[toc]

༄༅། །མཆོད་བརྗོད་དང་བརྩམ་པར་དམ་བཅའ་བ།མཁྱེན་པའི་གཏིང་མཐའ་མི་མངོན་འཇམ་དཔལ་དབྱངས། །གངས་ཅན་ཡི་གེའི་བྱེད་པོ་སཾ་བྷོ་ཊ། །ཐུགས་བརྩེའི་ལྕགས་ཀྱུ་འཆང་བའི་བཤེས་རྣམས་ལ། །རྟག་ཏུ་སྒོ་གསུམ་གུས་པ་ཆེན་པོས་འདུད། །གངས་ཅན་བརྡ་སྤྲོད་གཞུང་ལུགས་མཚོ་ལྟར་ཟབ། །སྙིང་པོའི་དོན་རྣམས་བླང་བར་བྱ་བ་ལ། །དམ་པའི་མན་ངག་རྒྱུན་བཟང་དང་འགྲོགས་ནས། །སྒྲ་འདྲའི་དབྱེ་བ་རབ་ཏུ་གསལ་བར་བྱ། །

ཀ་ཡི་སྡེ་ཚན།

ཀ་དག་ཀ་བ་ཀ་གཞུ་དང༌། །ཀ་ཕྲེང་ཀཱ་ལི་ཀ་སྡེ་དང༌། །ཀ་མད་ཀ་མེད་ཀ་ཏོ་ར། །ཀ་ཅ་ལ་སོགས་ཀ་རྐྱང་ངོ༌། །ཀོ་བ་ཀོ་གྲུ་ཀོ་སྟན་དང༌། །ཀོ་ཐག་ཀོ་ཐུམ་ཀོ་རློན་ཀྲད། །འོད་ཀོར་སྟོད་ཀོར་ཀླད་ཀོར་སོགས། །ཀ་ལ་ན་རོ་སྦྱར་བས་འཐུས། །ཀུན་ནས་ཀུན་ཏུ་ཀུན་ལ་བརྩེ། །ཀུན་གཟིགས་ཀུན་ཕན་ཀུན་རྫོབ་བདེན། །ཀུན་འགྲོ་ཀུན་མཁྱེན་རིགས་རུས་ཀུན། །ཀུན་ཁྱབ་ཀུན་བཟང་ཀུན་དང་མཐུན། །ཀུན་དགའ་ཀུན་སྤྱོད་ཀུན་སློང་བཟང༌། །ཀུན་གསལ་ཀུན་སྐྱབས་འགྲོ་བའི་མགོན། །ཀུ་ཤུ་ཀུ་ཅོ་རྩྭ་ཀུ་ཤ །ཀུ་རེ་ཀུ་མུད་ཀུ་རུ་ཁ། །ཀ་ལ་ཞབས་ཀྱུ་སྦྱར་བས་འཐུས། །བཀའ་འགྱུར་བཀའ་བསྟན་བཀའ་གདམས་དང༌། །བཀའ་བརྒྱུད་བཀའ་མཆིད་བཀའ་བཀྱོན་གནང༌། །བཀའ་སློབ་བཀའ་དྲིན་བཀའ་མངགས་དང༌། །བཀའ་ཤག་བཀའ་ཡིག་བཀའ་དྲུང་ཕེབས། །བཀའ་བློན་བཀའ་མོལ་བཀའ་ཤོག་འབྱོར། །རྒྱལ་བའི་བཀའ་ཁྲིམས་བཀའ་འཁྲོལ་གནང༌། །བཀའ་ཆེམས་བཀའ་ཉེས་བཀའ་ཆོས་སྩལ། །བཀའ་རྒྱ་ལ་སོགས་བས་འཕུལ་ཡིན། །དཀའ་སྤྱད་དཀའ་ཐུབ་དཀའ་ངལ་ཆེ། །དཀའ་ཆེན་དཀའ་སྡུག་དཀའ་འགྲེལ་དང༌། །དཀར་མདངས་མདོག་དཀར་ལུག་དཀར་པོ། །ད་དཀར་ཡིན་པས་ཤེས་པར་བྱ། །ཡུངས་ཀར་ཐལ་ཀར་ཐད་ཀར་དང༌། །ཟུག་ཀར་ལ་སོགས་དས་འཕུལ་མེད། །དམིགས་བཀར་རྒྱུ་སྐར་ཀརྨ་འཕྲིན་ལས། །སོ་སོའི་དག་ཆ་མ་འདྲེས་གཙོ། །རྒྱལ་སྐུ་སྐུ་གཟུགས་སྐུ་ཁམས་བདེ། །སྐུ་ངོ་སྐུ་མགྲོན་སྐུ་མཆེད་དང༌། །སྐུ་གཉེར་སྐུ་ཐོག་སྐུ་དྲིན་ཆེ། །སྐུ་གདུང་ལ་སོགས་ས་མགོ་ཅན། །མཛུབ་མོ་ཀེར་དང་ཀེར་རེ་ལངས། །རུས་ཀྲང་ཀྲང་ངེ་ཟུག་ཀྲང་ཀྲང༌། །ས་ཆ་ཀྱོང་ཀྱོང་སྣོད་ཀོང་ཀོང༌། །མཆོད་ཀོང་ཀྲོང་ཀྲོང་ལ་སོགས་པར། །འཕུལ་བརྩེགས་མེད་པ་ཤེས་པར་བྱ། །ལག་པས་བཀན་དང་ལུས་ཀྱིས་བཀན། །ཁེབས་བཀབ་གོས་བཀབ་སྨན་བཀུ་དང༌། །བསྙེན་བཀུར་གོང་བཀུར་ལ་སོགས་པར། །བས་འཕུལ་ཡོད་ཀྱང་འདོགས་བརྩེགས་མེད། །ཤིང་བཀུག་ལྕགས་བཀུག་བས་འཕུལ་དང༌། །ངག་ལྐུགས་ལྐོག་གྱུར་ལྐོག་ཟས་དང༌། །ཡིག་སྐོགས་ཤིང་སྐོགས་མར་སྐོགས་སོགས། །འཇུག་ཚུལ་མ་ནོར་ཤེས་པར་བྱ། །ཅ་ལག་བསྐུར་དང་གད་སྙིགས་བསྐྱུར། །ལས་སྣེ་བསྐོས་དང་དགེ་སྐོས་དང༌། །སྐྱོགས་ལོ་ཆེན་དང་ལྕགས་སྐྱོགས་སོགས། །ས་མགོ་ཡིན་པས་ཤེས་པར་བྱ། །ཀླད་ཀོར་ཀླད་པ་ཡི་གེ་ཀློག །རི་ཀླུང་ཆུ་ཀླུང་ཀ་ཀླུང་ཡིན། །ས་ཀླུ་དང་ནི་ཀླུ་གཉན་སོགས། །ཀ་ལ་ལ་བཏགས་ཡིན་པར་ངེས། །བུ་ཕྲུག་སྐྱེས་དང་ཤིང་སོགས་སྐྱེས། །རྗེས་འཇུག་ས་ཉིད་འཇུག་པ་ཡིན། །བྱང་སེམས་བསྐྱེད་དང་རྒྱ་ཁྱོན་བསྐྱེད། །བས་འཕུལ་དང་ནི་རྗེས་འཇུག་ད། །འཛིན་སྐྱོང་བྱེད་དང་བུ་ཕྲུག་སྐྱོང༌། །བླ་མས་སློབ་མ་ལེགས་པར་སྐྱོང༌། །མིང་གཞི་ཀ་ལ་ས་མགོ་ཅན། །རྐང་ལག་རྐྱོང་བ་ར་རྐྱོང་ལ། །ཡིག་རིགས་ཀློག་པ་ཀ་ཀློག་ཡིན། །ཕན་ཚུན་དཀྲུག་དང་ཐུག་པ་དཀྲུག །གནམ་ལ་སྤྲིན་དཀྲིགས་དུ་བ་དཀྲིགས། །ཚོགས་གྲལ་དཀྱིལ་ཀྲུང་ལེགས་པར་བཞུགས། །ཞོ་དཀྲོག་པ་དང་རོལ་མོ་དཀྲོལ། །ཕན་ཚུན་མ་དཀྲུག་ཐུག་པ་དཀྲུག །སྣལ་མ་དཀྲི་དང་ལས་འགན་དཀྲི། །དས་འཕུལ་ཡིན་པ་ངེས་པར་བྱ། །དུས་བསྐལ་མདོ་བསྐལ་བསྐལ་བཟང་རྒྱལ། །བས་འཕུལ་ས་མགོ་ཅན་གྱི་ཀ །ཐོབ་སྐལ་མིང་སྐལ་བས་འཕུལ་མེད། །དེ་རྣམས་དབྱེ་བ་གསལ་པོར་ངེས། །ལས་ཀ་སྐུལ་དང་དངོས་རྫས་སྐུར། །འཛེག་པའི་སྐས་དང་སྐད་གདངས་སྐད། །སྐྱིལ་ཀྲུང་བྱེད་དང་མཐའ་སྐོར་གནས། །མིང་གཞི་ཀ་ལ་ས་མགོ་ཅན། །གྲྭ་པ་དཀྱུས་མ་སྤྱན་དཀྱུས་རིང༌། །མི་སེར་དཀྱུས་མ་སྲབ་ཐག་དཀྱུས། །དབུས་ཀྱི་དཀྱིལ་དང་དཀྱིལ་འཁོར་སོགས། །དས་འཕུལ་ཀ་ལ་ཡ་བཏགས་ཡིན། །སྨན་རྐྱལ་རྩམ་རྐྱལ་ཆུ་ལ་རྐྱལ། །ས་རྡོ་རྐོ་དང་ཤིང་ལ་རྐོད། །ཆུ་རྐ་ལ་སོགས་མིང་གཞི་ཀར། །ར་མགོ་ཡོད་པ་སེམས་ལ་ངེས། །འབྱོར་ཐོ་བཀོད་དང་བཀོད་སྒྲིག་བྱེད། །བཀོད་པ་བཤད་ནས་ཡི་གེར་བཀོད། །རྒྱ་སྐྱེད་ཐོན་སྐྱེད་སྐྱེད་ཀ་སོགས། །སོ་སོའི་འཇུག་ཡུལ་མ་ནོར་གཅེས། །ནད་ཀྱི་སྐྱ་རྦབ་སྐྱ་ཆས་གྱོན། །ས་སྐྱ་མི་སྐྱ་སྐྱ་རེངས་ཤར། །སྐྱུག་བྲོ་བྱེད་དང་སྐྱུག་པ་ཤོར། །ས་མགོ་ཡ་བཏགས་ཅན་གྱི་ཀ །

ཁ་ཡི་སྡེ་ཚན།

ཁ་བ་འབབ་དང་ཁ་བ་ཅན། །ཁ་མཆུ་ཁ་ལུད་ཁ་གསལ་དང༌། །ཁ་དོག་ཁ་སང་ཁ་ལོ་བ། །ཁ་ཏོན་ཁ་མཐུན་ཁ་ཆེམས་བཞག །ཁ་སྤུ་ཁ་གདན་ཁ་ཁུ་སིམ། །ཁ་ཟས་ཁ་ཕོར་ཁ་ཡིག་བྲིས། །ཁ་སྣོན་སོགས་ལ་ཁ་རྐྱང་སྟེ། །ཁྭ་ཏའི་ཁྭ་དང་མ་ནོར་གཅེས། །འཁར་རྔ་འཁར་རྒྱུག་ལྕགས་ལ་འཁར། །འས་འཕུལ་ཡིན་པ་ཤེས་པར་བྱ། །མཁར་རྫོང་དང་ནི་མཁོ་གནད་ཆེ། །མས་འཕུལ་ཡིན་པས་ཤེས་པར་བྱ། །དཀྱིལ་འཁོར་འཁོར་ལོ་འཁོར་བཞིན་པ། །འཁོར་བ་ཁོར་ཡུག་སྲུང་སྐྱོབ་བྱེད། །འདབ་ཆགས་ཁུ་བྱུག་ཁུ་བ་འཐུང༌། །ཁུ་ནུའི་ལུང་པར་ཁུར་པོ་འཁུར། །བདེ་བར་འཁོད་དང་ཡི་གེར་འཁོད། །མི་འཁྱམས་སྤྲང་འཁྱམས་ཡུལ་གཞན་འཁྱམས། །ལུས་པོ་འཁྱོར་དང་དྲང་མིན་འཁྱོག །འས་འཕུལ་ཁ་ལ་ཡ་བཏགས་སོ། །སྤྲིན་པ་འཁྲིགས་དང་ཕོ་མོ་འཁྲིག །རུས་རྒྱུད་འཁོན་དང་འཁོན་འཛིན་བྱེད། །དངོས་པོ་འཁྱེར་བར་འས་འཕུལ་ཐོབ། །གྲོང་ཁྱེར་ལག་ཁྱེར་འས་འཕུལ་མེད། །ནམ་མཁའ་མཁའ་འགྲོ་མཁས་པ་དང༌། །མཁལ་མ་མཁུར་ཚོས་མས་འཕུལ་དང༌། །བསང་རྫས་འཁན་པ་བལ་འཁལ་བ། །འཁང་ར་སོགས་ལ་འས་འཕུལ་ཡོད། །དཔེ་མཁྱུད་ཅེས་པ་སྦས་པའི་དོན། །དེ་ལ་མས་འཕུལ་འཇུག་ན་ཡང༌། །མཐའ་ཡི་མུ་ཁྱུད་ཅེས་པ་ལ། །སྔོན་འཇུག་མེད་པ་ཤེས་པར་བྱ། །འཁྱུས་པ་ཞེས་པ་བྲོས་པའི་དོན། །མ་ལ་ཕྲུ་གུས་འཁྱུད་ནས་བསྡད། །ཐག་འཁྱུད་མེ་ཏོག་ལ་སོགས་པ། །དག་ཆའི་དབྱེ་བ་མ་ནོར་གཅེས། །སློབ་ཚན་འཁྲིད་ནས་མཐའ་འཁྱོལ་དང༌། །ཤིང་སྡོང་འཁྱོག་པོ་འཁྱོག་བཤད་སྤོངས། །འཁྲིས་སུ་ཡོད་པའི་འཁྱིལ་ཆུ་ལ། །སྔོན་འཇུག་འ་ཡིག་འཇུག་པ་ཡིན། །འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས། །ཡུལ་ཁམས་འབྱུང་ཁམས་སྐུ་ཁམས་བཟང༌། །ཁམ་བུའི་སྡོང་པོ་ཟས་ཁམ་གཅིག །ཡང་འཇུག་ཡོད་མེད་མ་ནོར་གཅེས། །བཞུགས་ཁྲིའི་ཁྲི་དང་ཁྲི་ཕྲག་ཁྲི། །རི་ཁྲོད་གངས་ཁྲོད་དུར་ཁྲོད་དང༌། །ཁ་དོག་ཁྲ་ཁྲ་ས་ཁྲ་སོགས། །རྗེས་འཇུག་ཡོད་མེད་མ་ནོར་ཨང༌། །ཁོངས་སུ་གཏོགས་དང་ཁོང་ཁྲོ་སྤོངས། །ལས་ཁུངས་དང་ནི་ཁུངས་སྐྱེལ་དགོས། །ལྟག་ཁུང་དང་ནི་ཨི་ཁུང་སོགས། །དེ་རྣམས་ཡང་འཇུག་ཡོད་མེད་ངེས། །ཁྱད་འཕགས་ཁྱད་མེད་ཁྱད་པར་ཅི། །ཁྱེད་ཅག་ཁྱེད་རང་ཁྱེད་ཚོ་སོང༌། །མཁྱེན་པ་མཁྱེན་རབ་ཀུན་མཁྱེན་སོགས། །དེ་རྣམས་དག་ཆའི་དབྱེ་བ་ངེས། །བླ་མ་འཁྲུངས་དང་འཁྲུངས་སྐར་དུས། །འདབ་ཆགས་ཁྲུང་ཁྲུང་རྐང་པ་རིང༌། །འཐབ་མོའི་འཁྲུག་དང་སེམས་པ་འཁྲུག །རྡོ་སོགས་མཁྲེགས་དང་མཁྲིས་པ་འཁྱགས། །ཡུལ་ཁྲིམས་སྲུང་དང་ཚུལ་ཁྲིམས་སྲུང༌། །ཁྲིམས་ལུགས་ལམ་ནས་ཁྲིམས་དཔོན་བསྐོས། །ཁྲིམས་སར་ཁྲིམས་གཏུགས་བྱེད་པའི་སྐབས། །ཁྲིམས་དང་མཐུན་པའི་ཐག་གཅོད་དགོས། །ཁྱིམ་པ་དང་ནི་ཁྱིམ་འཛིན་མ། །ཁྱིམ་མཚེས་ཁྱིམ་ཚང་མཐུན་པོ་དགོས། །ཁྱིམ་གཞིས་སྤངས་ཏེ་རབ་ཏུ་བྱུང༌། །དེ་དག་ཡ་བཏགས་ལྡན་པའི་སྡེ། །རྒྱལ་པོའི་ཁྲལ་དང་དམག་གི་ཁྲལ། །དཔྱ་ཁྲལ་བསྡུ་དུས་མ་དྲང་ན། །མི་སེར་ཁྲལ་གྱིས་མནར་བ་མང༌། །དེ་རྣམས་སྔོན་འཇུག་མེད་པའི་སྡེ། །མཁན་པོ་མཁན་ཟུར་ཡིག་མཁན་དང༌། །མཁན་ཆེན་ཞི་བ་འཚོ་ཡི་མཁན། །བྱེད་མཁན་སྐུར་མཁན་རྩོམ་མཁན་སོགས། །མིང་གཞི་ཁ་ལ་སྔོན་འཇུག་མ། །

ག་ཡི་སྡེ་ཚན།

ག་དུས་ག་པར་ག་རེ་བྱེད། །ག་བུར་ག་ཚོད་ག་ལ་ཡོང༌། །ག་ལེ་ག་ཤལ་ལ་སོགས་པ། །ག་རྐྱང་ཡིན་པ་ཤེས་པར་བྱ། །གང་དུ་ཕེབས་པ་གང་གི་དོན། །གང་བྱུང་མ་གསུང་གང་ལྟར་དང༌། །གངས་ཅན་པ་དང་གངས་རིའི་ཁྲོད། །གངས་ལྗོངས་གངས་དཀར་ཏི་སེ་སོགས། །ཡང་འཇུག་ཡོད་མེད་བློ་རུ་ངེས། །གོ་བ་ལེན་དང་གོ་སྡུར་བྱེད། །གོ་དོན་གོ་ཤེས་གོ་རིམ་དང༌། །ཧ་གོ་གོ་ཐལ་ལ་སོགས་པ། །བརྩེགས་འཕུལ་གང་ཡང་མེད་པའི་སྡེ། །གད་པ་གད་སྙིགས་གད་མོ་ཤོར། །གད་གཙང་གད་ཟུར་གད་བདར་བྱེད། །གལ་ཆེ་གལ་སྲིད་གལ་ཏེ་དང༌། །གར་པ་ཕོ་མོ་གར་སླའི་གར། །ྋགོང་ས་མཆོག་དང་གོང་དུ་བཀུར། །གོང་འཕེལ་གོང་ཚད་འཚམ་པོ་འདུག །ཇ་ཆང་གར་པོ་རྒྱ་གར་དང༌། །གོམ་པ་སྤོས་པའི་གོམ་བགྲོད་སོགས། །དེ་བཞིན་དུག་ལོག་གོན་པ་དང༌། །གོམས་གཤིས་གོམས་འདྲིས་ལེགས་པར་གོམས། །གོར་མ་རྡོ་དང་གོར་བོད་གོར། །དེ་རྣམས་འཇུག་ཚུལ་མ་འཁྲུལ་ཨང༌། །དགེ་བསྙེན་དགེ་ཚུལ་དགེ་ལྡན་དང༌། །དགེ་མཚན་དགེ་བཤེས་དགེ་སྐོས་ལགས། །མི་དགེ་སྤང་སྟེ་དགེ་སེམས་བསྐྱེད། །དགེ་འདུན་དགེ་སློང་དགེ་རྒན་དང༌། །དགེ་ལུགས་དགེ་རྩ་གོང་དུ་འཕེལ། །དགོང་དྲོ་དགོང་མོ་དགོང་ཟས་སྟེར། །དགོངས་བཞེས་དགོངས་འཁྲོལ་དགོངས་པ་གནང༌། །དགོངས་ཞུ་དགོངས་ཚོམ་དགོངས་དག་དང༌། །དགོན་པར་མགོན་སྐྱབས་བླ་མ་ཡོད། །གྲངས་དགུ་དང་ནི་དགུ་ཚིགས་སྐར། །ར་རྒུ་ཞེས་པ་མང་ཚིག་ཡིན། །དེ་རྣམས་གོ་དོན་མ་འཁྲུལ་གཅེས། །ནམ་དུས་དགུན་དང་རྒུན་གྲུམ་ཟས། །རི་དྭགས་དགོ་བར་དས་འཕུལ་དང༌། །ནད་འགོ་བ་ལ་འས་འཕུལ་ཡོད། །དེ་རྣམས་མ་འཁྲུལ་ལེགས་པར་སྦྱོངས། །ལོ་ན་རྒན་དང་དགེ་རྒན་དང༌། །རྒན་ཆོས་བྱེད་དང་རྒན་བདག་དང༌། །བྱ་རྒོད་རྒོད་མ་བྱིང་རྒོད་རྣམས། །ར་མགོ་ཅན་གྱི་སྡེ་ཚན་ཡིན། །གྲྭ་ས་གྲྭ་པ་ཆོས་གྲྭ་དང༌། །སློབ་གྲྭ་འཛིན་གྲྭ་བཟོ་གྲྭ་དང༌། །བསྡུས་གྲྭ་ལས་གྲྭ་སྒོམ་གྲྭ་སོགས། །ག་ལ་ར་བཏགས་ཝ་ཟུར་ཐོབ། །སྤུ་རིགས་གྲ་དང་ཤིང་གྲ་མ། །གྲོ་ཞིབ་གྲོ་མ་གྲོ་མོའི་ཡུལ། །ཆོས་གྲོགས་ཟླ་གྲོགས་མཛའ་གྲོགས་དང༌། །གྲོགས་བཟང་མཐུན་པོ་ཤིན་ཏུ་ལེགས། །གྲུ་གཟིངས་དང་ནི་གྲུ་དཔོན་དང༌། །ཡུལ་གྲུ་དང་ནི་གནམ་གྲུ་འཕུར། །བྱ་བ་གྲུབ་ཟིན་མ་འོངས་འགྲུབ། །དེ་དག་དབྱེ་བ་བློ་རུ་ངེས། །གུས་ཞབས་གུས་བཀུར་གུས་བཏུད་དང༌། །གུས་ཆུང་གུས་པས་གནས་ཚུལ་ཞུས། །གུ་དོག་གུ་ཡངས་རྒྱ་ཁྱོན་ཆེ། །དེ་རྣམས་ག་ལ་ཞབས་ཀྱུ་ཅན། །འཕྲུལ་ཆས་གློག་དང་གནམ་གློག་འཁྱུག །འཛམ་གླིང་གླིང་བཞི་བློ་གླིང་དང༌། །ཐེག་ཆེན་གླིང་དང་ཆོས་གླིང་སོགས། །ལ་བཏགས་ཅན་གྱི་སྡེ་ཚན་ཡིན། །འཚོ་གོས་གོས་ཆེན་གོས་ཐུང་དང༌། །དགའ་ལྡན་དགའ་སྤྲོ་དགའ་བསུ་བྱེད། །དགའ་བདེ་དགའ་བ་དགའ་སྟོན་སོགས། །དེ་རྣམས་འཇུག་ཚུལ་མ་ནོར་གཅེས། །བཞུགས་སྒར་དམག་སྒར་ས་མགོ་ཡོད། །དྲན་མེད་བརྒྱལ་བར་བས་འཕུལ་ཐོབ། །རྒྱལ་ཁབ་རྒྱལ་དར་རྒྱལ་རྒྱུད་དང༌། །རྒྱལ་ཕྲན་རྒྱལ་བློན་རྒྱལ་ཁྲིམས་དམ། །རྒྱལ་ཁམས་རྒྱལ་ཚབ་རྒྱལ་མཚན་དང༌། །རྒྱལ་རབས་རྒྱལ་སྲིད་རྒྱལ་སྲས་དང༌། །ཕྱི་རྒྱལ་རྒྱལ་རིགས་རྒྱལ་གླུ་སོགས། །ག་ལ་ར་མགོ་ཡ་བཏགས་ཡོད། །སྲོང་བཙན་སྒམ་པོ་ལྕགས་སྒམ་དང༌། །རུས་སྒྲོམ་ཤིང་སྒྲོམ་སྒྲོམ་གཞི་དང༌། །སྒྲོམ་སྐྱོར་ལྕགས་སྒྲོམ་ལ་སོགས་པ། །དེ་དག་ས་མགོ་ཅན་གྱི་སྡེ། །གྲུབ་ཐོབ་གྲུབ་མཐའ་དངོས་གྲུབ་ཐོབ། །དོན་གྲུབ་གཞི་གྲུབ་ལེགས་པར་གྲུབ། །སྲོག་ཆགས་གྲོག་མ་ཆུ་ཤུལ་གྲོག །ཆོས་གྲོགས་སློབ་གྲོགས་གྲོགས་བཟང་ལ། །ཡང་འཇུག་ཡོད་མེད་མ་ནོར་ཨང༌། །མགྲོན་ཁང་མགྲོན་པོ་སྐུ་མགྲོན་དང༌། །ལམ་གྲོན་གཏང་དུས་གྲོན་ཆུང་བྱ། །གཙང་འགྲམ་ངོ་འགྲམ་རི་འགྲམ་སོགས། །སྔོན་འཇུག་ཡོད་མེད་མ་ནོར་སོམས། །སྐད་གྲགས་སྙན་གྲགས་ཡོངས་སུ་གྲགས། །མི་རྒྱུད་རི་རྒྱུད་ལོ་རྒྱུས་དང༌། །ཕྲེང་བར་བརྒྱུས་པ་བརྒྱུད་ནས་འབྱོར། །དེ་རྣམས་མ་འཁྲུལ་ཡིད་གཟབ་བྱ། །སྒྲ་ཐོས་སྒྲ་གདངས་སྒྲ་འཛིན་དང༌། །སྒྲ་སྙན་སྒྲ་གཞུང་སྒྲ་ལ་སྦྱོངས། །སྒྲ་རིག་སྒྲ་སྒྱུར་ལོ་ཙཱ་བ། །ས་མགོ་ར་བཏགས་མིང་གཞི་ག །

ང་ཡི་སྡེ་ཚན།

ང་དང་ང་ཚོ་ངའི་དངོས་པོ། །ང་རང་ང་རོ་ང་རྒྱལ་ཆེ། །ང་གཉིས་ང་ཅག་ང་ལ་ཡོད། །མིང་གཞི་ང་ལ་བརྩེགས་འཕུལ་མེད། །ངོ་བསྟོད་ངོ་ཤེས་ངོ་མ་ཆོག །ངོ་མཚར་ཆེ་དང་ངོ་སོ་ཡོད། །ངོ་ཚ་ངོ་གནོང་ངོ་གདོང་འཁྲུ། །ངོ་བོ་ངོ་སྲུང་ངོ་མ་ཡིན། །ངག་འཕྲིན་ངག་རྒྱུན་སྙན་ངག་དང༌། །ངག་དབང་ངག་སྐྱོར་ངག་ལྐུགས་དང༌། །ངག་སྒྲོན་ངག་བཅད་ངག་རྒྱུགས་སོགས། །མིང་གཞི་ང་ལ་རྗེས་འཇུག་གའོ། །འདབ་ཆགས་ངང་པ་ངང་མོ་དང༌། །དགེ་རྒན་ངང་རྒྱུད་རིང་བ་དང༌། །ངང་ཚུལ་ལྡན་པའི་སློབ་མ་བཟང༌། །ལས་དོན་ངང་གིས་སྒྲུབ་ན་ལེགས། །ངན་སོང་ངན་འགྲོ་ངན་སེམས་སྤོངས། །བྱ་བ་ངན་པའི་རིགས་རྣམས་འདོར། །སྤོས་ངད་ལྡན་དང་དྲི་ངད་ལྡན། །ངམ་ངམ་ཤུགས་ཀྱིས་ངར་འཛིན་སྐྱེས། །མངའ་ཁོངས་མངའ་ཐང་མངའ་འབངས་དང༌། །ཐུགས་མངའ་མངའ་བདག་ལོངས་སྤྱོད་མངའ། །མངའ་རིས་མངའ་ཞབས་མངའ་གསོལ་གནང༌། །མིང་གཞི་ང་ལ་མ་ཡིས་འཕུལ། །མངར་ཆའི་རིགས་དང་གྲལ་དུ་དངར། །རིན་ཆེན་དངུལ་དང་རྔུལ་ལེན་དང༌། །ལུས་ཀྱི་རྔུལ་ཆུ་རྣམས་ལ་ནི། །སོ་སོའི་ཐོབ་ཚུལ་མ་ནོར་གཅེས། །ཅ་ལག་མངགས་པ་མ་མངགས་ཡིན། །བསྔགས་བརྗོད་བསྔགས་བསྟོད་བསྟོད་བསྔགས་བྱེད། །དངངས་སྐྲག་དངངས་འཚབ་ལ་སོགས་པ། །ཡིད་ལ་བཞག་ནས་མ་ནོར་ཨང༌། །མདོ་སྔགས་སྔགས་འཆང་སྔགས་རྒྱུད་དང༌། །གསང་སྔགས་སྔགས་པ་གྲྭ་ཚང་དང༌། །དགེ་བ་བསྔོ་དང་བསྔོ་སྨོན་མཛད། །མིང་གཞི་ང་ལ་ས་མགོ་ཅན། །  མངོན་གྱུར་མངོན་པར་རྟོགས་པ་དང༌། །མངོན་ཤེས་མངོན་བརྗོད་མངོན་པ་མཛོད། །མངོན་སུམ་མངོན་གསལ་མངོན་མཐོ་དང༌། །མངོན་པའི་སྡེ་སོགས་མས་འཕུལ་ལྡན། །སྔ་དུས་སྔ་དྲོ་ས་སྔ་དང༌། །གྲངས་ཀྱི་ལྔ་ནི་ལ་ལྔ་ཡིན། །གཡག་གི་རྔ་མ་རྔ་མོང་སོགས། །མགོ་ཅན་གསུམ་པོ་མ་ནོར་སྦྱོངས། །དངོས་རྫས་དངོས་པོ་དངོས་གནས་དང༌། །དངོས་སློབ་དངོས་སུ་དངོས་ཡོད་དང༌། །དངོས་གཞི་དངོས་བསྟན་ལ་སོགས་པ། །ད་ཡིས་འཕུལ་བའི་སྡེ་ཚན་ཡིན། །

མདུན་ཤོག

Menu