[toc]

ཏ་ཡི་སྡེ་ཚན།

ཏ་ལའི་འབྲས་བུར་ངང་ལག་ཟེར། །ཞལ་ཏ་མ་ནི་གཡོག་མོའི་མིང༌། །ཏཱ་ལའི་བླ་མའི་གཟིམ་ཆུང་ནི། །ཕོ་བྲང་པོ་ཏ་ལ་རུའང་ཡོད། །ཤིང་ཏོག་མེ་ཏོག་རྩེའི་ཏོག་དང༌། །ཞྭ་མོའི་ཏོག་དང་ཏོག་ཙེ་དང༌། །སིལ་ཏོག་ཅེས་པ་ཤིང་ཏོག་མིང༌། །བརྩེགས་འཕུལ་མེད་པའི་ཏ་རྐྱང་ཡིན། །གཏན་འཁེལ་གཏན་འབེབས་གཏན་ལ་ཕབ། །གཏན་ཚིགས་རིག་པ་ཚད་མའི་གཞུང༌། །གཏན་དུ་བསམ་གཏན་སྒོམ་པ་བཟང༌། །གཏན་གྱི་གྲོགས་པོ་བརྟན་པོ་དགོས། །གཏན་ཆགས་གནས་སར་གཙང་སྦྲ་བྱ། །གཏན་ལ་ཕོབས་ཤིག་སྐུལ་ཚིག་དང༌། །གཏན་དུ་བདེ་བ་ཐོབ་ལྟ་བུ། །ཚིག་གྲོགས་གཞིར་བཟུང་མ་འཁྲུལ་སྦྱོངས། །གཏམ་བཤད་པ་དང་གཏམ་སྙན་ཐོས། །སྔོན་མའི་གཏམ་རྒྱུད་གཏམ་དཔེ་བཤད། །གཏམ་བཟང་གཏམ་བརྗོད་སྙིང་གཏམ་སོགས། །དེ་དག་ཡང་འཇུག་མེད་པ་འོ། །གཏམས་དཀྲིགས་ཞེས་པ་གྲངས་ཀའི་མིང༌། །ཡོངས་སུ་གཏམས་པ་གང་བའི་དོན། །ལེགས་བཤད་གཏམས་པ་ལ་སོགས་པ། །སྔོན་འཇུག་ཡང་འཇུག་གཉིས་ཀ་ཐོབ། །བུ་ཕྲུག་ཕ་མར་བརྟེན་པ་དང༌། །བླ་མའི་དྲིན་ལ་བརྟེན་ནས་ཆོས། །བླ་མ་བཞུགས་ཁྲིར་བརྟེན་ནས་ཡོད། །ཤིང་རྩེར་ཕོ་རོག་བརྟེན་ནས་འདུག །བས་འཕུལ་ཡིན་པ་ཡིད་ལ་ཞོག །སྐྱབས་རྟེན་བསྔོ་རྟེན་བླ་མར་འབུལ། །འཇིག་རྟེན་རྟེན་འབྲེལ་རྟེན་གནས་དང༌། །མཆོད་རྟེན་བཞེངས་པ་ལ་སོགས་པ། །སྔོན་འཇུག་མེད་པའི་རྟེན་གྱི་སྒྲ། །བསྟན་བཅོས་བསྟན་འཛིན་བསྟན་པ་དར། །དགེ་རྒན་བསྟེན་དང་ཨེམ་ཆི་བསྟེན། །སྐུ་ཚེ་བརྟན་ཕྱིར་བརྟན་བཞུགས་འབུལ། །ནན་ཏན་བྱས་ནས་ཡོན་ཏན་སྦྱོངས། །སྐུ་བལྟམས་ཞེས་པ་འཁྲུངས་པའི་དོན། །བལྟམ་བྱ་དང་ནི་ལྟམ་བྱེད་དང༌། །བལྟམས་ཟིན་དང་ནི་ལྟོམས་ཤིག་ཅེས། །མིང་གཞི་ཏ་ལ་བརྩེགས་འཕུལ་ཐོབ། །རྣམ་རྟོག་མ་བྱེད་རྟོག་ཞིབ་བྱ། །ལོག་རྟོག་སེལ་ནས་འཁྲུལ་རྟོག་མེད། །རྟོན་པ་རྟོན་མེད་ཤེས་པ་ལ། །སྔོན་འཇུག་ཡང་འཇུག་གཉིས་ཀ་མེད། །རྟོགས་པ་ཞེས་པ་ཤེས་པའི་དོན། །གཞུང་དོན་རྟོགས་ནས་སྤང་རྟོགས་རྒྱས། །ལུང་རྟོགས་རྟོགས་བརྗོད་རྟོགས་པ་འཕེལ། །སྔོན་འཇུག་མེད་ལ་ཡང་འཇུག་ཐོབ། །རྟགས་རིགས་དང་ནི་རྟགས་གསལ་བཏང༌། །ཕོ་རྟགས་དང་ནི་མོ་རྟགས་དང༌། །དམག་རྟགས་དང་ནི་དཔུང་རྟགས་དང༌། །ཕྱག་རྟགས་གནང་ཞིང་ལག་རྟགས་བསྐུར། །མཚན་རྟགས་བསྐྱོན་ཞིང་ས་རྟགས་བརྒྱབ། །རྟགས་མཚན་བཟང་དང་རྟགས་མཚན་ངན། །གང་ཞིག་མཚོན་བྱེད་རྟགས་སོགས་ལ། །སྔོན་འཇུག་མེད་ཀྱང་ཡང་འཇུག་ཐོབ། །བརྟག་དཔྱད་ཁང་དུ་ལུས་ལ་བརྟགས། །མིང་གཞི་ཏ་ལ་བརྩེགས་འཕུལ་ཐོབ། །རྟག་པ་མི་རྟག་རྟག་ཏུ་སོགས། །སྔོན་འཇུག་ཡང་འཇུག་གཉིས་ཀ་མེད། །སྣལ་མ་བཏགས་དང་ཐ་སྙད་བཏགས། །འབྲུ་རིགས་བཏགས་དང་ཁ་བཏགས་བཏགས། །སྒོ་ཁྱི་བཏགས་དང་མིང་བཏགས་སོགས། །བས་འཕུལ་རྗེས་འཇུག་ཡང་འཇུག་ཅན། །ཁུངས་ལས་བཏུས་དང་བཏུང་བྱའི་བཏུང༌། །བརྟག་དཔྱད་ཁང་དུ་ལུས་ལ་བརྟགས། །མི་རྟག་པ་དང་རྟག་པ་དང༌། །རྟག་ཏུ་ཞེས་སོགས་མ་འཁྲུལ་ཨང༌། །ཁྲིམས་ལ་གཏུགས་ནས་གཏུགས་གཤེར་བྱེད། །ཞབས་ལ་བཏུད་དང་ཇ་ཆང་བཏུང༌། །ཁུངས་སུ་གཏོགས་དང་ཤ་སོགས་བཏུབས། །ཚིག་གྲོགས་གཞིར་བཟུང་འཇུག་ཚུལ་སྦྱོངས། །བརྟུན་པ་ཞེས་པ་བརྩོན་འགྲུས་དོན། །ཕན་ཚུན་བསྟུན་པ་མཐུན་འབྲེལ་དོན། །ཤ་སྟག་མེ་སྟག་ཤིང་སྟག་པ། །ཚིག་གྲོགས་གཞིར་བཟུང་བེད་སྤྱོད་བྱ། །གཏེར་ནས་བཏོན་པའི་དངོས་རྫས་སྟེར། །ཁང་རྙིང་གཏོར་དང་གཏོར་མ་གཏོང༌། །བོར་སྟོར་ཞེས་པ་བརླགས་པའི་དོན། །ཚིག་འདྲའི་དབྱེ་བ་མ་ནོར་སོམས། །སྟོན་པ་དང་ནི་ལམ་སྟོན་མཛད། །སྟོན་དཔྱིད་སྟོན་འབྲས་ལེགས་པོ་བྱུང༌། །སྟོན་ཀའི་དུས་དང་སྟོན་མོ་བཤམས། །ཚིག་གྲོགས་འཇུག་ཡུལ་བློ་རུ་ངེས། །པགས་སྟན་བལ་སྟན་སྤུ་སྟན་དང༌། །རས་སྟན་འབོལ་སྟན་གཙུབ་སྟན་དང༌། །རྩྭ་སྟན་འགྱིག་སྟན་ལ་སོགས་ལ། །བས་འཕུལ་མེད་ལ་ས་མགོ་ཅན། །ད་ལྟ་བ་དང་མིག་གིས་ལྟ། །ལྟ་བ་བཟང་པོ་རྒྱུད་ལ་སྐྱེས། །ལྟ་སྟངས་དང་ནི་ལྟ་ཚུལ་ལ
ེགས། །ལྟ་ཅི་སྨོས་དང་ལྟ་ན་སྡུག །སྨོན་ལམ་བཏབ་དང་གསོལ་བ་བཏབ། །ས་བོན་བཏབ་དང་ཤིང་སོགས་བཏབ། །དགོན་པ་བཏབ་པ་བཞེངས་པའི་དོན། །སྔོན་རྗེས་གཉིས་ཀ་བ་ཐོབ་ཡིན། །གཏི་མུག་བསམ་བློ་གུ་དོག་པོ། །གཏི་མུག་ཤེས་པ་མི་གསལ་བ། །བཏང་སྙོམས་མཐོ་དམན་ཉེ་རིང་མེད། །རྟ་དབྱངས་འདོན་པའི་དབྱངས་ཤིག་ཡིན།ལྟོ་ཕོར་ཤོར་ནི་ལས་ཀ་ཤོར། །ལྟོ་གོས་གཉིས་ནི་ཟས་གོས་གཉིས། །ལྟུང་བ་ལྷུང་བའམ་ཟགས་པའི་དོན། །ལྟེ་གནས་གནས་ཡུལ་གཙོ་བོའི་དོན། །

ཐ་ཡི་སྡེ་ཚན།

ཐ་སྙད་ཐ་དད་ཐ་མ་དང༌། །ཐ་ཤལ་བ་དང་ཐ་མག་དང༌། །ཐ་ཆུང་བུ་ནི་ཆུང་ཤོས་ཡིན། །འཕུལ་རྟེན་མེད་པའི་ཐ་རྐྱང་ཡིན། །སྐུ་ཐང་ཐང་གཤམ་ལེགས་པོ་བཞེངས། །ཐང་ཤིང་ཐང་ཆད་ཐང་དུ་སླེབས། །ས་ཐང་གཙང་སར་ཇ་ཐང་འཐུང༌། །ཐ་ལ་རྗེས་འཇུག་ང་ཡིག་འཇུག །འཐས་ནི་མཁྲེགས་པའི་དོན་ལ་འཇུག །འཐད་ནི་འོས་པ་འགྲིག་པའི་དོན། །ཐད་ཀ་ཡོང་བ་ལ་སོགས་པ། །དེ་དག་འཇུག་ཡུལ་ཤིན་ཏུ་གཟབ། །ཐབས་ཤེས་བཟང་དང་ཐབས་ཇུས་མཁས། །ཐབས་ལམ་སྟོན་དང་ཐབས་རྡུགས་སྤོངས། །ཐབས་ལ་མཁས་དང་ཐབས་གཅིག་ཏུ། །ཚིག་གྲོགས་ཐམས་ཅད་མ་ནོར་ངེས། །ཐབ་ཚང་ནང་དུ་ཐབ་ཆས་དགོས། །ཐབ་རེས་སུ་ཡིན་ཐབ་ལས་བྱ། །འཐབ་མོ་མ་བྱེད་འཐབ་འཛིང་སྤོངས། །དག་ཆའི་ཐོབ་ཚུལ་མ་ནོར་སྦྱོངས། །ཐོ་རེངས་ལོངས་དང་ཐོ་ཡིག་འབྲི། །འབྱོར་ཐོ་བཀོད་དང་ཐོ་བས་བརྡུངས། །མཐོ་སློབ་ཁང་དང་གོ་གནས་མཐོ། །མཐོ་རིས་ལ་སོགས་མ་འཁྲུལ་ངེས། །མིག་གིས་མཐོང་དང་མཐོངས་ཡངས་ཆེ། །མཐོང་ཆུང་མ་བྱེད་མཐོང་ཐོས་བྱུང༌། །སློབ་མ་མཐོང་རྒྱ་ཐོས་རྒྱ་དགོས། །ཐོང་གཤོལ་ཐོང་དང་མ་འཁྲུལ་ཨང༌། །མཐའ་དག་དང་ནི་མཐའ་ཡས་པ། །མཐའ་འཁོབ་དང་ནི་ཟད་མཐའ་མེད། །རྒྱ་མཚོའི་མཐའ་དང་མཐའ་རུ་སླེབས། །མུ་མཐའ་བྲལ་བའི་མཐའ་བྲལ་དང༌། །བསམ་བློ་མཐུན་དང་མཐུན་རྐྱེན་འཛོམས། །མཐུན་ལམ་བྱེད་དེ་མཐུན་འགྲིགས་བྱུང༌། །མཐུན་དང་མི་མཐུན་གཞི་མཐུན་སོགས། །ཐུན་མོང་རྫས་ལ་བདག་གཅེས་དགོས། །སྤྱི་འཐུས་དང་ནི་འཐུས་མི་འཛོམས། །ཆད་པ་མཐུད་དེ་མཐུད་མཚམས་འཚེམ། །ཐོས་བསམ་མཐར་ཕྱིན་ཐར་པ་ཐོབ། །དག་ཆའི་ཐོབ་ཚུལ་མ་ནོར་སོམས། །ཐིག་ཤིང་བཟོས་ཏེ་ཐིག་རྒྱག་དགོས། །ཆུ་ཐིགས་བསགས་ནས་སྣོད་ཆེན་ཁེངས། །ཐུག་འཕྲད་བྱས་ཏེ་ཐུག་པ་བཏུང༌། །ཐེག་ཆེན་པ་དང་ཁུར་པོ་ཐེག །ཐུགས་རྗེ་ཆེ་དང་ཐུགས་དགོངས་ཡངས། །ཐུགས་སྣང་བྱུང་དང་ཐུགས་མངའ་ལྡན། །ཐུགས་སྤྲོ་བཏང་ནས་ཐུགས་སེམས་མཉེས། །ཚིག་གྲོགས་གཞིར་བཟུང་བློ་ལ་ཟུངས། །ཐམ་ག་ཞེས་པ་ཐེལ་ཙེའི་མིང༌། །བརྒྱ་ཐམ་པ་ནི་གྲངས་ཀྱི་ཚད། །ཐམས་ཅད་ཅེས་པ་ཀུན་གྱི་དོན། །དེ་དག་ཚིག་གྲོགས་གཞིར་བཟུང་ལྟོས། །

ད་ཡི་སྡེ་ཚན།

ད་རང་ཕེབས་ནས་ད་ལྟ་འབྱོར། །ད་ལམ་གནས་ཚུལ་ད་ལྟ་ཤེས། །ད་དུང་ད་ལོ་ད་ར་འཐུང༌། །ད་རྐྱང་ཡིན་པ་ཤེས་པར་བྱ། །དེ་ནས་དེ་རིང་དེ་ལ་ལྟོས། །དེ་བཞིན་གཤེགས་པ་དེ་ན་བཞུགས། །དེ་འདྲ་མ་གསུང་དེ་རང་རེད། །དེ་ལྟར་གསུངས་པ་དེ་ལུགས་མཁྱེན། །བྱ་དེ་ཞེས་པ་ཁྱིམ་བྱ་དང༌། །དེ་མོ་ཞེས་པ་ཀོང་པོའི་ཡུལ། །དེ་སྐད་གསུངས་པ་དཔེ་དོན་ཡིན། །དེ་རྣམས་ཞེས་པ་མང་བའི་དོན། །དེ་མ་ཐག་ནི་མྱུར་བའི་དོན། །ཐ་སྙད་དེ་མ་ཐག་ལའང་འཇུག །ཚེ་འདས་དེ་ཉིད་ཤི་བའི་དོན། །དེ་ཙམ་ཞེས་པ་ཚད་འཛིན་པ། །ཀ་དག་ཅེས་པ་ཡང་དག་དོན། །གོས་སོགས་བཀྲུས་ནས་ལེགས་པར་དག །དག་པའི་ཞིང་དང་སྐད་ཆ་དག །ངག་ཚིག་དག་ན་ཡིག་ནོར་དཀོན། །དག་ཡིག་སྦྱང་ན་དག་ཆ་ཤེས། །དག་ནོར་འབྱུང་ཚེ་ཞུ་དག་བྱ། །ལས་སྒྲིབ་དག་ནས་ཤེས་རབ་འཕེལ། །དག་སྡེབ་ཉིན་བཞིན་བཀླག་པར་བྱ། །བདེ་ཐང་བདེ་འཇགས་བདེ་པོ་ཡིན། །བདེ་འབྱོར་བདེ་སྐྱིད་བདེ་བླག་གྲུབ། །བདེ་བ་ཅན་དང་བདེ་ལེགས་དང༌། །བདེ་ཞིང་སྤྲོ་བ་ལ་སོགས་པ། །མདོ་སྔགས་མདོ་སྡེ་མདོ་རྒྱུད་གསུང༌། །མདོ་ཁམས་མདོ་སྨད་ཆབ་མདོ་དང༌། །གསུམ་མདོ་བཞི་མདོ་མདོ་སྦུག་ཁང༌། །དེ་རྣམས་ཚིག་གྲོགས་གཞིར་བཟུང་འབྲི། །བདག་མེད་བདག་པོ་བདག་ཏུ་འཛིན། །བདག་ཅག་བདག་ཉིད་བདག་པོའི་རྒྱུ། །བདག་གི་ཕ་ཡུལ་བདག་གིས་གཟུང༌། །བ་ཡིས་འཕུལ་བའི་རིགས་རྣམས་སོ། །འདུས་ཚོགས་དབང་འདུས་འདུ་ཤེས་སྐྱེ། །འདབ་ཆགས་འདབ་གཤོག་ལོ་འདབ་རྒྱས། །རི་བོའི་འདབས་སུ་འདམ་རྩྭ་སྐྱེས། །དེ་རྣམས་འས་འཕུལ་མིང་གཞི་ད། །གདན་ས་རྡོར་གདན་གདན་ཁྲི་མཐོ། །གདུགས་དཀར་དབུ་གདུགས་ཉི་གདུགས་ཕུབ། །གདུང་རྒྱུད་གདུང་རྟེན་ལ་སོགས་པ། །སྔོན་འཇུག་ག་ཡིས་འཕུལ་བ་ཤེས། །རྒྱབ་མདུན་གྲངས་བདུན་དགེ་འདུན་དང༌། །གསོལ་འདེབས་ཞིང་འདེབས་ཞལ་འདེབས་ཕུལ། །ཟངས་ཀྱི་སྡེར་མ་ཁྱིའི་སྡེར་མོ། །ཚིག་གྲོགས་ཇི་བཞིན་མ་ནོར་གཅེས། །ཀ་སྡེ་དང་ནི་ལུང་པའི་སྡེ། །སྡེ་དཔོན་ཁྱེད་ལ་སྡེ་ཚན་མང༌། །སྡེ་སྣོད་དང་ནི་མདོ་སྡེའི་གཞུང༌། །སྡེ་སྲིད་དང་ནི་སྡེ་པ་གཞུང༌། །ལྡུམ་ར་དང་ནི་ལག་རྡུམ་དང༌། །འབྱོར་ལྡན་བཅོམ་ལྡན་ཚད་ལྡན་སོགས། །དྲི་བསངས་འཐུལ་དང་དྲི་བ་བཀོད། །དེ་དག་ཚིག་གྲོགས་རིམ་བཞིན་ངེས། །མདོར་བསྡུས་ཚིག་བསྡུས་དངོས་པོ་བསྡུས། །ལུགས་སྲོལ་དར་དང་དམ་ཆོས་དར། །དར་ཁྱབ་ཆེ་བ་དར་གོས་འཚེམ། །རྒྱལ་དར་ལ་སོགས་འཇུག་ཡུལ་མང༌། །དཔོན་པོ་དྲང་དང་ཞིང་ཆུ་དྲངས། །དྲང་སྲོང་དང་ནི་དྲང་དོན་བཤད། །ཞབས་ཀྱི་དྲུང་དང་དྲུང་ཡིག་བསྐོ། །གཡུང་དྲུང་ལ་སོགས་ར་བཏགས་སྡེ། །བརྩེ་དུང་དུང་དཀར་དུང་བན་དང༌། །དུང་ཆེན་དུང་བརྡ་དུང་ཕྱུར་གྲངས། །དོན་དམ་བདེན་དང་ཀུན་རྫོབ་བདེན། །དྲང་པོ་བཤད་ན་བདེན་དོན་རྙེད། །ཐ་སྙད་འདོགས་དང་འདོགས་ཁྱི་བཏགས། །འཁར་རྔ་བརྡུང་ན་དབྱུག་པས་བརྡུང༌། །གླང་གིས་རྡུང་པ་ལ་སོགས་པ། །ཚིག་འདྲའི་དབྱེ་བ་ཞྀབ་ཏུ་སྦྱོངས། །སྡུག་བསྔལ་དང་ནི་མཛེས་སྡུག་ལྡན། །ཁས་བླང་སྡོམ་པ་ཉིན་བཞིན་སྲུང༌། །སྲོག་ཆགས་སྡོམ་དེ་སྐུད་པས་སྡོམས། །མིང་གཞི་ད་ལ་ས་མགོ་ཐོབ། །

ན་ཡི་སྡེ་ཚན།

ན་ཚོད་དང་ནི་ན་མཉམ་ཡིན། །ན་སོ་དང་ནི་ན་ཆུང་མ། །ན་ནིང་སྐྱེས་པའི་ན་གཞོན་ཚོ། །ན་བཟའ་ལ་སོགས་ན་རྐྱང་ཡིན། །ཁ་དོག་ནག་དང་ནག་ཆུའི་ཡུལ། །ནག་ཉེས་ཕོག་པའི་ནག་ཕྱོགས་པ། །ནགས་ཚལ་དང་ནི་ནགས་ཀླུང་སྟུག །ནགས་གསེབ་ལ་སོགས་འཇུག་ཡུལ་མང༌། །ནང་གསེས་དང་ནི་ཕྱི་ནང་དང༌། །ནང་དུ་ནང་མི་ཚང་མ་འཛོམས། །ནང་དོན་ཟབ་དང་ནང་ཁུལ་མཐུན། །ནང་འཁྲུག་སྤང་སྟེ་ནང་ཆོས་སྦྱོངས། །ནང་མོལ་བྱས་ནས་ནང་ཆས་ཉོ། །ནང་བློན་བསྐོས་ཏེ་ནང་འགྲིགས་བྱུང༌། །ནང་ཚགས་ནང་བཞུགས་ནང་བཞིན་ཡིན། །མིང་གཞི་ན་ལ་རྗེས་འཇུག་ང༌། །ནད་མནར་བ་ལ་ནད་བཅོས་བྱ། །ནད་གཞི་ནད་ཡམས་ནད་གཡོག་རྒྱུག །ནད་པ་དང་ནི་ནད་རྙིང་པ། །གཅོང་ནད་སྨན་པ་མཁས་པས་བཅོས། །རྒྱ་མཚོའི་ནང་ནས་ཉ་བྱུང་ཞིང༌། །བ་ནས་འོ་མ་བྱུང་བ་དང༌། །བོད་ཀྱི་ཡུལ་ནས་ཕེབས་པ་སོགས། །འབྱུང་བའི་ཁུངས་ཀྱི་ནས་སྒྲ་ཡིན། །ནམ་མཁའ་ནམ་ལངས་ནམ་ཡང་མེད། །ནམ་དུས་ནམ་ཕེབས་སོ་ནམ་པ། །ནམ་གུང་ནམ་ཕྱེད་ནམ་ཞིག་སོགས། །ཚིག་གྲོགས་སྦྱར་གཞི་གང་ཡིན་སྦྱོངས། །གནམ་དང་གནམ་གཤིས་གནམ་གྲུ་དང༌། །གནམ་གང་གནམ་ཆུ་གནམ་རྡོ་དང༌། །གནམ་ཡོལ་གནམ་ལོ་གསར་པ་སོགས། །མིང་གཞི་ན་ལ་གས་འཕུལ་ཅན། །མཚོན་གྲི་རྣོ་དང་མནོ་བསམ་ཐོངས། །རྣམ་ཤེས་རྣམ་དཔྱོད་རྣམ་རྟོག་དང༌། །རྣམ་པ་ཚོ་དང་རྣམ་མཁྱེན་དང༌། །རྣམ་དཀར་དང་ནི་རྣམ་འགྱུར་ལེགས། །རྣམ་གྲངས་རྣམ་རྒྱལ་རྣམ་པར་རྟོགས། །རྣམ་དབྱེ་རྣམ་སྤྲུལ་རྣམ་གཡེང་སྤོངས། །རྣམ་ཐར་རྣམ་དག་རྣམ་སྨིན་ལས། །མང་བའི་རྣམས་དང་བསོད་ནམས་སོགས། །ནུབ་ཀྱི་རི་རྩེར་ཉི་མ་ནུབ། །ནུབ་ཕྱོགས་པ་དང་ནུབ་བྱང་ཡུལ། །ཆོས་རིག་བསྣུབས་དང་ལུགས་སྲོལ་བསྣུབས། །དྲི་མ་བསྣམས་དང་ཕྱག་ཏུ་བསྣམས། །ནོར་འཁྲུལ་བྱུང་བར་ནོར་བཅོས་བྱ། །ནོར་བདག་ཅན་ལ་ནོར་ཕྱུགས་མང༌། །ནོར་ཉམས་ཆོད་ནས་ནོར་བུ་ཉོས། །ཚིག་གྲོགས་དེ་རྣམས་བློ་ལ་ངེས། །རིག་གནས་སྦྱངས་ནས་གནས་ལུགས་ཤེས། །གནས་སྐབས་གནས་སྡོད་གནས་ས་འཛིན། །གནས་མཇལ་གནས་གཞི་བརྟན་པ་སོགས། །མིང་གཞི་ན་ལ་སྔོན་འཇུག་ག །ཕྱག་གིས་གནང་དང་གནངས་གཞེས་དང༌། །མིག་གིས་སྣང་བ་སྣང་ཆུང་ཆེ། །སྣང་བརྙན་དང་ནི་སྣང་གསལ་མེ། །སྒྲ་གདངས་འདྲའང་དག་ཆ་མི་འདྲ། །རི་དྭགས་གནའ་བ་གནའ་དུས་དང༌། །མནའ་སྐྱལ་དང་ནི་མནའ་མར་སྟེར། །རྣ་ལོང་དང་ནི་རྣ་རྒྱན་བཏགས། །སྒྲ་འདྲའི་དག་ཆ་ལེགས་པར་སྦྱོངས། །

མདུན་ཤོག

Menu