གསལ་བཤད།
༄༅། །རང་ཉིད་ལ་ལག་སོན་ཡིག་ཆ་ཁག་ནང་བུད་མེད་ཀྱི་མཚན་ཙམ་ཐོན་པ་ཚུན་ཆད་ཐོ་འགོད་ཀྱིས་ཟིན་ཐོ་ཞིག་ལོགས་སུ་བཟོས་ཤིང༌། དེའི་ནང་ནས་ལོ་རྒྱུས་གང་འཚམ་གསལ་བ་རྣམས་ངོ་སྤྲོད་ཀྱི་རྣམ་པས་བྲིས་ནས་སྡེ་ཚན་གཅིག་བཟོས་པ་དང༌། ལོ་རྒྱུས་ཁ་གསལ་མེད་ནའང༌། མཚན་ཙམ་དང་དུས་ཚོད་གང་དུ་འཁྲུངས་པ་སོགས་རོབ་ཙམ་གསལ་བ་ཁག་ལ་མཚན་གཞུང་ཞིག་བཟོས་ནས་སྡེ་ཚན་གཅིག་བཟོས་པ་དེ་དང༌། ར་སེ་དཀོན་མཆོག་རྒྱ་མཚོས་མཛད་པའི་༼གངས་ལྗོངས་སྐྱེས་མའི་ལོ་རྒྱུས་སྤྱི་བཤད༽་ཅེས་པའི་དེབ་ནང་བུད་མེད་མང་པོ་ཞིག་གི་མཚན་དང་མཛད་པ་ཁག་མང་ཉུང་རྒྱས་བསྡུས་ཅི་རིགས་སུ་བཀོད་འདུག་པ་གཉིས་བསྡུར་ནས་བལྟ་སྐབས། གུས་མོའི་ཟིན་ཐོའི་ནང་མ་སླེབས་པ་དེ་འདྲ་མང་པོ་ཞིག་མཇལ་སྟབས། དེ་ནས་ཚུར་ཁ་གསབ་དང༌། གཉིས་ཀའི་ནང་གསལ་བ་རྣམས་ལའང༌མ་གསལ་བ་རྣམས་ཀྱིས་ཁ་བསྐོང་བཅས་བྱས་ནས་འདིར་མིང་མཛོད་ཀྱི་ཚུལ་དུ་བཀོད་པ་ཡིན།
ལོ་རྒྱུས་ཡིག་ཆ་དག་ན་སྐྱེས་མ་གྲགས་ཅན་རིགས་ཀྱི་མིང་ཙམ་ལས་མ་སྨོས་པ་ཤུགས་ཆེ་ཤོས་ནི། བོད་ཀྱི་ཡིག་ཚང་སྔ་ཤོས་སུ་གྲགས་པ་༼ཡོ་ག་ལྷ་གྱེས་ཅན་༽གྱི་ནང༌། ཡུམ་དབྱིངས་ཀྱི་སྐྱེལ་མེད། ཕྱ་ཟ་ཡེ་ཐན་མ་རུ། གཡུ་རི་ཕྱུག་མོ། ཚེ་ཟ་ཁྱད་ཁྱུད། གནམ་གྱི་ཐང་ང་དགུ ཁུ་ཟ་ཁུ་མ། ཁབ་ཁ་ཟ་ཧོར་སྨན། ཁབ་ཕྱི་མོ། གཡག་སྔོ་མ་དོན། ཁབ་བྱ་བཟའ་མཐོང་སྨན། ཁབ་ཐང་ང་ཐང༌། སྲིན་ཟ་སྦྱར་ལྕམ། ཐང་ང་ཀོང་མོ་ཐར། ཆབ་མ་སྨོན་མོ་ཐང༌། ཕྱ་ལྕམ་དྲལ་དྲུག སྲིང་མོ་ཕྱ་ལྕམ་མ། ཕྱ་ལྕམ་འབྲུག་མོ་མ། རྨུ་བཙུན་གྱི་སྨན། ཐང་ང་ལྷ་མོ། ཁབ་གླང་བཟའ་ཁྲི་མར། ཁབ་སྟོང་བཟའ་ཆོ་ཆོ་སྨན། ཁབ་འོལ་མ་བཟའ་སྟོད་སྡེ་སྨན་ཞེས་དང༌། ༼རླངས་ཀྱི་པོ་ཏི་བསེ་རུ།༽ཡི་ནང༌། ཡུམ་ཆུ་ལྕགས་རྒྱལ་མོ། ཞེས་དང༌། ༼ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད།༽ ནང༌། དམུའི་བུ་མོ་དམུ་ཟ་ལྡེམ་བུ། ཐོག་ལྕམ་ཝུར་མོ། ཀླུ་ལྕམ་བྲ་མ། མོན་བཟའ་མཚོ་མོ། གཡའ་འབྲུམ་སི་ལི་མ། ཞེས་མཚན་ཙམ་རེ་ལས་མ་བཀོད་འདུག་པ་འདིདག་ནི་མིང་མཛོད་ཀྱི་དབུ་འདིར་དེ་ག་རང་དུ་འགོད་པ་ལས་དེ་དག་ནི་ལོ་རྒྱུས་དང་མཛད་རྗེས་སྐོར་གྱི་དཔྱད་གཞི་ཐོབ་དཀའ་སྟབས། འདིར་མཚན་ཙམ་བསྟར་བའི་དགོས་པ་དང་དམིགས་ཡུལ་ནི། ཁ་ཐོར་ལྟ་བུར་ཡོད་པ་དག་ལས་ལོ་རྒྱུས་དཔྱད་ཡིག་ཐོབ་ཁག་དཀྱུས་གཅིག་ཏུ་བསྡེབས་པ་ཙམ་ཡིན་པ་ལས། སླེ་ལུང་བཞད་པའི་རྡོ་རྗེས་མཛད་པའི་མཁའ་འགྲོ་རྒྱ་མཚོའི་རྟོགས་བརྗོད་ནང་མཁའ་འགྲོ་མ་མང་པོའི་ལོ་རྒྱུས་ཕྱོགས་གཅིག་ཏུ་བཀོད་པ་གནང་ཡོད་སྐད་དེ་སྐོར་ཐོབ་རེས་འབད་པ་གང་ཡོང་ཞུས་མོད་ཀྱང༌། ད་ལམ་ལག་སོན་མ་གྱུར་པའང་རྗེས་སོར་བོད་ཀྱི་བུད་མེད་མིང་མཛོད་རྒྱས་པ་ཞིག་བསྒྲིགས་དཔྱད་གནང་མཁན་དག་གིས་ཕྱོགས་འདིར་ཡང་དཔྱད་པ་གནང་རྒྱུ་གལ་ཆེ་བར་འདུག་སྙམ།
ཀོང་པོ་སྨན་བཙུན།
ཀོང་པོར་འཁྲུངས། གསོ་བྱེད་སྤྱི་དང་ཁྱད་པར་ཁྱི་དུག་གི་ནད་བཅོས་ལ་མཁས་སྙན་ཆེ་བ་ཞིག་ཡིན་སྟབས། གཡུ་ཐོག་གསར་མས་འདི་ལས་ཁྱི་དུག་གསོ་བཅོས་ཀྱི་སྐོར་ཞུས་ཤིང༌། དེ་སྐོར་གསོ་རིག་རྒྱུད་བཞིའི་ནང་བཀོད་གནང་མཛད་ཡོད་པར་གྲགས།
ཀོང་བཙུན་དེ་མོ།
གྲི་གུམ་བཙན་པོའི་དུས་སྐབས་སུ་ཀོང་པོ་སྨད་ཕྱོགས་སུ་དབང་བསྒྱུར་བའི་བུད་མེད་གྲགས་ཅན་ཞིག་སྟེ། ཀོང་དཀར་པོའི་སྲིད་དབང་འཛུགས་མཁན་ཡིན། བརྟན་མ་བཅུ་གཉིས་ཀྱི་གྲས།
ཀླུ་ཐང་མེར་མོ།
ལྡེ་གོལ་གྱི་བཙུན་མོ། གནམ་ལྡེ་རྣོལ་ནམ་གྱི་ཡུམ།
ཀླུ་སྨན་མེར་མོ།
དེ་ཤོ་ལེགས་ཀྱི་བཙན་མོ་དང་དེ་ཤོ་ལེགས་ཀྱི་ཡུམ།
ཀླུ་འོ་དེ་རིང་མོ།
ཀོང་པོ་ལྷོ་རྒྱུད་དུ་འཁྲུངས། གྲི་གུམ་བཙན་པོའི་པུར་བདག་ཉར་གནང་མཁན་དེ་ཡིན།
སྐྱི་ཐིང་གངས་སྨན་ཤེལ་ཟ་ཁ་རོ།
གནུབ་ཡུལ་དུ་འཁྲུངས། བྱང་ཐང་རྒྱུད་དུ་གྲགས་སྙན་ཆེ་བ་ཡིན། བརྟན་མ་བཅུ་གཉིས་ཀྱི་གྲས།
ཁ་རག་ཁྱུང་བཙུན་མ་བདུད་ཀྱི་རྒྱལ་མོ།
རིན་སྤུངས་ཁུལ་དུ་འཁྲུངས། བརྟན་མ་བཅུ་གཉིས་ཀྱི་གྲས།
མཁའ་འགྲོ་ཀུན་དགའ་འབུམ།
འོན་གྱི་བཀྲ་ཤིས་དོ་ཁ་ཞེས་པར་ཡབ་གཙང་པ་རྡོ་རྗེ་དབང་ཕྱུག་དང་ཡུམ་ལྷ་སྐྱིད་དཔལ་འཛོམས་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་དྲུག་པ་ནས་ཆོས་སྤྱོད་སོགས་སྦྱངས་མགོ་ཚུགས་ཤིང༌། གསར་རྙིང་གི་ཆོས་དང་དབང་ཁྲིད་མཐའ་ཡས་པ་གསན་ནས་སྒྲུབ་པར་རྩེ་གཅིག་ཏུ་གཞོལ་ནས་འཇའ་ལུས་བརྙེས་པ་ཞིག་དང་གཏེར་སྟོན་མ་ཞིག་ཀྱང་ཡིན།
མཁའ་འགྲོ་བདེ་ཆེན་དབང་མོ།
ཕྱི་ལོ་ ༡༨༦༨ ལོར་འཁྲུངས། བོན་གྱི་ཆོས་སྒོར་ཞུགས་ནས་གྲུབ་ཐོབ་མར་གྱུར་པ་ཞིག་ཡིན།
མཁའ་འགྲོ་མ་ཀརྨ་དབང་འཛིན།
འདས་ལོག་ཅིག་ཡིན། བྱ་བྲལ་ཀུན་དགའ་རང་གྲོལ་གྱི་གསུང་འབུམ་ནང་རྣམ་ཐར་རགས་ཙམ་ཡོད་མཆི།
མཁའ་འགྲོ་བསོད་ནམས་དཔལ་འདྲེན།
བྱང་འདམ་གཞུང་དུ་འཁྲུངས། བྱ་མདའ་མཁའ་སྤྱོད་གླིང་འདེབས་པ་པོ་ཡིན། ཀ་ཐོག་པའི་དབུས་གཙང་ལམ་ཡིག་ནང་སྐུ་གདུང་གར་བཞུགས་སོགས་བཀོད་སྣང༌། བསམ་སྡིངས་རྡོ་རྗེ་ཕག་མོའི་སྐྱེ་ཕྲེང་དུ་འདྲེན་པ་ཡིན་འདུག
མཁའ་འགྲོ་བསོད་ནམས་འདྲེན་མ།
ཕག་གྲུ་རྡོ་རྗེ་རྒྱལ་པོ་ལས་ཆོས་སྒོར་ཞུགས། དེབ་སྔོན་དང་ལྷོ་རོང་ཆོས་འབྱུང་ན་འདི་སྐོར་གྱི་ལོ་རྒྱུས་ཅུང་གསལ། དེ་སྔོན་བོད་དུ་བཙུན་པ་དང་བཙུན་མའི་སྡེ་ཞེས་ལོགས་སུ་མེད་པར་ལྷན་དུ་བཞུཊ་བཞིན་ལ། སྐབས་འདི་ཙམ་ལ་ཕྱ་བ་ཆོས་ཀྱི་སེང་གེས་སོ་སོར་ཕྱེས་པར་གྲགས།
མཁར་དགའ་བཟའ་གྲུབ་པའི་རྒྱལ་མོ།
འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོས་འདི་ལས་རྩ་རླུང་གི་མན་ངག་ཞུས་པར་ཐེག་ཆེན་འོད་གེ་མའི་འགྲེལ་བ་བདུད་རྩི་དཔུང་པ་ལས་བཤད།
མཁར་ཆེན་བཟའ་མཚོ་རྒྱལ།
ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ། རྒྱལ་པོས་སློབ་དཔོན་ལ་ཕུལ་བ་ནས་ཆོས་ཀྱི་སྒོར་ཞུགས། གསང་སྔགས་ནས་གསུངས་པའི་རིག་མའི་མཚན་ཉིད་ཚང་བ་ཞིག་ཡིན། འདིའི་ལོ་རྒྱུས་ཀྱི་སྐོར་ནི་མཚོ་རྒྱལ་རྣམ་ཐར་དོན་བརྒྱད་མ་དང༌། བཀའ་ཆེམས་ཀ་འཁོལ་མ། མ་ཎི་བཀའ་འབུམ། བཀའ་ཐང་ཤེལ་བྲག བཀའ་ཐང་སྡེ་ལྔ་སོགས་སུ་བཀོད་པ་མང༌།
ཁྲི་སྨན་རྗེ་མ།
བསེ་རྣོལ་པོའི་བཙུན་མོ། ལྡེ་རྒྱལ་གྱི་ཡུམ།
ཁྲི་སེ་བཙུན་གཉན་མོ།
ལྡེ་རྒྱལ་གྱི་བཙུན་མོ། རྒྱལ་སྲིན་བཙན་གྱི་ཡུམ།
མཁྲི་ཤ་མེད་ཁྲིམས་ཀྱི་རྒྱལ་མོ།
སྙེ་མོ་ཁུལ་དུ་འཁྲུངས། བརྟན་མ་བཅུ་གཉིས་ཀྱི་གྲས།
གངས་ཀྱི་ཡུམ་ཆེན་གཡུ་བུན་མ་མ་སྲིང་རྒྱལ་མོ།
ལོ་སྟོད་དུ་འཁྲུངས། བརྟན་མ་བཅུ་གཉིས་ཀྱི་གྲས།
གངས་པ་གཡུ་སྨན།
ལྷོ་ཁར་འཁྲུངས། གཅོད་ཀྱི་གདམས་པའི་མཛོད་དུ་གྱུར་པ་ཞིག་ཡིན།
འགོག་ཚ་རྒྱན།
དམ་པ་སངས་རྒྱས་ལ་ཐུགས་ཟིན་གྱི་སློབ་མོ་བཞི་ཡོད་པའི་གྲས་ཡིན། ཐུགས་ཟིན་གྱི་སློབ་མོ་བཞི་ནི། འགོག་ཚ་རྒྱན། དཔལ་ལྡན་རྒྱན། བསོད་ནམས་རྒྱན། རིན་ཆེན་རྒྱན་བཅས་ཡིན་ཞེས་ཤེས་བྱ་ཀུན་ཁྱབ་ནང་གསལ།
གྲུབ་པ་མོ་འོད་གསལ།
གཏེར་སྟོན་པདྨ་གླིང་པར་གྲུབ་རྟགས་མངོན་སུམ་སྟོན་པའི་སློབ་མ་དྲུག་ཡོད་པའི་ཡ་གྱལ་ཡིན།
འགྲོ་བ་བཟང་མོ།
རྒྱལ་བ་རྒོད་ཚང་བ་དང་དུས་མཉམ་པར་བཤད། རྒྱལ་དབང་ལྔ་པའི་རང་རྣམ་ནང་གསལ་རྒོད་ཚང་བའི་གསང་ཡུམ་མཁའ་འགྲོ་མ་འགྲོ་བ་བཟང་མོ་ཞེས་པ་དེ་ཡིན།
རྒན་མོ་བལ་མ།
བོད་ཀྱི་གནམ་རིག་སྐར་རྩིས་ལ་མཁས་པ་ཞིག་སྟེ། རྒན་མོ་བལ་མའི་ཟླ་རྩིས་ཞེས་སུ་གྲགས་ཆེ། བོད་ཀྱི་ལོ་གསར་ཀྱི་ཐོག་མ་སྲོལ་བཏོད་མཁན་ནམ་དུས་ཚེས་གཏན་ཁེལ་གནང་མཁན་ཡིན།
རྒྱལ་མོ་རྡུལ་བཞི་ཁུགས།
གྲི་གུམ་སྐབས་ཀྱི་བུད་མེད་གྲགས་ཅན་ཞིག་སྟེ། དམག་དོན་མཁས་པ་ཞིག་ཡིན། ལོ་ངམ་ལ་དགྲ་ལན་སློག་ནས་བཀྲོངས་མཁན་དེ་ཡིན།
རྒྱལ་མོ་བསོད་ནམས་སྒྲོལ་མ།
མདོ་སྨད་ཚ་བ་རོང་གི་རྒྱལ་མོ་ཡིན། རྒྱལ་མོ་སྒྲོལ་མ་འཚོའི་རྗེས་སུ་རྒྱལ་མོར་བཞུགས། རྒྱལ་མོ་འདི་ལུགས་གཉིས་མཁྱེན་རྒྱ་ཡངས་སྟབས་དབལ་ཤུལ་དང་ཁྲོ་ཁོ། མགོ་ལོག་གི་ཡུལ་ལུང་ཁག་ཅིག་བཅས་ལ་དབང་ལུང་བསྒྱུར་མྱོང་བ་ཞིག་བྱུང་བར་བཤད།
གླིང་བཟའ་ཆོས་སྐྱིད།
མདོ་སྨད་གླིང་ཡུལ་དུ་འཁྲུངས། གངས་ཅན་མཁས་པའི་གསུང་འབུམ་དཀར་ཆག་ཅེས་པའི་ནང་གླིང་བཟའ་ཆོས་སྐྱིད་ཀྱི་རྣམ་ཐར་ཟེར་བ་ཞིག་བཀོད་འདུག
གླུ་མ་ཨོ་རྒྱན་བུ་ཁྲིད།
མངའ་རིས་ཁོངས་ལ་དྭགས་སུ་འཁྲུངས། སྡེ་སྲིད་ཀྱིས་མཛད་པའི་རོལ་མོའི་སྐོར་གྱི་བསྟན་བཅོས་མིག་ཡིད་རྣ་བའི་དགའ་སྟོན་ནང་དུ། གླུ་མ་འདི་ཆེད་དུ་ལྷ་སར་གདན་དྲངས་ནས་མངའ་རིས་ཀྱི་ཤོན་སྣ་བཅུ་གསུམ་དང༌། དེ་མིན་གྱི་གླུའི་རིགས་མང་པོ་གྱེར་འཁྲབ་གནང་བཅུག་ནས་དཔྱད་ཞིབ་དང་དབུས་ཁུལ་དུ་དར་བར་བྱས་སྐོར་གསལ།
སྒོམ་མ་རིན་ཆེན་དཔལ་མོ།
སྟག་རྩེ་མི་དཔོན་བསམ་གྲུབ་ཀྱི་སྲས་མོ། འབྲི་གུང་ཆོས་རྗེ་རིན་ཆེན་ཆོས་ཀྱི་རྒྱལ་མཚན་གྱིས་ཇོ་མོར་བཞེས་པ་ལས། འབྲི་གུང་ཀུན་དགའ་རིན་ཆེན་འཁྲུངས། མི་དཔོན་གཤེགས་མཇུག་ཆོས་སྲིད་ཡུན་རིང་བསྐྱངས་པ་ཡིན་འདུག སྒོམ་མ་ཞེས་པ་ནི་དཔོན་གནས་ཀྱིས་དྲངས་པ་ཡིན་སྐད། འབྲི་གུང་ཁྲི་སྐོར་གྱི་དཔོན་རབས་ནང་བུད་མེད་ཅིག་བྱུང་བ་འདི་ཁོ་ན་ཡིན་ནོ།།
སྒྲུབ་ཆེན་མ་འོད་གསལ་སྐྱིད།
ཀུན་མཁྱེན་དོལ་པོ་པའི་སློབ་མ་ཡིན། ཇོ་ནང་གནས་བཤད་ནང་འདིའི་སྒྲུབ་གནས་ཀྱི་སྐོར་བཀོད་པ་ལྟར་ན། གྲུབ་ཆེན་མ་ཞིག་ཡིན་པ་ཤེས།
སྒྲུབ་མོ་ཡེ་ཤེས་རྒྱན།
ཀུན་མཁྱེན་དོལ་པོ་པའི་སློབ་མ་ཡིན། སྦྱོར་དྲུག་གི་ཉམས་ལེན་ལ་གཅིག་ཏུ་འབད་པས་མངོན་ཤེས་ཆེན་པོ་ཐོབ་པ་ཞིག་ཡིན་འདུག
ཅོ་ཟ་བོན་མོ།
བསམ་ཡས་སུ་འཁྲུངས། རྗེ་བཙུན་མི་ལའི་རྣམ་ཐར་ནང་གསལ་བའི་ན་རོ་བོན་ཆུང་གི་སྲིང་མོ་ཡིན།
ཅོག་རོ་བུ་མོ་རྟ་ཡི་ལྷ།
རྟའི་ནད་རིགས་གསོ་བཅོས་ལ་མཁས་པ་ཞིག་ཡིན། ཁྲི་སྲོང་སྐབས་ཀྱི་ཡིན་སྙམ་དཔྱད།
ཅོག་རོ་བཟའ་ནུ་ཆུང༌།
བསམ་ཡས་སུ་ལྷ་མོ་འོད་ཟེར་མའི་སྐུ་བརྙན་བཞེངས་སྐབས་བོད་ལུགས་སུ་བཞེངས་པའི་དཔེ་གཞིར་འདམས་པ་དེ་ཡིན། འདི་སྐོར་རྦ་བཞེད་དང་ལྷོ་བྲག་ཆོས་འབྱུང་ནང་གསལ།
ཅོག་རོ་བཟའ་དཔལ་གྱི་ངང་ཚུལ་མ།
ཁྲི་གཙུག་ལྡེ་བཙན་གྱི་བཙུན་མོ། ཡར་ལུང་ཤེལ་བྲག་གི་འདབས་རོལ་ཏུ་བཙན་ཐང་གཡུའི་ལྷ་ཁང་བཞེངས་མཁན་ཡིན། ཁྲི་གཙུག་ལྡེ་བཙན་ལ་ཆབ་སྲིད་སྐྱོང་རོགས་མང་དུ་གནང༌། ཆོས་ཀྱི་བྱ་བར་གཙིགས་ཆེན་པོ་མཛད། བློན་པོ་བྲན་ཀ་དཔལ་ཡོན་དང་ལུས་འབྲེལ་བྱུང་བའི་ནག་ཉེས་ཕོག་ནས་རང་སྲོག་བཅད།
ཅོག་རོ་བཟའ་དཔལ་གྱི་མཆོད་གནས་མ།
སློབ་དཔོན་པདྨའི་ཕྱག་རྒྱ་མ་ཡིན། ཕུར་བའི་ཆོས་སྐོར་ལ་ལྕམ་ལུགས་དང་ཇོ་ལུགས་གཉིས་བྱུང་བ་དེའི་དང་པོའི་བདག་པོ་ཡིན།
ཅོག་རོ་བཟའ་བཙན་རྒྱལ།
ཁྲི་ལྡེ་སྲོང་བཙན་གྱི་བཙུན་མོ་ཡིན། ལྷ་སྲས་གཙང་མ་དང་ལྷ་རྗེ་གཉིས་ཀྱི་ཡུམ་ཡིན།
ཅོག་རོ་བཟའ་ལྷ་བུ་སྨན།
བོད་ཀྱི་ལོ་རྒྱུས་ནང་མཛེས་མར་གྲགས་པ་ཀུན་བསྡུས་ནས་བསམ་ཡས་ཀྱི་ལྷ་ཐོག་མར་བཞེངས་སྐབས། བོད་པའི་ལུགས་སུ་བྱ་སྐབས་སྒྲོལ་མའི་སྐུ་བརྙན་གསར་བཞེངས་ཞུ་སྐབས་ཀྱི་དཔེ་གཞིར་བཟུང་བ་དེ་ཡིན།
ལྕམ་རྟ་མགྲིན་དབང་མོ།
སྡེ་དགེ་རྒྱལ་པོ་ས་དབང་བཟང་པོ་དང་རྒྱལ་མོ་ཚེ་དབང་ལྷ་མོའི་སྲས་མོ་ཡིན། ས་སྐྱོང་ཚེ་དབང་རྡོ་རྗེ་སྐུ་ན་མ་སོན་གྱི་བར་དུ་ཆབ་སྲིད་སྐྱོང་རོགས་གནང༌།
ལྕམ་མོ་ཡེ་ཤེས་མཆོག
མ་ཎི་བཀའ་འབུམ་གྱི་བླ་བརྒྱུད་གྲས་ཡིན།
ལྕུག་མོ་བཟའ་དགེ་འདུན་སྐྱིད།
ལ་སྟོད་དུ་འཁྲུངས། དམ་པ་སངས་རྒྱས་ཞབས་ལས་ཆོས་མང་དུ་གསན། རང་བྱུང་གི་རྣལ་འབྱོར་མར་གྲགས། རྟོགས་མགུར་བཞེངས་པ་ཁ་ཡར་སྣང༌།
ཆོས་ཀྱི་དཔལ་འཛིན།
ལྷོ་ཁ་བྱ་ཡུལ་དུ་འཁྲུངས། འབྲུག་པ་པད་མ་དཀར་པོའི་ཞབས་པད་བསྟེན་ནས་ཆོས་བཀའ་མང་དུ་གསན། རྫོགས་རིམ་རྩ་རླུང་གི་གདམས་པར་དབང་འབྱོར་བར་གྲགས།
མཆིམས་བཟའ་ཀླུ་རྒྱལ་ངན་མོ།
འབྲོ་གཉན་ལྡེའི་བཙུན་མོ་དང་སྟག་རི་གཉན་གཟིགས་ཀྱི་ཡུམ།
མཆིམས་བཟའ་བཙན་མ་ཐོག་སྟེང༌།
འདུས་སྲོང་གི་བཙུན་མོ། ཁྲི་ལྡེ་གཙུག་བཙན་གྱི་ཡུམ།
མཆིམས་བཟའ་ཡོན་ཏན་སྒྲོན་ནམ་ཁྱུང་དཀར་མ།
ཁྲི་གཙུག་ལྡེ་བཙན་གྱི་བཙུན་མོ། ལོ་རྒྱུས་རྣམས་སུ་མཚན་གཞན་ལ་ཚེ་སྤོང་བཟའ་ལྷུན་གྱི་བུ་མོ་ཞེས་བཀོད་པ་ཡོད། དཔག་བསམ་ལྗང་བུ་བཞེངས་པར་གྲགས།
མཆིམས་བཟའ་ལྷ་མོ་བཙུན།
ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ། རྒྱལ་པོས་སློབ་དཔོན་པད་འབྱུང་ལ་ཕུལ།
ཇོ་ལྕམ་ཕུར་མོ།
ས་ཆེན་གྱི་སྲས་ཀུན་དགའ་འབར་གྱི་ཆུང་མ། ས་ཆེན་གྱི་སློབ་མ་གྲགས་ཅན་གྱི་གྲས་ཏེ། གཅེས་པར་འཛིན་པའི་སློབ་མ་བཅུ་གཅིག་གི་ཁོངས་སུ་ཕོ་བརྒྱད་དང་མོ་གསུམ་གྱི་གྲས་ཡིན་པས་སྙན་གྲགས་ཆེ།
ཇོ་མོ་བཀྲ་ཤིས་ཚེ་རིང་མ།
སྤུར་རྒྱལ་དུས་སྐབས་སུ་འཁྲུངས་ཤིང༌། ཚེ་རིང་མཆེད་ལྔའི་གྲས་ཀྱི་ཆུང་ཤོས་དེ་ཡིན། ཚེ་རིང་མཆེད་ལྔ་ཞེས་པའི་དོན་ནི། སྤུན་མཆེད་ལྔ་ཞེས་པའི་དོན་ཡིན། ཚེ་རིང་མཆེད་ལྔའི་མཚན་ནི་ཕྱིས་སུ་བཏགས་པ་ཙམ་ལས་སྐྱེས་མིང་ནི་མིན་པར་བཤད།
ཇོ་མོ་ཆུ་སྒོམ་མ།
ཀརྨ་དུས་གསུམ་མཁྱེམ་པའི་སློབ་གྲས་ཡིན། དུས་གསུམ་མཁྱེན་པའི་ཇོ་མོ་ཆུ་སྒོམ་མ་ཞེས་གྲགས་ཆེ་བ་ཞིག་ཡིན།
ཇོ་མོ་མཆིམས་རྒྱལ་བཟའ་ལེགས་མོ་བཙུན།
ཁྲི་ལྡེ་སྲོང་བཙན་གྱི་བཙུན་མོ་ཡིན། ཕྱིས་རབ་ཏུ་བྱུང་གནང༌།
ཇོ་མོ་ཇོ་ལྕམ་ཡུལ་སྐྱིད།
གཉའ་ནང་དུ་འཁྲུངས། རྗེ་བཙུན་མི་ལ་རས་པ་དང་འདི་གཉིས་ཕན་ཚུན་བླ་སློབ་ཀྱི་འབྲེལ་བ་ཡོད་པ་ཞིག་ཡིན།
ཇོ་མོ་རྗེ་མོ།
མང་ཡུལ་གུང་ཐང་དུ་འཁྲུངས། དེབ་སྔོན་དུ་འདིའི་སྐོར་ཟུར་ཙམ་གསལ།
ཇོ་མོ་མྱང་མོ།
ལྕེ་སྟོན་རྒྱ་ནག་གིས་ཆོས་ཞུ་ཡུལ་ཡིན། འགྲོ་མགོན་ཆོས་རྒྱལ་འཕགས་པས་ཀྱང་འདི་ལས་ཆོས་སྐོར་མང་དུ་ཞུས། འགྲོ་མགོན་གྱི་ལོ་རྒྱུས་ནང་མ་ཇོ་བཀའ་དྲིན་ཅན་གསུམ་ཞེས་དྲངས་པའི་ཁོངས་ཡིན།
ཇོ་མོ་སྨན་མོ།
ཁོང་ནི་ཨེ་ཡུལ་གྱི་ཁོངས་ཟར་མོ་ལུང་ཞེས་པར། ཡབ་སྔགས་འཆང་རྡོ་རྗེ་རྒྱལ་པོ་དང་ཡུམ་པད་མ་དཔལ་འཛོམས་གཉིས་ཀྱི་སྲས་མོར་ཕྱི་ལོ་ ༡༢༥༨ ལོར་འཁྲུངས་ཤིང༌། ཕྱི་ལོ་ ༡༢༨༣ ལོར་གཤེགས། གཏེར་སྟོན་མ་ཞིག་ཡིན། གཏེར་ཆོས་སུ་དམ་ཆོས་མཁའ་འགྲོའི་ཐུགས་ཐིག་སོགས་ཡོད་པར་བཤད།
ཇོ་མོ་ཚུལ་ཁྲིམས་སྒྲོན།
རྒྱལ་བ་རྒོད་ཚང་བའི་སློབ་མ་གྲུབ་ཐོབ་མ་ཞིག་ཡིན།
ཇོ་མོ་ར་གཅིག་མ།
བཀའ་གདམས་དགེ་བཤེས་ཤ་ར་བའི་སྐུ་སྲིང་ཡིན། ར་གཅིག་ཅེས་ཐོགས་དོན་ནི། ཇོ་མོ་འདིར་ར་གཅིག་ལས་གཞན་གྱི་རྒྱུ་ནོར་མེད་ནའང༌། ར་གཅིག་གི་འོ་མས་ཞོ་བསྙལ་ཏེ་དགེ་འདུན་སྟོང་ཕྲག་བརྒྱད་ལ་ཞོ་སྟོན་དྲངས་པའི་ངོ་མཚར་རྫུ་འཕྲུལ་བསྟན་པ་ནས་དེ་ལྟར་ཐོགས་པར་བཤད།