གཉིས་པ་སྔོན་འཇུག་ཡི་གེ་བཤད་པ་ལ་གསུམ་ལས། དང་པོ་སྔོན་འཇུག་ཡི་གེ་ངོས་བཟུང་བ་ནི། རྩ་བ་ལས།

    མོ་ཡི་ཡི་གེའི་ནང་ནས་ནི། །རྗེས་འཇུག་ཡི་གེ་བཅུ་དབྱུང་བྱ། །
འཇུག་པ་བཅུ་ཡི་ནང་ནས་ནི། །སྔོན་འཇུག་ཡི་གེ་ལྔ་དབྱུང་བྱ། །
མི་འཇུག་པ་ནི་ཉི་ཤུ་འོ། །རྗེས་འཇུག་ཡི་གེ་བཅུ་ཉིད་ལས། །
དང་པོ་གཉིས་(གསུམ་)པ་ལྔ་པ་དྲུག །བདུན་པ་རྣམས་ནི་སྔོན་འཇུག་གོ །

    ཞེས་གསུངས་པའི་དོན་ནི། གསལ་བྱེད་ཡི་གེ་རྣམས་ལས་ཀ་ཅ་ཏ་པ་ཙ་རྣམས་དང༌། ཁ་ཆ་ཕ་ཐ་ཚ་རྣམས་ཏེ་བཅུ་དོར་བའི་ལྷག་མ། མོ་དང་ཤིན་ཏུ་མོ། མོ་གཤམ་བཅས་གཅིག་ཏུ་བསྡུས་པའི་ཡི་གེ་ཉི་ཤུ་ཡོད་པ་དེར་མོ་ཞེས་བརྗོད་པ་དང༌། དེ་ལྟའི་མོའི་ཡི་གེ་བཅུ་དགུའི་ནང་ནས་རྗེས་འཇུག་ཡི་གེ་བཅུ་དབྱུང་བར་བྱ་ཞེས་བསྟན། དེའི་དོན་ནི། རྗེས་འཇུག་ཡི་གེ་དབྱུང་སའི་གཞི་ནི་ཕོ། མ་ནིང༌། མོ་བཅས་གསལ་བྱེད་ལ་ཚན་པ་གསུམ་དུ་ཡོད་པའི་ནང་ནས་མོ་ཡི་ཡི་གེ་ཡིན་པར་བསྟན། དེའི་དོན་ནི་ཅི་ཞེ་ན། རྣམ་པ་གཉིས་ཀྱི་སྒོ་ནས་དེ་ལྟར་གསུངས་ཡོད་དེ། གཅིག་ནི་གཤམ་ནས་རྟགས་ཀྱི་དབྱེ་བ་བཤད་པའི་སྐབས་སུ། འཇུག་པའི་ཡི་གེ་དེ་དག་རྣམས་ནི་ཡི་གེ་རེ་རེ་བའི་གདངས་ལས་རྟགས་ཀྱི་དབྱེ་བ་ཕྱེ་མི་ཐུབ་པ་དང༌། གཉིས་པ་ནི་བོད་ཀྱི་ཡི་གེ་ལ་མཚམས་སྦྱོར་གྱི་ནུས་པ་དབྱངས་གསལ་གཉིས་ལས་གསལ་བྱེད་རྣམས་ལ་ཡོད་པ་དང༌། གསལ་བྱེད་རྣམས་ལས་ཕོ་དང་མ་ནིང་གཉིས་ལ་མེད་པར། མོ་ལ་ཡོད་པ་ཤུགས་ཆེར་བསྟན། དེའི་དོན་ནི། གདངས་དྲག་པོར་བསྐྱེད་པ་རྣམས་ལ་མཚམས་སྦྱོར་བྱེད་པའི་ནུས་པ་དམན་པ་སྟེ། སྒྲ་གདངས་དྲག་པོ་དང་ཞན་པ་གཉིས་ལས། ཞན་པ་རྣམས་ནི་གདངས་གཞན་དང་འདྲེས་གཤིབ་བདེ་བའི་ཁྱད་པར་ཡོད་པ་བསྟན། གནས་ཚུལ་དེའི་ཐོག་ནས་ང་ཚོས་སྐད་ཀྱི་མཚམས་སྦྱོར་རིག་པའི་གཞུང་ལུགས་འཚོལ་བསྒྲུབ་བྱེད་པའི་ལམ་ལུགས་ལ་མེད་དུ་མི་རུང་བའི་གནས་ཚུལ་ཞིག་མཁོ་སྤྲོད་བྱས་པ་ཡོད་པའང་མཁྱེན་གལ་ཆེ། དེ་བཞིན་སྔོན་དུ་འཇུག་པའི་ཡི་གེ་རྣམས་ཀྱི་དབྱེ་གཞིའང་འཇུག་པའི་ཡི་གེ་བཅུ་པོ་ཡིན་པར་བསྟན་ཞིང༌། དེའི་དོན་ནི༑ སྔོན་དུ་འཇུག་པ་རྣམས་ཀྱང་རྗེས་སུ་འཇུག་པའི་ཡི་གེ་ཡིན་པ་གཅིག་མཚུངས་སུ་གྲུབ་ཡོད་པས། འཇུག་པའི་ཡི་གེ་རྣམས་ནི་གསལ་བྱེད་རྣམས་ལས་ནུས་པ་ཆེ་ཤོས་ཀྱི་ཡི་གེ་ཡིན་ཏེ། མཚམས་སྦྱོར་དང༌། མིང་རྐྱང་ཚིག་ཏུ་གྲུབ་པར་བྱེད་པ། དེ་བཞིན་ལས་གང་ཡིན་པ་ཚིག་ཏུ་གསལ་བར་བྱེད་པ་བཅས་ནི། མཐར་གཏུགས་ནས་བཤད་ན་འཇུག་པའི་ཡི་གེ་རྣམས་ལ་ཐུག་ཡོད། གནས་ཚུལ་འདི་ཉིད་ངོ་སྤྲོད་བྱ་ཆེད་སྔོན་དུ་འཇུག་པ་རྣམས་ཀྱང་རྗེས་འཇུག་ལས་དབྱུང་དགོས་པར་བསྟན་པ་དང༌། རྗེས་སུ་འཇུག་པའི་ཡི་གེ་བཅུ་དང༌། སྔོན་དུ་འཇུག་པའི་ཡི་གེ་ལྔ་ཡོད་པ་དང༌། རྗེས་འཇུག་བཅུ་དོར་བའི་ལྷག་མའི་ཡི་གེ་ཉི་ཤུ་པོ་རྣམས་ལ་མི་འཇུག་པ་སྟེ་སྔོན་རྗེས་གང་དུའང་མི་འཇུག་པའི་ཡི་གེ་སྟེ། མིང་གཞི་རྐྱང་པའི་ཡི་གེ་ཡིན། གནས་ཚུལ་འདིས་གསལ་བྱེད་ཡི་གེ་རྣམས་ནི་བྱེད་ལས་ཀྱི་ཆ་ནས་གསུམ་དུ་དབྱེ་དགོས་ཏེ། མིང་གཞི་ཁོ་ན་ལས་གཞན་གང་ཡང་མི་བྱེད་པའི་ཡི་གེ་དང༌། མིང་གཞི་དང་རྗེས་འཇུག་གཉིས་ཀའི་ལས་བྱེད་པའི་ཡི་གེ་དང༌། མིང་གཞི་དང་རྗེས་འཇུག སྔོན་འཇུག་བཅས་བྱེད་ལས་གསུམ་ལྡན་དུ་གྲུབ་པའི་ཡི་གེ་བཅས་སུ་དབྱེ་བ་ཕྱེ་དགོས་ཏེ། ཀ་ཅ་ཏ་པ་ཙ་ཁ་ཆ་ཐ་ཕ་ཚ་ཇ་ཛ་ཝ་ཞ་ཟ་ཡ་ཤ་ཉ་ཧ་ཨ་བཅས་ནི་མིང་གཞི་ཁོ་ན་ལས་གཞན་གང་ཡང་མི་བྱེད་པའི་ཡི་གེ་དང༌། ག་ང་ད་ན་བ་མ་འ་ར་ལ་ས་རྣམས་ནི་མིང་གཞི་དང་རྗེས་འཇུག་གཉིས་ཀ་བྱེད་པའི་ཡི་གེ་དང༌། ག་ད་བ་མ་འ་རྣམས་ནི་མིང་གཞི་དང་རྗེས་འཇུག སྔོན་འཇུག་བཅས་བྱེད་ལས་གསུམ་ལྡན་གྱི་ཡི་གེ་ཡིན་ཞིང༌། མིང་གཞིའི་ཡི་གེའང་དབྱེ་བ་ཁག་ཅིག་ཡོད་ཀྱང་གཤམ་ནས་རྒྱས་པར་བཤད་དགོས་པས་འདིར་མ་སྤྲོས། སྤྱིར་བོད་ཀྱི་ཡི་གེ་མཚན་ཉིད་པ་ཡིན་ན་སྔོན་རྗེས་མིང་གསུམ་གང་རུང་ཡིན་པས་ཁྱབ་དགོས་ཏེ། དེ་གསུམ་མ་ཡིན་པའི་ཡི་གེ་མཚན་ཉིད་པ་མེད་པའི་ཕྱིར། དེས་ན་མིང་གཞིའི་གོ་དོན་ནི། སྒྲ་རང་ཉིད་ཀྱིས་གསལ་བར་བྱ་བའི་དོན་གང་ཡིན་པ་དེའི་གདངས་ཀྱི་གཞི་འཛིན་པའི་ཆ་ནས་མིང་གཞིའི་ཡི་གེར་བརྗོད་པ་དང༌། དེ་ལྟའི་མིང་གཞིའི་རྗེས་སུ་འཇུག་ཅིང་མིང་དང་མཚམས་སྦྱོར་གྱི་ལས་གཙོ་བོར་བྱེད་པའི་ཡི་གེ་ལ་རྗེས་འཇུག་ཅེས་བརྗོད་པ་དང༌། མིང་གཞིའི་སྔོན་དུ་འཇུག་ཅིང་གཙོ་བོ་ལས་ཀྱི་རྣམ་དབྱེ་སྟོན་པའི་ཞོར་དུ་མིང་བརྡའི་ཁྱད་པར་འབྱེད་པའི་ཡི་གེ་གང་ཡིན་པ་དེ་ལ་སྔོན་འཇུག་ཅེས་བརྗོད་པ་ཡིན་པས་དེ་དག་ཞིབ་ཏུ་ངེས་པར་བྱ་རྒྱུ་ནི་གལ་ཆེ།
གོང་ནས་བཤད་པའི་རྗེས་འཇུག་ཡི་གེ་བཅུ་ཡོད་པ་དེ་ལས། སྔོན་འཇུག་ལྔ་དབྱུང་དགོས་པ་དང༌། ཇི་ལྟར་དབྱུང་ཚུལ་ནི། རྗེས་འཇུག་ཡི་གེ་གྲངས་བཅུར་ངེས་པ་དང༌། གོ་རིམ་གསལ་བྱེད་ཡི་གེ་རྣམས་ཀྱི་གོ་རིམ་ཇི་བཞིན་སྦྱར་ཡོད་པ་དེ་ཉིད་ཀྱི་དང་པོ་དང་གསུམ་པ་ནི་ག་ད་གཉིས་དང༌། ལྔ་པ་དང་དྲུག་པ་ནི་བ་མ་གཉིས་དང༌། བདུན་པ་ནི་འ་ཡིག་ཡིན་པས་ག་ད་བ་མ་འ་རྣམས་ནི་སྔོན་དུ་འཇུག་པའི་ཡི་གེ་ཡིན་པར་བསྟན་པའོ། །
གཉིས་པ་སྔོན་འཇུག་ཡི་གེ་རྟགས་ཀྱི་དབྱེ་བ་བཤད་པ་ནི། རྩ་བ་ལས།

    ཕོ་དང་མ་ནིང་མོ་དང་ནི། །ཤིན་ཏུ་མོ་དང་བཞི་རུ་དབྱེ། །
དང་པོ་གསུམ་པ་གཉིས་པ་ཡི། །ཐོག་གཉིས་གསུམ་པ་ལྔ་པ་སྟེ། །
བཞི་པ་དེ་ཉིད་དེ་ལྟར་ན། ། 

    ཞེས་གསུངས་པའི་དོན་ནི། སྔོན་འཇུག་ཡི་གེ་རྣམས་ནི་རྟགས་ཀྱི་དབྱེ་བ་བཞི་ཕྱེ་ཡོད་དེ། དེ་དག་ནི་ཕོ་དང༌། མ་ནིང༌། མོ། ཤིན་ཏུ་མོ་བཅས་ཡིན་ཞིང༌། དེ་དག་ལ་ཇི་ལྟར་དབྱེ་ཞེ་ན། དང་པོ་ཕོ་ནི་སྔོན་འཇུག་གསུམ་པ་བ་ཡིག་ཡིན་ལ། དེ་བཞིན་གཉིས་པ་མ་ནིང་ནི་སྔོན་འཇུག་ཡི་གེ་ཐོག་མ་གཉིས་ཏེ། ག་ད་གཉིས་ཡིན་པ་དང༌། གསུམ་པ་མོ་ནི་སྔོན་འཇུག་གི་གྲངས་ལྔ་པ་འ་ཡིན་ཞིང༌། བཞི་པ་ཤིན་ཏུ་མོ་ནི་སྔོན་འཇུག་གི་གྲངས་བཞི་པ་མ་ཡིག་ཡིན་པས། བ་ཡིག་ཕོ་དང༌། ག་ད་གཉིས་མ་ནིང༌། འ་མོ། མ་ནི་ཤིན་ཏུ་མོ་ཡིན་ནོ། །
གསུམ་པ་སྔོན་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ལས། དང་པོ་མདོར་བསྟན་པ་ནི། རྩ་བ་ལས།

    དེ་དག་རེ་རེའང་བཞི་བཞི་སྟེ། །གང་ལ་འཇུག་བྱེད་གང་གིས་བྱེད། །
ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད། །

    ཞེས་གསུངས་པའི་དོན་ནི། སྔོན་འཇུག་ལྔ་ཡོད་པ་དེ་དག་གི་ཡི་གེ་རེ་རེའང་བྱེད་པ་བཞིས་འཇུག་པ་ཡིན་ཞིང༌། བྱེད་པ་བཞི་ནི། མིང་གཞི་ཡི་གེ་གང་ལ་འཇུག་པར་བྱེད་པ། སྔོན་འཇུག་ཡི་གེ་གང་གིས་འཇུག་པར་བྱེད་པ༑ སྒྲ་གདངས་ཚུལ་ཇི་ལྟ་བུས་འཇུག་པར་བྱེད་པ། དགོས་པའི་དོན་ཅིའི་ཕྱིར་འཇུག་པར་བྱེད་པ་བཅས་ཡིན་ནོ། །
གཉིས་པ་རྒྱས་པར་བཤད་པ་ལ་གང་ལ་འཇུག་པ་དང་གང་གིས་འཇུག་པ་ཐུན་མོང་དུ་བཤད་པ། ཇི་ལྟར་འཇུག་ཚུལ་བཤད་པ། དགོས་པ་ཅིའི་ཕྱིར་འཇུག་པ་བཤད་པ་བཅས་གསུམ་ལས། དང་པོ་གང་ལ་འཇུག་པ་དང་གང་གིས་འཇུག་པ་ཐུན་མོང་དུ་བཤད་པ་གཉིས་ལས། དང་པོ་འཇུག་པ་བཤད་པ་ནི། རྩ་བ་ལས།

    གང་ལ་འཇུག་བྱེད་གང་གིས་ན། །ཕོ་ནི་ཕོ་བཞི་མོ་བདུན་ནོ། །
དང་པོ་ཕོ་གསུམ་མོ་བརྒྱད་ལའོ། །གཉིས་པ་ཕོ་གཉིས་མོ་བཞི་ལའོ། །
མོ་ནི་མོ་ལྔ་མ་ནིང་ལྔའོ། །ཤིན་ཏུ་མོ་ནི་མོ་བཞི་དང༌། །
ཤིན་ཏུ་མོ་གསུམ་མ་ནིང་བཞིའོ། །

    ཞེས་གསུངས་པའི་དོན་ནི། མིང་གཞིའི་ཡི་གེ་གང་རྣམས་ལ་སྔོན་འཇུག་ཡི་གེ་གང་ཞིག་འཇུག་ཅེ་ན། སྔོན་འཇུག་ཡི་གེ་ཕོ་ཡིག་བ་ནི་མིང་གཞིའི་ཡི་གེ་ཕོ་ཡིག་བཞི་དང་མོ་བདུན་ཏེ་བཅུ་གཅིག་ལ་འཇུག་པར་བཞེད། འོན་ཀྱང་སྐབས་འདིར་མཁྱེན་གཏེར་རྗེས་བཟུང་པྲ་ཏིས། 1ཕོ་ཡིག་ཀ་ཅ་ཏ་ཙ་དང༌། །མོ་ཡིག་ག་ད་ཞ་ཟ་ཤ །ས་བཅས་བཅུ་ཡི་སྔོན་འཇུག །ཅེས་གསུངས་པ་དང༌། དེ་བཞིན་ཨ་ལག་ཤ་ངག་དབང་བསྟན་དར་གྱིས། 2བ་ནི་ཀ་ག་ཅ་ཏ་དང༌། །ད་ཙ་ཞ་ཟ་ཤ་ས་སྟེ། །ཡི་གེ་བཅུ་ཡི་སྔོན་དུ་འཇུག །ཅེས་གསུངས་པའི་དོན་མཐུན་པ་མ་ཟད། གཞུང་དེ་གཉིས་ཀས་སྔོན་འཇུག་བ་ཡིག་གི་འཇུག་ཡུལ་ཡི་གེ་རྐྱང་པར་བཞེད་པ་གཅིག་མཚུངས་ཡིན། དེ་བཞིན་ཆོས་རྗེ་མཆོག་གིས་ཀྱང་སྔོན་འཇུག་བ་ཡིག་གི་འཇུག་ཡུལ་ཡི་གེ་བཅུ་གཅིག་གསུངས་པ་དེ་ཡང་རྐྱང་པ་ཁོ་ནར་བཞག་ཡོད་པ་གསལ་ཡང༌། གྲངས་མི་མཐུན་པར་མོའི་ཡི་གེ་བདུན་ལ་འཇུག་པར་གསུངས། དེའི་ཚུལ་གང་ཡིན་ཞེ་ན། ཞ་ལུ་ལོ་ཆེན་གྱིས། 3སྔོན་གྱི་དག་ཡིག་འགའ་ཞིག་ན། ན་བཟའ་བནབས་པ་བས་འཕུལ་ལྡན། །ཞེས་པ་དང༌། གླེགས་བམ་འགའ་ཞིག་ནའང་སྣང་བ་གྲགས་ཆུང་ཞིང་དགོས་པ་ཆུང་བས་མཁས་པ་ཕྱི་མ་དག་གིས་མི་བཞེད་པ་ལེགས་ཤིང༌། གྱོན་ལ་མནབས་པ་མས་འཕུལ་ཉིད་དོ། །ཡང་སུམ་པ་ལོ་ཙཱ་བས། བས་ཇ་ལ་འཕུལ་བ་དང༌། ཀླུ་མེས་དབང་ཕྱུག་གྲགས་ཀྱིས། བས་ཉ་འཕུལ་བཞེད་པ་ནི་སྔོན་གྱི་མཁན་པོ་རྣམས་ཀྱི་ལུགས་ལས་གཞན་ནོ་ཞེས་པ་དབུས་པ་བློ་གསལ་གྱིས་སུམ་ཅུ་པའི་འགྲེལ་བར་བཀག་པ་ལྟར་རོ། །ཞེས་གསུངས་པ་དེ་ལས། ཆོས་རྗེ་མཆོག་གིས་མོ་ཡིག་བདུན་པ་འཇུག་པར་བཞེད་པའི་མོ་ཡིག་བདུན་ནི་ངེས་ཤེས་འདྲེན་སླ་སྟེ། ཕོ་ཡིག་བཞི་ནི་ཀ་ཅ་ཏ་ཙ་དང༌། །མོ་ཡིག་བདུན་ནི་ག་ད་ཞ་ཟ་ཤ་ས་དྲུག་དང་དེའི་ཐོག་ལ་ན་བསྣན་པའི་བདུན་དུ་གྲུབ་པ་དེ་རྣམས་ཡིན་ཏེ། ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེ་མཆོག་གིས། 4ཕོ་ཡིག་བ་ནི་ཕོ་ཡིག་ཀ་ཅ་ཏ་ཙ་བཞི་དང༌། མོ་ཡིག་ག་ད་ཞ་ཟ་ཤ་ས་དྲུག་དང༌། ཤིན་ཏུ་མོ་ན་དང༌། མོ་གཤམ་གྱི་ཡི་གེ་ར་ལ་གཉིས་ལ་སྔོན་དུ་འཇུག་གོ །དེ་ལ་ར་ལ་གཉིས་ལ་བརྩེགས་པ་ཁོ་ན་དང༌། ཀ་ག་ས་གསུམ་ལ་བརྩེགས་པ་དང་རྐྱང་པ་གཉིས་ཀ གཞན་རྣམས་ནི་རྐྱང་པ་ཁོ་ན་འཇུག་གོ །ཞེས་གསུངས་པ་ལས། ར་ལ་གཉིས་དོར་བས་ལྷག་མ་རྣམས་ལ་རྐྱང་པ་དང༌། ལྷག་པར་ཀ་ག་ས་གསུམ་ལས་གཞན་རྣམས་ལ་རྐྱང་པ་ཞེས་པ་ན་ལ་རྐྱང་པར་འཇུག་པར་གསུངས་པ་གསལ། དེའི་ཚུལ་ནི་ཞ་ལུས་སྔོན་གྱི་དག་ཡིག་འགར་སྣང་བ་དང༌། གླེགས་བམ་ཡང་ཁ་ཤས་ན་ཡོད་པའི་ན་ལ་བ་འཕུལ་འཇུག་པ་དེ་ག་རང་ལས་མ་འདས། འོན་ཀྱང་ཕྱིས་སུ་འབྲི་སྲོལ་མེད་པར་གྱུར་པས། ཕྱིས་ཀྱི་འགྲེལ་པ་རྣམས་སུ་མོ་ཡིག་དྲུག་ལས་མ་འཁོད་པ་ལས་གཞན་ཅི་ཡང་མིན། དེར་མཚུངས་པཎ་ཆེན་ཤཱཀ་མཆོག་གི་ཆོས་ལ་འཇུག་པའི་སྒོ་ལས། 5ཆོས་གོས་བནབས་དང་ཤམ་ཐབས་བནབས། །ཞལ་ཟས་བནོབ་སོགས་འདོད་པ་ནི། །རྟགས་ཀྱི་འཇུག་པའི་གཞུང་དང་འགལ། །ཞེས་གསུངས་པས་ཞ་ལུའི་གསུང་དང་གཅིག་མཚུངས་སུ་སྣང༌།
འོན་ཀྱང་སྔོན་འཇུག་བ་ཡིག་གི་འཇུག་ཡུལ་རྐྱང་པ་ཁོ་ནས་ཁྱབ་བམ་ཞེ་ན། མ་ཁྱབ་སྟེ། བརྩེགས་པའམ་མགོ་ཅན་ལ་སྔོན་འཇུག་ཡོད་ན་བ་ཡིག་ཡིན་པས་ཁྱབ་པ་དང༌། མགོ་ཅན་ལ་སྔོན་འཇུག་གཞན་རྣམས་མི་འཇུག ཚུལ་འདིར་མཁྱེན་གཏེར་རྗེས་བཟུང་པྲ་ཏིས། 6བརྩེགས་འཕུལ་བ་ཡིག་ཁོ་ནར་ངེས། །དེ་ཡང་མིང་གཞི་ང་ཉ་ན། །ཇ་དང་ཛ་བཅས་ལྔ་པོ་ནི། ། ར་མགོ་བྱུང་ཚེ་ལྔ་ཀ་དང༌། །ས་མགོ་བྱུང་ཚེ་ང་དང་ཉ། །ན་བཅས་གསུམ་པོ་ཁོ་ནར་ངེས། །ཞེས་གསུངས། དེ་བཞིན་ཨ་ལག་ཤ་ངག་དབང་བསྟན་དར་གྱིས། 7བརྩེགས་འཕུལ་བ་ཡིག་ཁོ་ནར་ངེས། །དེ་ཡང་ར་མགོ་ཐོབ་པའི་ཚེ། །ཀ་ག་ང་དང་ཅ་ཉ་ཏ། །ད་ན་ཛ་ཙ་བཅུ་བོ་འཕུལ། །ས་མགོ་བྱུང་ཚེ་ཀ་ག་ང༌། །ཉ་ཏ་ད་ན་ཙ་བརྒྱད་ལ། །ལ་མགོ་ཅན་ལ་ཏ་ད་གཉིས། །ཡ་བཏགས་བྱུང་ཚེ་ཀ་ག་གཉིས། །ར་བཏགས་བྱུང་ཚེ་ཀ་ག་ས། །ལ་བཏགས་བྱུང་ཚེ་ཀ་ཟ་དང༌། །ར་ས་གཉིས་དང་བཞི་འཕུལ་ལོ། །ཞེས་གསུངས་པ་དང༌། སྐབས་འདིར་ཀུན་མཁྱེན་སི་ཏུས། 8ཀ་ག་གཉིས་ལ་རྐྱང་འདོགས་བརྩེགས་གསུམ་དང༌། ཏ་ཙ་ད་གསུམ་ལ་རྐྱང་བརྩེགས་གཉིས་ཀ་དང༌། ང་ཇ་ཉ་ན་ཛ་རྣམས་ལ་བརྩེགས་པ་ཁོ་ནར་དང༌། ཅ་ཞ་ཤ་གསུམ་ལ་རྐྱང་པ་ཁོ་ནར་དང༌། ཟ་ས་གཉིས་རྐྱང་འདོགས་གཉིས་དང༌། ར་འདོགས་ཅན་ཁོ་ན་སྟེ་དེ་རྣམས་ལ་འཇུག་པ་ཡིན་ནོ། །ཞེས་གསུངས། དེས་ན་གཞུང་གོང་འོག་གི་དགོངས་པ་རྣམས་གཅིག་ཏུ་སྤུངས་ན། བ་ཡིག་གི་འཇུག་ཡུལ་རྐྱང་འདོགས་བརྩེགས་གསུམ་གྱི་དབང་དུ་བཏང་ན། པྲ་ཏིས་ཡི་གེ་བཅོ་ལྔ་བཞག་ཡོད་དེ། ཀ་ཅ་ཏ་ཙ་ག་ད་ཞ་ཟ་ཤ་ས་ང་ཇ་ཉ་ན་ཛ་བཅས་ལ་འཇུག་པར་བཞེད་པ་དང༌། ཨ་ལག་ཤ་དང་སི་ཏུས་དེ་རྣམས་ཀྱི་སྟེང་ལ་ར་བསྣན་པས་བཅུ་དྲུག་ལ་འཇུག་པར་བཞེད། དེ་གཉིས་ལའང་མི་མཐུན་པ་མེད་དེ། པྲ་ཏིས་རླ་ཞེས་པ་འདི་ཉིད་ར་མགོ་ཅན་གྱི་ཡི་གེར་བཞེད་པ་དང༌། སི་ཏུས་ལ་འདོགས་ཅན་གྱི་ཡི་གེར་བཞག དེ་གཉིས་ཀྱིས་ཁྱད་པར་ཕྱིན་པ་ལས་མ་དམིགས། འོན་ཀྱང་ཨ་ལག་ཤ་ངག་དབང་བསྟན་དར་གྱིས། 9ར་མགོ་བཅུ་གསུམ་དང་ས་མགོ་བཅུ་གཉིས་སུ་གྲངས་བཅད་དེ། སླ་དང་རླ་གཉིས་མགོ་ཅན་དུ་བགྲངས་ཡོད་པ་དང༌། ལ་བཏགས་ཀྱི་ཡི་གེ་བཞི་ལས་མ་གསུངས་པའི་རྗེས་སུ། རླ་དང་སླ་གཉིས་མགོ་ཅན་གྱི་སྡེ་ཚན་དུ་གཏོགས་ཞེས་ཁ་ཅིག་གིས་བཞེད་དོ༑ ༑ཞེས་གསུངས་པས་སྐལ་ལྡན་ཡིད་ཀྱི་པདྨ་འབྱེད་པའི་སྣང་བའི་མཛོད་དང༌། ཡིག་བཤད་མཁས་པའི་ཁ་རྒྱན་གཉིས་ཀྱི་ཁས་ལེན་ལ་ཅུང་ཟད་ཁྱད་པར་ཡོད་པའང་མཁྱེན་གལ་ཆེ། དེང་སྐབས་ཡོངས་གྲགས་སུ་རླ་ནི་འདོགས་ཅན་དུ་བརྩི་བར་སྣང་བས་དེ་ལུགས་སུ་ཁས་བླངས་ན་བདེ་བར་མངོན། དཔེར་ན༑ བཀའ། བཅད། བཏང༌། བཙན། བགད། བདག བཞག བཟང༌། བཤད། བསད་ཅེས་པ་རྐྱང་འཕུལ་དང༌། བརྐོས། བརྒལ། བརྔ། བརྗེས། བརྙེས། བརྟད། བརྡ། བརྣན། བརྩད། བརྫངས་ཞེས་ར་མགོ་དང༌། བསྐོ། བསྒར། བསྔོ། བསྙན། བསྟོད། བསྡད། བསྣབས། བསྩལ། བསླབས་ཞེས་ས་མགོ་དང༌། བལྡད། བལྟ་ཞེས་ལ་མགོ་བཅས་མགོ་ཅན་རྣམས་ལ་འཇུག་པ་དང༌། ཨ་ལག་ཤ་ངག་དབང་བསྟན་དར་གྱིས། 10ཁ་ཅིག་བལྐ་བཞེད་པ་ཡོད་ཀྱང་ཁོ་བོས་དོར། ཞེས་གསུངས། བཀྱག བགྱིས་ཞེས་ཡ་བཏགས་དང༌། བཀྲ བགྲད། བསྲེགས་ཞེས་ར་བཏགས་དང༌། བཀླགས། བགླེབས། བཟློག བརླབས་ཞེས་ལ་བཏགས་བཅས་འདོགས་ལ་འཇུག་པ་དང༌། དེ་བཞིན་བརྩེགས་འདོགས་སུམ་སྦྲེལ་ཅན་རྣམས་ལ་འཇུག་པ་ནི། བརྐྱངས། བརྒྱངས། བསྐྱབས། བསྒྱུར། བསྐྲོད། བསྒྲེངས་བཅས་ལ་འཇུག་གོ །
སྔོན་འཇུག་མ་ནིང་ལ་ག་ད་གཉིས་ཡོད་པའི་དང་པོ་ག་ཡིག་ནི། རང་གི་འཇུག་ཡུལ་གྱི་མིང་གཞིའི་ཡི་གེ་ཕོ་ཡིག་གསུམ་དང་མོ་ཡིག་བརྒྱད་བཅས་བཅུ་གཅིག་ལ་འཇུག་སྟེ། ཕོ་ཡིག་ནི་ཅ་ཏ་ཙ་གསུམ་དང༌། མོ་ཡིག་ཉ་ད་ན་ཞ་ཟ་ཡ་ཤ་ས་བཅས་བརྒྱད་ཡིན་ལ། དེ་དག་ལ་ཡང་རྐྱང་འཕུལ་ཁོ་ནས་འཇུག སྔོན་འཇུག་གི་ཡི་གེ་རྣམས་ལས་འཇུག་པ་ཆུང་བའི་ཡི་གེ་ནི་མ་ནིང་ག་ཡིག་ཡིན་ལ། དེའི་དོན་ནི་སྔོན་འཇུག་གཞན་རྣམས་ནི་རྐྱང་འདོགས་གཉིས་དང༌། ཡང་ན་རྐྱང་འདོགས་བརྩེགས་གསུམ་ལ་འཇུག་པ་ལས། ག་ཡིག་ནི་རྐྱང་པ་ཁོ་ན་ལས་མི་འཇུག་པས་ཕྱིར། དཔེར་ན། གཅུན། གཏོང༌། གཙོ། གཉེན། གདབ། གནད། གཞན། གཟབ། གཡས། གཤེགས། གསོགས་བཅས་ལ་འཇུག་གོ །
དེ་བཞིན་མ་ནིང་ད་ཡིག་ནི་རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞི་ཕོ་ཡིག་གཉིས་དང་མོ་ཡིག་བཞི་ལ་འཇུག་སྟེ། ཕོ་ཡིག་ཀ་པ་གཉིས་དང༌། མོ་ཡིག་ག་བ་གཉིས་བཅས་བཞི་ལ་རྐྱང་འདོགས་གཉིས་ཀས་འཇུག་པ་དང༌། མོ་ཡིག་ང་མ་གཉིས་ལ་རྐྱང་འཕུལ་ཁོ་ནར་འཇུག་པ་བཅས་མིང་བཞི་ཡི་གེ་དྲུག་ལ་འཇུག དཔེར་ན། དཀོན། དཔོག དགུན། དབུང༌། དངན། དམུལ་བཅས་རྐྱང་འཕུལ་དང༌། དཀྱོག དཔྱོད། དགྱེས། དབྱེ། དམྱལ་ཞེས་ཡ་བཏགས་དང༌། དཀྲིག དཔྲལ། དགྲམ། དབྲེ་ཞེས་ར་བཏགས་པ་བཅས་ལ་འཇུག
སྔོན་འཇུག་ཡི་གེ་མོ་འ་ཡིག་ནི་རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞི་ཡི་གེ་ནི། མོ་ཡིག་ལྔ་དང༌། མ་ནིང་ལྔ་བཅས་བཅུ་ལ་འཇུག་སྟེ། མོ་ཡིག་ནི་ག་ཇ་ད་བ་ཛ་དང༌། མ་ནིང་ཁ་ཆ་ཐ་ཕ་ཚ་རྣམས་ལ་རྐྱང་འཕུལ་གྱིས་འཇུག་པ་དང༌། དེ་དག་ལས་ག་བ་ཁ་ཕ་བཞི་ལ་འདོགས་འཕུལ་གྱིས་ཀྱང་འཇུག དཔེར་ན། འགུལ། འཇུས། འདུད། འབེབས། འཛད། འཁོན། འཆད། འཐབ། འཕར། འཚོ་བཅས་དང་། འདོགས་འཕུལ་འགྲོ འབྲོག འཁྲིག འཕྲོ། འདྲོགས་ཞེས་ར་བཏགས་དང༌། འགྱེལ། འཁྱུགས། འཕྱེ། འབྱེད་ཅེས་ཡ་བཏགས་ལ་འཇུག
སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི་རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞིའི་ཡི་གེ་མོ་བཞི་དང༌། ཤིན་ཏུ་མོ་གསུམ། མ་ནིང་བཞི་བཅས་བཅུ་གཅིག་ལ་འཇུག་སྟེ། མོ་ཡིག་ག་ཇ་ད་ཛ་དང༌། ཤིན་ཏུ་མོ་ང་ཉ་ན་དང༌། མ་ནིང་ཁ་ཆ་ཐ་ཚ་བཅས་ལ་རྐྱང་འཕུལ་གྱིས་འཇུག་པ་དང༌། དེ་དག་ལས་ཁ་ག་གཉིས་ལ་འདོགས་འཕུལ་གྱིས་ཀྱང་འཇུག དཔེར་ན། མགོན། མཇལ། མདོ། མཛོད། མངོན། མཉེན། མནོས། མཁོ། མཆོག མཐུ། མཚན་བཅས་དང༌། འདོགས་ལ། མཁྱེན། མགྱོགས་ཞེས་པ་ཡ་བཏགས་དང༌། མཁྲེགས། མགྲོན་བཅས་ར་བཏགས་ལ་འཇུག་གོ །
དེས་ན་ལ་བཏགས་ལ་སྔོན་འཇུག་རྣམས་ལས་བ་གཅིག་པུ་ལས་མི་འཇུག་པ་དང༌། དེ་བཞིན་ཝ་བཏགས་ལའང་སྔོན་འཇུག་གང་དང་གང་འཇུག་མིན་སྐབས་བསྟུན་གྱིས་གཟིགས་པ་ལས། འདིར་འདི་འཇུག་དང་མི་འཇུག་ཅེས་ཁ་ཚོན་གཅོད་དཀའ་བར་སྣང༌། འོན་ཀྱང་སྔོན་འཇུག་གི་འཇུག་ཚུལ་འདི་ཉིད་ཇི་བཞིན་ཤེས་པར་མ་བྱས་ན། དཀའ་ངལ་ངེས་ཅན་ཞིག་འཕྲད་རྒྱུ་ནི་གདོན་མི་ཟ་སྟེ། འདི་ཉིད་ལས་ཚིག་སྒྲུབ་བྱེད་དང༌། མིང་གི་དག་སྡེབ་གཅོད་པའི་བྱ་བ་གཉིས་ཀ་ཡོད་པ་ཡིན་པས་ངེས་ཅན་དུ་གཟབ་དགོས། ལྷག་པར་སྔོན་འཇུག་གི་ཡུལ་དུ་གྱུར་པའི་བརྩེགས་པ་དང་འདོགས་གཉིས་ཀར། དེ་སྔོན་གཞུང་ལུགས་ཁག་ཏུ་བེད་སྤྱོད་གང་བྱུང་དང༌། གང་བེད་སྤྱོད་མ་བྱས་པར་ལྷག་པ་དང༌། ལྷག་པར་བེད་སྤྱོད་བྱས་ན་འགྲིག་པ་གང་དག་ཡོད་མེད་བཅས་ལའང་ཞིབ་འཇུག་ཐེངས་ཤིག་བྱ་རྒྱུ་ནི་སྐད་ཡིག་གི་དགོས་མཁོ་ཉག་གཅིག་ཏུ་སྣང་ངོ༌། །
གཉིས་པ་ཞར་བྱུང་མི་འཇུག་པ་བཤད་པ་ནི། རྩ་བ་ལས།

    མི་འཇུག་པ་ནི་འདི་དག་སྟེ། །ཕོ་ནི་མ་ནིང་ལ་མི་འཇུག །
མོ་ནི་ཕོ་ལ་འཇུག་ལ་མིན། །མ་ནིང་རང་ལ་རང་མི་འཇུག །
རང་གི་སྡེ་དང་ཕྲད་པ་ན། །ཕོ་ཡང་མོ་ལ་འཇུག་མི་འགྱུར། །
མོ་དང་(མ་ནིང་)མོ་ཡང་དེ་བཞིན་ནོ། །

    ཞེས་གསུངས་པའི་དོན་ནི། སྔོན་འཇུག་རྣམས་ནི་མིང་གཞི་རྣམས་ལ་མི་འཇུག་པའི་ཚུལ་ནི་འདི་ལྟར་ཡིན་ཏེ། སྔོན་འཇུག་གི་ཕོ་ཡིག་བ་ནི་མིང་གཞིའི་མ་ནིང་ཡི་གེ་ཁ་ཆ་ཐ་ཕ་ཚ་རྣམས་ལ་མི་འཇུག་པ་དང༌། དེ་བཞིན་སྔོན་འཇུག་མོ་ཡིག་འ་ནི། མིང་གཞིའི་ཕོ་ཡིག་ཀ་ཅ་ཏ་པ་ཙ་རྣམས་ལ་མི་འཇུག མ་ནིང་གི་སྔོན་འཇུག་ག་ད་གཉིས་ནི། མིང་གཞིའི་མ་ནིང་ཁ་ཆ་ཐ་ཕ་ཚ་རྣམས་ལ་མི་འཇུག་ཅེས་པས་དྲག་ཞན་གྱི་སྡེ་པ་རྣམས་ལ་མི་འཇུག་པའི་ཚུལ་བསྟན་པ་དང༌། གཞན་ཡང་སྐྱེ་གནས་ཀྱིས་གཙོ་བོར་བཞག་པའི་སྡེ་པའི་དབང་དུ་བཏང་ན། སྔོན་འཇུག་གང་ཡིན་པ་རྣམས་ནི་རང་གི་སྡེ་པ་གཅིག་པ་རྣམས་དང་འཕྲད་པའི་སྐབས་སུའང་འཇུག་པར་མི་འགྱུར་ཏེ། སྔོན་འཇུག་ཕོ་ཡིག་བ་ནི། པ་བ་མ་གསུམ་ལ་མི་འཇུག་དང༌། མ་ནིང་ག་ཡིག་ནི། ཀ་ག་ང་གསུམ་ལ་མི་འཇུག་པ་དང༌། མ་ནིང་ད་ཡིག་ནི། ཏ་ད་ན་གསུམ་ལ་མི་འཇུག་པ་དང༌། སྔོན་འཇུག་མོ་འ་ཡིག་ནི། ཞ་ཟ་འ་ཡ་བཅས་ལ་མི་འཇུག་པ་དང༌། སྔོན་འཇུག་ཤིན་ཏུ་མོ་མ་ཡིག་ནི། ཕ་བ་མ་རྣམས་ལ་མི་འཇུག་པར་བསྟན།
དེ་ཡང་རྩ་བའི་ཚིག་ཟིན་བཞིན་བཤད་ན། སྔོན་འཇུག་ཕོ་ཡིག་བ་ནི༑ མིང་གཞིའི་མོ་ཡིག་བ་མ་གཉིས་ལ་མི་འཇུག་པ་དང༌། ཡང་སྒྲས་ཕོ་ཡིག་པ་ལ་མི་འཇུག་པར་བསྟན། དེ་བཞིན་མ་ནིང་དང་མོ་ཡང་ཞེས་ཤིན་ཏུ་མོ་བཅས་ཀྱང་གོང་དང་མཚུངས་ཏེ། རང་གི་སྡེ་པ་ནང་འཕྲད་པའི་སྐབས་སུ་སྤྱིར་འཇུག་པར་འགྱུར་བ་རྣམས་ལའང་མི་འཇུག་པར་བསྟན་ཏོ། །
གནས་ཚུལ་འདིའི་ཐོག་ནས་སྔོན་འཇུག་རྣམས་ཀྱི་འཇུག་ཡུལ་དང་མི་འཇུག་པའི་ཡུལ་གཉིས་སོ་སོར་ཕྱེ་སྟེ་ཞིབ་ལྟ་དགོས་པ་ནི་གལ་ཆེ། དེས་ན་སྔོན་འཇུག་ཕོ་བ་ཡིག་གི་འཇུག་ཡུལ་དང༌། མི་འཇུག་པའི་ཡུལ་གཉིས་སོ་སོར་ཕྱེ་བར་ཐོག་མར་མི་འཇུག་པའི་ཡུལ་ལ་རྩ་བའི་ཚིག་གི་ཟིན་པ་རྣམས་ནི། ཁ་ཆ་ཐ་ཕ་ཚ་པ་བ་མ་བཅས་མིང་གཞིའི་ཡི་གེ་བརྒྱད་ལ་མི་འཇུག་པ་དངོས་སུ་བསྟན། ཨ་ལག་ཤ་ངག་དབང་བསྟན་དར་གྱིས། 11གཏན་ནས་འཕུལ་མི་ཐོབ་པའི་ཡི་གེ་དྲུག་ཡོད་དེ། ཝ་ར་ལ་ཧ་ཨ་འ་སྟེ་དྲུག་གོ །ར་ལ་གཉིས་ལ་འཕུལ་ཕྱེད་ཐོབ་པའི་ཡི་གེ་ཞེས་ཀྱང་བྱ་སྟེ། རྐྱང་པ་ལ་འཕུལ་མི་ཐོབ་ཀྱང་མགོ་ཅན་དུ་སོང་བ་ན་འཕུལ་ཐོབ་པའི་ཕྱིར། ཞེས་གསུངས་པ་ལས་ར་ཡིག་ཀྱང་མགོ་ཅན་དུ་བཞེད་འདུག་མོད། འོན་ཀྱང་སི་ཏུས་འདོགས་སུ་བཞེད་པ་དང༌། དེར་མཐུན་ཁོང་ཉིད་ཀྱིས་ཀྱང་དེར་མཐུན་དུ་གསུངས་ཡོད་པའི་ཚུལ་སྔར་བཤད་ཟིན་ལྟར་ལགས་པས་ར་ཡིག་དོར་ན། ཝ་འ་ལ་ཧ་ཨ་བཅས་ལྔ་ནི་འཕུལ་མི་ཐོབ་པར་འཇོག་དགོས་པས། སྔོན་འཇུག་ཕོ་ཡིག་བ་ནི་མིང་གཞིའི་ཡི་གེ་བཅུ་གསུམ་ལ་མི་འཇུག་པ་དངོས་སུ་ཤེས་ཐུབ། དེ་དག་ནི་ཁ་ཆ་ཐ་ཕ་ཚ་པ་བ་མ་ཝ་འ་ལ་ཧ་ཨ་ཡིན། དེས་ན་འཇུག་ཡུལ་དུ་གྱུར་པའི་མིང་གཞིའི་ཡི་གེ་གང་ཡིན་ཞེ་ན། ཀ་ཅ་ཏ་ཙ་ག་ད་ཞ་ཟ་ཤ་ས་ང་ཇ་ཉ་ན་ཛ་ར་བཅས་ཡིན་པ་ལས། གཞུང་གི་དངོས་བསྟན་དང་སྤྱིར་ཡི་གེ་འཇུག་སྟངས་གཉིས་ལས་དངོས་སུ་མ་གསལ་བར་ལྷག་པའི་མིང་གཞིའི་ཡི་གེ་གཅིག་ལས་མི་སྣང༌། དེ་ནི་ཡ་ཡིག་ཡིན་ཞིང༌། ཡ་ལ་སྔོན་འཇུག་རྣམས་ལས་ག་དངོས་སུ་འཇུག་པ་ལས་གཞན་རྣམས་མི་འཇུག་ཅིང༌། ད་ནི་ཡ་བཏགས་ཙམ་ལ་འཇུག གནས་ཚུལ་འདིའི་ཐོག་ནས་འཇུག་ཡུལ་ཇི་བཞིན་ངོས་འཛིན་ཐུབ།
དེ་བཞིན་མ་ནིང་ག་ཡིག་ལ་མཚོན་ན། རང་ཉིད་མི་འཇུག་པའི་ཡི་གེ་དངོས་སུ་གསལ་བ་ནི། ཁ་ཆ་ཐ་ཕ་ཚ་ཀ་ག་ང་བཅས་བརྒྱད་དང༌། ཝ་འ་ལ་ཧ་ཨ་བཅས་བསྣན་པའི་ཡི་གེ་བཅུ་གསུམ་ལ་མི་འཇུག་པ་ཤེས་ཐུབ། འོན་ཀྱང་འཇུག་པར་གྱུར་པའི་མིང་གཞིའི་ཡི་གེ་ནི། ཅ་ཏ་ཙ་ཉ་ད་ན་ཞ་ཟ་ཡ་ཤ་ས་བཅས་བཅུ་གཅིག་ལ་འཇུག་པ་དང༌། འཇུག་དང་མི་འཇུག་གཉིས་ཀ་བསལ་བའི་ལྷག་མའི་མིང་གཞིའི་ཡི་གེ་དྲུག་ནི། ཇ་པ་བ་མ་ཛ་ར་དེ་དག་ཡིན་ལ། དེ་ལས་ཇ་ལ་རྐྱང་འཕུལ་མ་འ་གཉིས་དང་བརྩེགས་འཕུལ་ལ་བ་འཇུག་པ་ལས། མ་ནིང་ག་ད་གཉིས་ཀ་མི་འཇུག་པ་དང༌། དེ་བཞིན་པ་བ་མ་གསུམ་ལས་མིང་གཞིའི་པ་ལ་སྔོན་འཇུག་ད་ཡིག་ཁོ་ན་ལས་མི་འཇུག་པ་དང༌། མིང་གཞིའི་བ་ལ་སྔོན་འཇུག་ད་འ་གཉིས་དང༌།  མིང་གཞིའི་མ་ལ་སྔོན་འཇུག་ད་ཡིག་ཁོ་ན་ལས་མི་འཇུག་པ་དང༌། དེ་བཞིན་མིང་གཞིའི་ཛ་ལ་རྐྱང་པའི་སྐབས་སུ་སྔོན་འཇུག་འ་མ་གཉིས་དང༌། བརྩེགས་པའི་སྐབས་སུ་བ་ཡིག་བཅས་འཇུག་པ་དང༌། ར་ལ་བརྩེགས་པའི་དབང་དུ་བཏང་ན་བ་མ་གཏོགས་འཕུལ་ཡིག་མི་འཇུག་པས་རའི་སྔོན་འཇུག་ལ་བ་ཁོ་ནས་ངེས། གནས་ཚུལ་དེ་དག་གིས་སྔོན་འཇུག་ག་ཡིག་གི་འཇུག་ཡུལ་དང་མི་འཇུག་པའི་ཡུལ་སོ་སོར་ངེས་པ་བྱ་བ་གནད་དུ་ཆེ།
མ་ནིང་ད་ཡིག་ལ་མཚོན་ན། རང་ཉིད་མི་འཇུག་པའི་ཡུལ་དངོས་སུ་གསལ་བ་ནི། ཁ་ཆ་ཐ་ཕ་ཚ་ཏ་ད་ན་བཅས་བརྒྱད་དང༌། ཝ་འ་ལ་ཧ་ཨ་བཅས་བཅུ་གསུམ་གསལ་བའི་ཐོག་ལ་ར་ཡིག་བསྣན་པས་བཅུ་བཞིར་འགྱུར་བ་དང༌། དེ་བཞིན་འཇུག་ཡུལ་ཡི་གེ་ཀ་པ་ག་བ་ང་མ་དྲུག་ཡོད་པ་བཅས་ཁྱོན་སྡོམ་འཇུག་དང་མི་འཇུག་གཉིས་ཀ་གཞུང་ངོས་སུ་གསལ་བ་ཉི་ཤུ་ཡོད་པ་ལས་མ་གསལ་བའི་མིང་གཞིའི་ཡི་གེ་ནི། ཅ་ཇ་ཉ་ཙ་ཛ་ཞ་ཟ་ཡ་ཤ་ས་བཅས་ཡིན། དེ་ལས་མིང་གཞི་ཅ་ལ་སྔོན་འཇུག་ག་བ་གཉིས་ལས་གཞན་རྣམས་མི་འཇུག་པ་དང༌། མིང་གཞི་ཇ་ལ་སྔོན་འཇུག་མ་ནིང་གཉིས་ཀ་མི་འཇུག་པ་དང༌། མིང་གཞི་ཉ་ལ་སྔོན་འཇུག་ག་མ་གཉིས་རྐྱང་འཕུལ་དུ་འཇུག་པ་དང་བ་ཡིག་བརྩེགས་འཕུལ་དུ་འཇུག་པ་ལས་སྔོན་འཇུག་ད་འ་གཉིས་ཀ་མི་འཇུག མིང་གཞི་ཙ་ལ་སྔོན་འཇུག་ག་བ་གཉིས་ལས་གཞན་ད་འ་མ་གསུམ་མི་འཇུག དེ་བཞིན་མིང་གཞི་ཛ་ལ་རྐྱང་པའི་སྐབས་སུ་སྔོན་འཇུག་འ་མ་གཉིས་དང་བརྩེགས་པའི་སྐབས་སུ་བ་ཡིག་བཅས་ལས་མ་ནིང་ག་ད་གཉིས་ཀ་མི་འཇུག་པ་དང༌། མིང་གཞི་ཞ་ལ་སྔོན་འཇུག་ག་བ་གཉིས་ལས་གཞན་རྣམས་མི་འཇུག མིང་གཞི་ཟ་ནི་ཞ་དང་མཚུངས། དེ་བཞིན་མིང་གཞི་ཡ་ལ་སྔོན་འཇུག་ག་ཁོ་ན་ལས་མི་འཇུག མིང་གཞི་ཤ་ལ་སྔོན་འཇུག་ག་བ་གཉིས་ལས་གཞན་རྣམས་མི་འཇུག མིང་གཞིའི་ས་ནི་ཤ་དང་མཚུངས་པས་ཡི་གེ་དེ་རྣམས་ལ་མི་འཇུག་པའི་ཚུལ་གཞུང་ལ་དངོས་སུ་མི་གསལ་ཡང་ཡི་གེའི་འགྲོས་ཀྱིས་མི་འཇུག་པ་ཡིན་པས་ཤེས་པར་བྱ་རྒྱུ་ལས་མ་འདས།
སྔོན་འཇུག་གི་མོ་འ་མི་འཇུག་པའི་ཡུལ་ནི། ཀ་ཅ་ཏ་པ་ཙ་ཞ་ཟ་འ་ཡ་བཅས་དགུ་དང༌། ཝ་ལ་ཧ་ཨ་བཅས་བསྣན་པའི་བཅུ་གསུམ་ལ་མི་འཇུག་པའི་ཚུལ་དངོས་སུ་གསལ། འཇུག་པའི་ཡུལ་ནི་ག་ཇ་ད་བ་ཛ་ཁ་ཆ་ཐ་ཕ་ཚ་བཅས་བཅུ་ལ་འཇུག་པ་དང༌། འཇུག་དང་མི་འཇུག་གཉིས་ཀ་བསྡོམས་པས་ཡི་གེ་ཉེར་གསུམ་ཡོད་པ། དེར་མ་གསལ་བའི་ཡི་གེ་བདུན་ནི། ང་ཉ་ན་མ་ར་ཤ་ས་བཅས་ཡིན་ཞིང༌། དེ་དག་ལས་མིང་གཞིའི་ཤིན་ཏུ་མོ་རྣམས་ལ་མི་འཇུག་པ་གཞུང་ལ་དངོས་སུ་མ་གསལ་ཡང་དེའི་ཚུལ་ངེས་པར་བྱ་བ་དང་འབྲེལ་དེ་ལ་མི་འཇུག་པའི་གནད་འགག་གང་ལ་ཐུག་ཡོད་མེད་བཙལ་རྒྱུ་གལ་ཆེ། ར་ནི་སྔོན་བཤད་བཞིན་དང༌། ཤ་ས་གཉིས་ལ་སྔོན་འཇུག་ག་བ་གཉིས་ལས་མི་འཇུག་པས་ཡིན་ནོ། །
སྔོན་འཇུག་ཤིན་ཏུ་མོ་མ་ཡིག་མི་འཇུག་པའི་ཡུལ་ནི། ཀ་ཅ་ཏ་པ་ཚ་ཕ་བ་མ་བཅས་བརྒྱད་དང༌། ཝ་འ་ལ་ཧ་ཨ་བཅས་བསྣན་པས་བཅུ་གསུམ་ཡོད་པ་དང༌། དེའི་སྟེང་དུ་འཇུག་པའི་མིང་གཞིའི་ཡི་གེ་ག་ཇ་ད་ཛ་ང་ཉ་ན་ཁ་ཆ་ཐ་ཚ་བཅས་བསྣན་པས་མིང་གཞིའི་ཡི་གེ་ཉེར་བཞི་གཞུང་ལ་དངོས་སུ་གསལ། གཞུང་ལ་དངོས་སུ་མི་གསལ་བའི་ཡི་གེ་དྲུག་ནི། ཞ་ཟ་ཡ་ར་ཤ་ས་བཅས་ཡིན་ཞིང༌། དེ་དག་ལའང་མི་འཇུག་སྟེ། ཞ་ཟ་གཉིས་ལ་སྔོན་འཇུག་ག་བ་གཉིས་ལས་མི་འཇུག་པ་དང༌། ཡ་ལ་སྔོན་འཇུག་ག་ལས་གཞན་རྣམས་མི་འཇུག་པ་དང༌། ར་ལ་བརྩེགས་པའི་སྐབས་ལས་གཞན་དུ་སྔོན་འཇུག་མི་འཇུག་པ་དང༌། ཤ་ས་གཉིས་ལ་སྔོན་འཇུག་ག་བ་གཉིས་ལས་གཞན་རྣམས་མི་འཇུག་པ་བཅས་ཤེས་དགོས་སོ། །
གཉིས་པ། ཇི་ལྟར་འཇུག་པ་བཤད་པ་ནི། རྩ་བ་ལས།

    ཇི་ལྟར་འཇུག་པར་བྱེད་ཅེ་ན། །ཕོ་ནི་དྲག་པོའི་ཚུལ་གྱིས་ཏེ། །
མ་ནིང་རན་པར་ཇུག་(འཇུག་)པ་ཡིན། །མོ་ནི་ཞན་པའི་ཚུལ་གྱིས་འཇུག །
    ཤིན་ཏུ་མོ་ནི་མཉམ་པས་སོ། །

    ཞེས་གསུངས་པའི་དོན་ནི། སྔོན་འཇུག་ཡི་གེ་དེ་དག་རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞིའི་ཡི་གེ་རྣམས་ལ་སྒྲ་གདངས་ཚུལ་ཇི་ལྟར་འཇུག་པར་བྱེད་ཅེ་ན། སྔོན་འཇུག་ཡི་གེ་ཕོ་བ་ཡིག་ནི། རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞི་རྐྱང་འདོགས་བརྩེགས་གསུམ་ལས་གྲུབ་པའི་ཡི་གེ་བཅུ་དྲུག་ལ་སྒྲ་གདངས་དྲག་པོའི་སྒོ་ནས་འཇུག་པ་དང༌། དེ་བཞིན་སྔོན་འཇུག་མ་ནིང་ག་ད་གཉིས་ནི་རང་གི་འཇུག་ཡུལ་དུ་གྱུར་པའི་རྐྱང་པའི་ཡི་གེ་བཅུ་གཅིག་དང༌། རྐྱང་འདོགས་གཉིས་ཀྱིས་ཡི་གེ་དྲུག་ལ་སྒྲ་གདངས་རན་པར་འཇུག་པ་དང༌། སྔོན་འཇུག་ཡི་གེ་མོ་འ་ཡིག་ནི་རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞིའི་ཡི་གེ་རྐྱང་འདོགས་གཉིས་ལས་གྲུབ་པའི་ཡི་གེ་བཅུ་ལ་སྒྲ་གདངས་ཞན་པར་འཇུག་པ་དང༌། དེ་བཞིན་སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིན་ནི། རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞིའི་ཡི་གེ་རྐྱང་འདོགས་གཉིས་ལས་གྲུབ་པའི་ཡི་གེ་བཅུ་གཅིག་ལ་ཤིན་ཏུ་ཞན་པའམ་ཉམ་ཆུང་བའི་ཚུལ་གྱིས་འཇུག་པ་ཡིན་ཞིང༌། སྐབས་འདིར་མཉམ་པས་སོ་ཞེས་པའི་དོན་ནི་ཉམ་ང་བའི་དོན་ཡིན་པར་འགྲེལ་བ་ཀུན་ཏུ་གདངས་གཅིག་གིས་སྣང༌།
སྐབས་འདིའི་རྟགས་ཀྱི་འཇུག་ཚུལ་ཇི་བཞིན་ཤེས་པ་ལ། རྟགས་ཀྱི་དབྱེ་སྒོའམ་དབྱེ་བ་འབྱེད་བྱེད་གང་ཡིན་པ་དེ་ཉིད་ངེས་པར་བྱ་རྒྱུ་གལ་ཆེ། དེ་ཉིད་གང་ཡིན་ཞེ་ན། ཀུན་མཁྱེན་སི་ཏུས། 12རྟགས་དེ་ལྟར་དབྱེ་བའི་རྒྱུ་མཚན་ནི་མིང་གཞི་ལྟར་སྔོན་འཇུག་ཡི་གེ་རང་རང་ཀློག་པའི་སྒྲ་གྲིམས་ལྷོད་སོགས་ལས་མ་ཡིན་ཏེ་འཆད་འགྱུར་ལྟར་དེ་དག་འཇུག་ཡུལ་གྱི་མིང་གཞིའི་ཡི་གེ་དང་སྦྱར་ནས་ཀློག་པའི་ཚེ་སྒྲ་གདངས་ཤུགས་ཆེ་ཆུང་དུ་འགྱུར་བའི་ཆ་ནས་བཞག་པའོ། །ཞེས་གསུངས་པ་ལྟར་ཡིན་ཏེ། དེ་ལྟར་མ་གཞག་པར་ཡི་གེ་རེ་རེ་འབྱིན་པའི་གདངས་ཀྱིས་གཞག་ན་ག་ད་བ་འ་བཞིའི་གདངས་ལ་དྲག་ཞན་གྱི་ཁྱད་པར་མི་འབྱུང་བ་དང༌། མ་དེ་དག་ལས་ཞན་ཙམ་ཡོད་དགོས་པ་ཙམ་དུ་ཟད། དེ་ལྟར་མ་བཞག་པར་རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞིའི་ཡི་གེ་དང་སྦྱར་ནས་ཀློག་པའི་སྐབས་སུ་གོང་ནས་རྣམ་འགྱུར་མི་འདྲ་བ་ཞིག་འཐོན་ཐུབ་སྟེ། དཔེར་ན། མེ་དང་ཆབ་རོམ་གཉིས་ཀ་བར་ཐག་ཉེ་རུ་སོང་བའི་གནས་སྐབས་སུ། ཆབ་རོམ་ཞུ་བ་དང༌། མེ་དྲོད་ཚད་ཆུང་དུ་གཏོང་བའི་རྣམ་པར་ཐོན་པ་དང༌། དེ་བཞིན་མེ་དང་མེ་གཉིས་ཉེ་རུ་བཏང་ན་དྲོད་ཚད་འཕར་བ་དང༌། ཆབ་རོམ་དང་ཆབ་རོམ་ཉེ་རུ་བཏང་ན་གྲང་ཚད་མཐོ་རུ་འགྲོ་བ་བཞིན། སྔོན་འཇུག་ཡི་གེ་དེ་དག་ལ་ཡོད་པའི་སྒྲ་རྩོལ་དང༌། མིང་གཞིའི་ཡི་གེ་དེ་དག་ལ་ཡོད་པའི་སྒྲ་རྩོལ་གཉིས་སྦྱར་བས། སྒྲ་རྩོལ་མི་འདྲ་བ་ཞིག་ཏུ་གྱུར་ཡོད་པ་དངོས་པོའི་གཤིས་སུ་གྲུབ།
ད་དུང་དེ་ལས་གསལ་དུ་བཏང་ན་རང་རང་གི་དངོས་སུ་མྱོང་ན་ཤེས་པར་འགྱུར་ཏེ། དཔེར་ན། ག་ད་བ་མ་འ་ཞེས་རེ་རེ་ངག་གིས་དབྱུང་བ་དང༌། ག་འོག་ཏ་བཞག་འ་བཞག་གཏའ་ཞེས་པ་དང༌། ད་འོག་ག་བཞག་འགྲེང་བུ་དགེ་ཞེས་པ་དང༌། བ་འོག་ཅ་བཞག་ས་བཞག་བཅས་དང༌། འ་འོག་ད་བཞག་ར་སྟ་འདྲ། མ་འོག་ག་བཞག་ན་རོ་མགོ་ཞེས་པ་རྣམས་སུ་འབྱིན་པའི་གདངས་གཉིས་ལ་ལྟོས་དང༌། རེ་རེ་འབྱིན་སྐབས་དང་སྦྱར་ནས་ཀློག་སྐབས་གཉིས་ལ་ཁྱད་པར་ཅི་མཆིས་དང༌། དྲག་ཞན་གྱི་རྣམ་འགྱུར་རྣམས་ཞིབ་ཏུ་རྟོགས་པར་འགྱུར། གཞན་སྔོན་འཇུག་མིང་གཞི་དང་སྦྱར་ནས་གྲུབ་པའི་གདངས་ལ་འཇོག་མཁན་ཡང་མཆིས་ཏེ། དེ་ཡང་གནད་འགག་ཆེ་བར་སྣང༌། དཔེར་ན། ཀག་དང་བཀག་གཉིས་ཀྱི་གདངས་ཞིབ་ཏུ་བསམ་ན་ཁྱད་པར་ཡོད། དེ་བཞིན། ཅད། བཅད། ཅས། བཅས། གག དགག ཅག གཅག ཆོག མཆོག གན། འགན། ཅུས། གཅུས། ཀུས། དཀུས་ལ་སོགས་པའི་གདངས་ལ་གཞིག་ན་མི་འདྲ་བ་དངོས་སུ་མཆིས་པ་འདི་དག་གིས་ཀྱང༌། གནས་ཚུལ་ཞིག་མཚོན་ཡོད་པས་དེ་དག་ལ་ཞིབ་ཏུ་དཔྱད་རྒྱུ་གལ་ཆེ། ཚུལ་འདིར་ཨ་ཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས།13 སྔོན་འཇུག་ལྔ་མིང་གཞིའི་ཡི་གེ་སྔོན་དུ་སོང་བ་ན། དེའི་དབང་གིས་སྐད་གདངས་དྲག་པ་ཕོ་དང༌། སྐད་གདངས་རན་པ་མ་ནིང་དང༌། སྐད་གདངས་ཅུང་ཟད་ཞན་པ་མོ་དང༌། དེ་ལས་ཀྱང་ཞན་པ་ཤིན་ཏུ་མོ་རུ་བཞག་པ་ཡིན་པས་ན། ཞེས་དང༌། 39སྔོན་འཇུག་གི་ཕོ་ཡིག་བ་ནི། རང་གི་འཇུག་ཡུལ་མིང་གཞིའི་ཡི་གེ་ལ་སྐད་གདངས་དྲག་པོའི་ཚུལ་གྱིས་འཇུག ཅེས་གསུངས་པ་གཉིས་ལས། ཀུན་མཁྱེན་སི་ཏུའི་གཞུང་བཞིན་འདོད་པ་གསལ་ལ། དེའི་དབང་དུ་བཏང་ན་མིང་གཞིའི་སྒྲ་གདངས་དང་ཡོངས་སུ་འདྲེས་པའི་གདངས་ལ་མི་བཞེད་པར་སྣང་ངོ༌། །

ཟུར་མཆན།

  1. དཔལ་སྤུངས་གསུང་རབ་ཉམས་གསོ་ཁང་གི་པར་མ། སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་ཀྱི་ཤོག་གྲངས། ༡༢༩ ངོས་སུ་གསལ།
  2. དཔལ་སྤུངས་གསུང་རབ་ཉམས་གསོ་ཁང་གི་པར་མ། སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་ཀྱི་ཤོག་གྲངས། ༡༣༩ནས་༡༤༠ངོས་སུ་གསལ།
  3. སུམ་རྟགས་ཀྱི་ཁྲིད་རྒྱུན་དཀོན་པོ་འགའ་ཕྱོགས་གཅིག་ཏུ་བསྒྲིགས་པ་མུ་ཏིག་འཁྲི་ཤིང་ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། ཤོག་ངོས། ༣༦ པར་གསལ།
  4. མི་རིགས་དཔེ་སྐྲུན་ཁང་གི་པར་མ། ཡིག་བཤད་མཁས་པའི་ཁ་རྒྱན་གྱི་ཤོག་ངོས། ༡༢ནས་༡༣ པར་གསལ།
  5. མཚོ་སྔོན་མི་རིག་དཔེ་སྐྲུན་ཁང་གི་པར་མ། པྲ་ཏིའི་སུམ་རྟགས་ཀྱི་ཤོག་གྲངས་༧༧ངོས་སུ་གསལ།
  6. སུམ་རྟགས་ཀྱི་ཁྲིད་རྒྱུན་དཀོན་པོ་འགའ་ཕྱོགས་གཅིག་ཏུ་བསྒྲིགས་པ་མུ་ཏིག་འཁྲི་ཤིང་ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། ཤོག་ངོས། ༡༢༩པར་གསལ།
  7. སུམ་རྟགས་ཀྱི་ཁྲིད་རྒྱུན་དཀོན་པོ་འགའ་ཕྱོགས་གཅིག་ཏུ་བསྒྲིགས་པ་མུ་ཏིག་འཁྲི་ཤིང་ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། ཤོག་ངོས། ༤༠པར་གསལ།
  8. དཔལ་ས་སྐྱའི་གསུང་རབ་བོད་གཉིས་པ་སུམ་རྟགས་དག་ཡིག་ཅེས་པ་མི་རིགས་དཔེ་སྐྲུན་ཁང་དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་པར་མའི་ཤོག་གྲངས་༡༤༢ན་གསལ།
  9. དཔལ་ས་སྐྱའི་གསུང་རབ་བོད་གཉིས་པ་སུམ་རྟགས་དག་ཡིག་ཅེས་པ་མི་རིགས་དཔེ་སྐྲུན་ཁང་དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་པར་མའི་ཤོག་གྲངས་༡༥ན་གསལ།
  10. མཚོ་སྔོན་མི་རིག་དཔེ་སྐྲུན་ཁང་གི་པར་མ། པྲ་ཏིའི་སུམ་རྟགས་ཀྱི་ཤོག་གྲངས་༧༧ངོས་སུ་གསལ།
  11. མི་རིགས་དཔེ་སྐྲུན་ཁང་གི་པར་མ། ཡིག་བཤད་མཁས་པའི་ཁ་རྒྱན་གྱི་ཤོག་ངོས། ༡༦ པར་གསལ།
  12. དཔལ་སྤུངས་གསུང་རབ་ཉམས་གསོ་ཁང་གི་པར་མ། སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་ཀྱི་ཤོག་གྲངས། ༡༤༦ ངོས་སུ་གསལ།
  13. སུམ་རྟགས་ཀྱི་ཁྲིད་རྒྱུན་དཀོན་པོ་འགའ་ཕྱོགས་གཅིག་ཏུ་བསྒྲིགས་པ་མུ་ཏིག་འཁྲི་ཤིང་ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། ཤོག་ངོས། ༡༦༥པར་གསལ།
  14. སུམ་རྟགས་ཀྱི་ཁྲིད་རྒྱུན་དཀོན་པོ་འགའ་ཕྱོགས་བསྒྲིགས་མུ་ཏིག་འཁྲི་ཤིང་ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་པར་མའི་ཤོག་ངོས་༡༦༨ནས་༡༦༩པར་གསལ།

མདུན་ཤོག