྣམ་ཕྱིངས་ཕྱི་ས་ཁང་པ་སྟེ། །མི་གཙང་འདོར་བའི་ཁང་པའི་མིང༌། །བླ་དྭགས་རྣམ་གྲངས་ཐ་ཚིག་དོན། །
    ཡོད་དོ་ཅོག་ནི་མཐའ་དག་དོན། །ཁེངས་སྐྱུངས་ང་རྒྱལ་བཅོམ་པ་སྟེ། །གཅོམས་བསྐྱུངས་ཁེངས་པ་ཆགས་པའི་མིང༌། །བཀྲེས་རྔབ་ཧཾ་པ་བརྡབ་ནི་འགབ། །མངོན་སྤྱོད་དྲག་ལས་མངོན་ནི་སྐྱོན། །ཕུང་ཀྲོལ་དོན་མེད་བྱ་བ་སྟེ། །འཐབ་ཀྲོལ་འཐབ་མོའི་གནོད་པའི་མིང༌། །མངོན་མཚན་བུན་སྐྱེད་བརྔོད་ནི་འདྲིད། །སྙུན་གཞི་ནད་གཞི་བསྙུན་ནི་ན། །གཅོང་ནི་ནད་ལ་གཅོང་རོང་གཡང༌། །གསུད་ནི་སྒྲེགས་པའམ་སྐྱུགས་པའི་མིང༌། །ཆུའི་ངོགས་དོང་སྟེ་ནང་ངམ་ལམ། །འཇིམ་པ་འདམ་ལ་འཇེམ་ནི་མཁས།། ལྕེ་འབབ་ཐོག་འབབ་ལྕོག་ནི་མགོ །བརྙན་པོ་གཡར་བོ་བརྙས་ནི་གཡས། །རྩབ་དང་རྩང་ནན་བཏུང་བའི་མིང༌། །མངའ་བརྙེས་དབང་ཐོབ་དགྱེས་ནི་དགའ། །བརྙས་ཐབས་ཁྱད་གསོད་བསྙོན་ནི་རྩོད། །སྲི་ཞུ་གུས་པས་བསྙེན་བཀུར་དང༌། །རྗེད་དང་བཀུར་སྟི་མཆོད་པའི་མིང༌། །སྟོབ་ནི་སྟེར་ལ་བསྟབས་ནི་བྱིན།། གཏོས་ནི་ལྟོ་བ་བཏུས་ནི་བསྡུས། །སྟེས་དབང་སྟབས་ལེགས་སྟོར་ནི་བོར། །བསྟར་ནི་ལེགས་པའམ་སྦྱངས་པའི་མིང༌། །སྟར་ནི་ཕྲེང་བ་བཏུབ་ནི་རུང༌། །བསྟི་གནས་ངལ་གསོ་བྱེད་པའི་གནས། །འཁུན་ནི་ཤུགས་རིང་འབྱིན་པ་སྟེ། །འབྱིན་ནི་འདོན་དང་ཕྱུང་བའི་མིང༌། །མེ་སྟག་མེ་མདག་བདོག་ནི་ཡོད། ། འདག་ཆལ་འདག་རྫས་བརླིང་ནི་བརྟན། །ར་མདའ་ཟླ་གྲོགས་སྦྲན་ནི་བསྐུལ། །
    རྣལ་མ་གཤའ་མ་ཡང་དག་མིང༌། །གདུང་འཚོབ་བརྒྱུད་འཛིན་གདུ་བུ་སྟེགས། །ལྡ་ལྡི་ལང་ལིང་ལྷབ་ལྷུབ་དང༌། །ཕེག་རྡོབ་རོལ་མོའི་བྱེ་བྲག་སྟེ། །གདུབ་ཀོར་རྐང་ལག་རྒྱན་གྱི་མིང༌། །འཕོང་ནི་འདའ་ལ་འཕོངས་ནི་རྐུབ། །མོ་ཤམ་རབས་ཆད་འཛུར་ནི་ཟུར། །འདུ་འཛི་འདུ་ལོང་འཛོལ་ནི་ནོར། ། ལྡུད་དང་བསྙེད་ནི་བླུད་པའི་མིང༌། །རྨད་ནི་ངོ་མཚར་རྨེལ་ནི་འཁལ། །རྨང་གཞི་འགྲམ་གཞི་སྨོས་ནི་བརྗོད། །མཉེས་གཤིན་བརྩེ་གདུང་ཆེ་བ་སྟེ། །ཕྱག་དར་ཕྱི་དོར་འཕྱག་པའི་མིང༌། །ས་ལེ་སྦྲམ་གསེར་སྨྲ་ནི་ཞན། །རྩེ་རྒོད་ལྷ་འབངས་སྩལ་ནི་གནང༌། །ངལ་འཚོང་ངལ་བསོ་འཚག་ནི་འཛོམ། །རྩོལ་དང་བརྟུལ་ནི་འབད་པའི་མིང༌། །དབུ་བ་ཝུ་བ་དབུབ་ནི་ཕུབ། །དབའ་རླབས་རྦ་རླབས་དབོས་ནི་སྤོས། ། གཟུ་བོ་དྲང་པོ་གཟུང་ནི་འཛུད༌། །ཆུ་ཞེང་གབ་ནི་སྲིད་ཞེང་མཉམ། །དབྲལ་ནི་ཕྲལ་ལ་དབྲོག་ནི་འཕྲོག །དབབ་ནི་འབེབས་ལ་དབྲག་ནི་བར། །སྲིད་པ་འཁོར་བ་སྲེག་ཟ་མེ། །བཙོ་བླག་མཁན་ནི་ཚོས་མཁན་མིང༌། །སྲད་བུ་སྐུད་པ་གཤིན་ནི་བཞུན། །སྲིའུ་ཕྲུ་གུ་སླད་ནི་ཕྱི། །བསྲེལ་ནི་འཆང་ལ་བསིལ་ནི་གྲང༌། །སྲིངས་ནི་རིང་དང་བསྲིངས་ནི་སྤྲིངས། །ལྡོབ་སྐྱེན་ཤེས་སླ་བལྡབ་ནི་བསྐྱར། །ཐ་སྙད་མཚན་ཉིད་བཞའ་ནི་རླན། ། སྒྱིད་ལུག་ཡིད་མི་དགའ་བ་སྟེ། །ཞུམ་པ་སེམས་པ་དམའ་བའི་མིང༌། །འབྱོག་ནི་བལྡག་ལ་དབོག་ནི་ཕོག །རྙེད་པ་ནོར་རྫས་སོམ་ནི་བདེ། །གྱ་ནོམ་ཕུན་སུམ་ཚོགས་པ་སྟེ། །ལྡེར་བཟོ་གཟུགས་བརྙན་བཅོས་པའི་མིང༌། །བབ་ཅོལ་བྱུང་རྒྱལ་མ་བསམ་པ། །རྟོགས་ཤིག་སོམས་ཤིག་བརྟགས་ནི་བསམས། །བཤོངས་ནི་སྡིངས་ལ་བཤོད་ནི་གཞོལ། །
    འཚེ་དང་བཅོས་ནི་གནོད་པའི་མིང༌། །ཐུ་བོ་གཙོ་བོ་བཞབ་ནི་འཇབ། །ངང་ཚུལ་སྣང་ཚུལ་དེང་དེ་རིང༌། །བརྣབ་སེམས་འདོད་ལ་མནར་སེམས་སྡང༌། །གནས་ངན་ལེན་ནི་ལྟུང་བའི་མིང༌། །ལན་གློན་ལན་ལྡོན་ལྡང་ནི་ལང༌། །གཉིད་ཡུར་གཉིད་དྲོ་མནལ་ནི་གཉིད། །རྒྱུ་གུ་ཅན་དང་ཤེས་པ་ཅན། །གཅེར་བུ་བ་རྣམས་མུ་སྟེགས་མིང༌། །གཡུལ་ནི་དམག་ལ་མཚང་ནི་སྐྱོན། །རེ་ལྡེ་རེ་བ་དཔོན་ནི་དབོན། །འཁོས་ཆུང་ཤེས་ཆུང་གྲུང་ནི་སྤྱང༌། །དབུས་དང་དབུང་ནི་དཀྱིལ་གྱི་མིང༌། །ཟིལ་མངར་བདུད་རྩི་ཡགས་ནི་ལེགས། །ཡེག་ནི་སེང་སེང་བསླན་ནི་འབྱར། །མུར་ཐུག་མཐར་ཐུག་བསྟིང་ནི་སྨོད། །ཟེ་ཕྲོག་གཡེར་པོའམ་བདར་བའི་མིང༌། །སྲིལ་ནི་མུག་པ་རྣ་བློགས་གཏོད། །གཡར་དམ་དམ་བཅའ་བསྐྲུ་ནི་འབྲང༌། །ཉེ་ཞོ་མེད་ནི་སྐྱོན་མེད་དམ། །བཀྲ་ཤིས་པ་ཡི་བརྡ་ཡིན་ནོ། །ཞུ་དང་གསོལ་འདྲ་འདྲ་དང་མཉམ། །མཉམ་དང་མཚུངས་ནི་རྣམ་གྲངས་ཡིན། །དལ་ནི་དཀྱིལ་འཁོར་ཎ་ནི་མེད། །ཌ་ནི་ཡོད་ཀྱི་སྡུད་ཚིག་ཡིན། ། འདུར་ཤིད་གཤིན་པོའི་དགེ་སྒྲུབ་མིང༌། །དེ་སོགས་རྣམ་གྲངས་མཐའ་ཡས་མོད། །རྒྱས་པ་བཀོད་ཀྱིས་ག་ལ་ལང༌། །དེ་ཙམ་རྟོགས་ཀྱང་གསུང་རབ་ཀྱི། །དོན་ལ་རྨོངས་པར་མི་འགྱུར་རོ། །

ཐ་མར་དགེ་བ་མཇུག་གི་དོན།

    འདི་ནི་ལི་ཤིའི་གུར་ཁང་དང༌། །དག་བྱེད་གསལ་བའི་མེ་ལོང་ལས། །ཅུང་ཟད་ཚིག་ཏུ་བསྒྲིགས་པ་ཡིན། །ལེགས་པར་སློབ་ལ་མཁས་པར་མཛོད། །འདི་བཀོད་དགེ་བས་རང་གཞན་ཀུན། །འཇམ་དཔལ་མཁྱེན་རབ་དང་མཚུངས་ཤོག།།ཅེས་བརྡ་གསར་རྙིང་གི་ཁྱད་པར་སོགས་ཅུང་ཟད་བསྟན་པ་གསར་བུའི་བློ་གྲོས་སྐྱེད་བྱེད་འདི་ནི། ལེགས་བཤད་ལི་ཤིའི་གུར་ཁང་དང་དག་བྱེད་ཀྱི་གཞུང་དག་ལས་མདོར་བསྡུས་ཙམ་བརྡ་དང་དག་བྱེད་ལ་མ་རྨོངས་པའི་དགེ་སྦྱོང་གི་ཤ་ཚུགས་རྡོ་རྗེའི་མིང་ཅན་གྱིས་ཚིག་ཏུ་བསྒྲིགས་པ་ལགས་པས་བཀྲ་ཤིས། སརྦ་ཛ་ག་ཏཾ།   
མཆན།     གཞུང་འདི་ཉིད་བོད་ཀྱི་བཅུ་ཕྲག་རིག་པའི་ཉིང་བཅུད་དེབ་དང་པོ་སྒྲ་སྙན་སྐོར་ལས་བདམས་སྒྲིག་ཞུས་པའི་ཐོག དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་བཞུགས་པའི་བཀྲ་ཤིས་ལྷུན་པོའི་དཔེ་རྙིང་ཤིང་པར་མར་ཞིབ་སྡུར་གྱིས་ཞུ་དག་ཞུས་པའོ།།

རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས།

དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ་ནི།  གཙང་གཡས་རུའི་བཀྲ་ཤིས་དགེ་འཕེལ་གླིང་གི་ཉེ་འདབས་སྔོན་དུས་འཇད་ཅེས་པ་དང་རྗེས་སུ་བཞད་ཅེས་པའི་ཡུལ་དུ། ཡབ་དྷརྨ་བྷ་དྲའི་གཅུང་བཀྲ་ཤིས་དང་ཡུམ་ཚེ་རིང་སྲིད་ཆོད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ས་སྦྲུལ་ཕྱི་ལོ་༡༨༠༩ ལོར་སྐུ་འཁྲུངས། བྱིས་པའི་དུས་ཀྱི་མཚན་ལ་འཇམ་དབྱངས་རྡོ་རྗེ་ཞེས་གསོལ། དགུང་ལོ་ལྔ་པར་ཁུ་བོ་དྷརྨ་བྷ་དྲའི་དྲུང་དུ་ཀློག་བསླབས། དགུང་ལོ་དྲུག་ཙམ་ལ་སྦྱོར་ཀློག་བློ་འཛིན་སོགས་ལ་ཐོགས་པ་མེད་པར་གྱུར། དགུང་ལོ་བཅུ་གཅིག་པར་བཀྲ་ཤིས་དགེ་འཕེལ་དགོན་དུ་ཕེབས་ཏེ་དཀའ་ཆེན་དཀོན་མཆོག་ཆོས་འཕེལ་གྱི་མདུན་དུ་དབུ་སྐྲ་གཙུག་ཕུད་ཕུལ། མཚན་ལ་བློ་བཟང་ཆོས་འཕེལ་ཞེས་གསོལ། དགུང་ལོ་བཅུ་གཉིས་པར་དཀའ་ཆེན་དཀོན་མཆོག་ཆོས་འཕེལ་ལས་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་མནོས། དེ་ནས་བཟུང་རྗེ་མི་ལའི་རྣམ་མགུར་སོགས་གཞུང་མང་མཐར་ཕྱིན་པར་སྦྱངས། དགུང་ལོ་བཅུ་དགུ་པར་བླ་མ་དྷརྨ་བྷ་དྲའི་ཞབས་ཞུ་མཛད། ཐ་སྙད་རིག་གནས་དང་མདོ་སྔགས་ཀྱི་གཞུང་རྒྱ་ཆེན་པོ་སྦྱོང་བའི་དབུ་ཚུགས། དགུང་ལོ་སོ་བཞི་པར་བླ་མའི་མདུན་དུ་སྙན་ངག་དང་སྒྲ་ཀཱ་ལ་པའི་རྒྱུགས་ཕུལ་བས། བླ་མས་ཐུགས་དགྱེས་ཆེན་པོས་ལེགས་སོ་གནང་བ་དང་ཀུན་བཤད་ཀྱི་མིང་དབྱངས་ཅན་གྲུབ་པའི་རྡོ་རྗེ་ཞེས་གནང༌། ལོ་དེའི་ཟླ་བཞི་པར་བླ་མ་ཆོས་བཟང་དྷརྨ་བྷ་དྲའི་དྲུང་ནས་དགེ་སློང་གི་སྡོམ་པ་མནོས། དེ་ནས་བཟུང་དགེ་སློང་གི་བསླབ་བྱའི་འཁྲིད་སོགས་འདུལ་བའི་སྐོར་གྱི་ཟབ་ཁྲིད་རྒྱ་མཚོ་ལྟ་བུ་གསན། བླ་མའི་ཐུགས་ལ་ཟབ་ཆོས་བཞུགས་སོ་ཅོག་བུམ་པ་གང་བྱོའི་ཚུལ་གྱིས་ཞུས་ཤིང་རིག་གནས་ཆེ་ཕྲ་ཀུན་ལ་མཁས་པའི་ཡང་རྩེ་སོན། བླ་མའི་གསུང་རྩོམ་འགའི་ཡི་གེ་བའང་ཁོང་གིས་མཛད། དགུང་ལོ་ཞེ་གསུམ་པར་བླ་མ་དམ་པ་སྐུ་གཤེགས་པས་ཁོང་གིས་པུར་ཁང་བརྩིགས་པ་དང་དངུལ་གྱི་གདུང་རྟེན་བཞེངས་པ་སོགས་དགོངས་རྫོགས་ཀྱི་བྱ་བ་ལེགས་པར་བསྒྲུབས། དེ་ནས་བླ་མའི་རྗེས་འཛིན་མཛད་ནས་གདན་ས་རྒྱ་སྐྱེད་དང་སྐུ་གསུང་ཐུགས་རྟེན་གསར་བཞེངས་གནང༌། བླ་མའི་གསུང་འབུམ་པར་དུ་བརྐོས། དགུང་ལོ་རེ་གཅིག་པ་རབ་བྱུང་བཅོ་ལྔ་པའི་ས་སྦྲུལ་ཕྱི་ལོ་༡༨༦༩ ལོར་དབུས་སུ་ཕེབས། དགོན་གནས་དང་རྟེན་ཁྱད་འཕགས་རྣམས་ལ་ཕྱག་མཆོད་དང༌། བླ་ཆེན་དཔོན་ཆེན་རྣམས་ལ་དམ་པའི་ཆོས་ཀྱི་བདུད་རྩི་ཕུལ། རེ་གཉིས་པར་ཕྱིར་གདན་སར་ཕེབས། བཤད་སྒྲུབ་གཉིས་ཀྱི་སྒོ་ནས་དགེ་ལྡན་བསྟན་པའི་རྒྱལ་མཚན་སྲིད་རྩེར་བསྒྲེངས། གངས་ཅན་མཁས་པ་ཡོངས་ཀྱིས་གཙུག་གི་ཏོག་ལྟར་བཀུར། སློབ་མ་གྲགས་ཆེན་ངག་དབང་ཚུལ་ཁྲིམས་དང༌། སྒོ་མང་ལྷ་རམས་པ་དགེ་འདུན་རྒྱ་མཚོ།  བླ་མ་ཡེ་ཤེས་ཆོས་འཕེལ། སྨིན་གྲོལ་ནོ་མོན་ཧན། ཆབ་མདོ་འཕགས་པ་ལྷ་ཆུ་བཟང་ཧུ་ཐོག་ཐུ། བློ་བཟང་འཇིགས་མེད་སོགས་བླ་ཆེན་མཁས་པ་ཤིན་ཏུ་མང༌། དགུང་ལོ་བདུན་ཅུ་དོན་དགུ་པ་རབ་བྱུང་བཅོ་ལྔ་པའི་མེ་ཕག་ཕྱི་ལོ་༡༨༨༧ ལོར་སྐུ་གཤེགས། བཀའ་རྩོམ་ཡང་གསང་སྔགས་སྒྲུབ་ཐབས་སྐོར་དང༌། ལེགས་བཤད་ལྗོན་དབང༌། དཀའ་གནད་གསལ་བའི་མེ་ལོང་སོགས་ཐུན་མོང་གི་རིག་གནས་སྙན་ངག་སུམ་རྟགས་སྐོར་སོགས་པོ་ཏི་གསུམ་ལྷག་མཛད་པ་བཅས་སོ། །

མདུན་ཤོག