བུ་སྟོན་རིན་ཆེན་གྲུབ།
དེབ་འདིའི་ནང་བཀོད་པའི་འཆད་ཐབས་སྐོར་རྩོམ་པར་མཛད་མཁན་ནི། བུ་སྟོན་རིན་ཆེན་གྲུབ་ཅེས་མཚན་སྙན་ཤིན་ཏུ་ཆེ་བ་དེ་ཡིན་ཞིང༌། ལོ་ཙཱ་བ་ཆེན་པོ་འདི་ཉིད་བོད་ཀྱི་སའི་ཆ་གཙང་སྟོད་ཁྲོ་ཕུའི་ཕྱོགས་ཀྱི་ཤབ་སྨད་སྒོམ་གནས་བྱ་བར་ཡབ་རྙིང་མའི་བླ་ཆེན་བྲག་སྟོན་རྒྱལ་མཚན་དཔལ་བཟང་དང༌། ཡུམ་བསོད་ནམས་འབུམ་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ལྕགས་སྟག་༡༢༩༠ལོའི་བོད་ཟླ་ ༣ ཚེས་ ༢༤ ལ་སྐུ་བལྟམས། དགུང་ལོ་ལྔ་ཙམ་ནས་ཡུམ་གྱིས་ཡི་གེའི་སྦྱོར་ཀློག་དང༌། དབོན་རྒྱམ་སེང་གིས་རྩིས་དང་ཡི་གེ་བསླབས། དགུང་ལོ་བདུན་པར་ཁྲོ་ཕུ་བསོད་ནམས་སེང་གེ་ལས་ཐེག་ཆེན་སེམས་བསྐྱེད་དང༌། དགུང་ལོ་བརྒྱད་པར་རྙིང་མའི་བླ་མ་ཚུལ་ཁྲིམས་དཔལ་བཟང་གི་སྤྱན་སྔ་ནས་གསང་སྔགས་རྙིང་མའི་ཆོས་སྐོར་ཡོངས་རྫོགས་གསན། གཞན་ཡང་གསོ་རིག་དང༌། བཟོ་རིག་གི་ཐིག་ཚད་སོགས་ལའང་སྦྱངས་བརྩོན་མཛད། མེ་ལུག་༡༣༠༧ལོར་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང༌། སློབ་དཔོན་བསོད་ནམས་མགོན་ལས་ཕར་ཕྱིན་དང་འདུལ་བ། ཚད་མའི་གཞུང་སོགས་གསན་ཏེ། ལོ་ངོ་གཉིས་ཙམ་རིང་ཉིན་མོ་ཞལ་ལག་དལ་ལྷོད་ཀྱིས་བཞེས་ལོང་དང༌། ན་བཟའ་རལ་བའང་འཚེམས་ལོང་མེད་ཐོག མཚན་མོ་དཀར་མེའི་འོད་ལ་བརྟེན་ནས་དཔེ་གཟིགས་མཛད་པ་སོགས་བརྩོན་པ་ཆེན་པོ་མཛད་པས་མཁས་པར་གྱུར།
དགུང་ལོ་ཉེར་གཅིག་ལ་ཕེབས་པ་ན་དབུས་གཙང་གི་ཆོས་སྡེ་རྣམས་སུ་གྲྭ་སྐོར་དམ་བཅའ་མཛད་ཅིང༌། དུས་དེར་གྲགས་ཆེ་བའི་དབུས་ཀྱི་མཁས་པ་ཤཱཀྱ་གཞོན་ནུ་དང༌། ཁ་རག་བྱང་གཞོན། གཙང་གི་དཔལ་ལྡན་སེང་གེ་དང༌། འཇམ་སྐྱ་སོགས་ལུང་རིགས་བཙན་པོས་མི་སྨྲ་བའི་བརྟུལ་ཞུགས་སུ་བཀོད་པས་ཕ་སྟོན་པ་ལ་བུ་སྟོན་པ་བྱུང་འདུག་ཅེས་མཁས་གྲགས་གང་སར་ཁྱབ། བུ་སྟོན་ཞེས་པའི་མཚན་ཡང་དེ་ནས་ཐོགས། ཆུ་བྱི་༡༣༡༢ལོར་བསྙེན་པར་རྫོགས་ཤིང་ཁྲོ་ཕུར་ཕར་ཕྱིན་དང༌། འདུལ་བ། མངོན་པ་བཅས་ཀྱི་འཆད་ཉན་ལེགས་པར་མཛད། དེ་ནས་ཐར་པ་གླིང་དུ་ཕེབས་ཏེ་ལོ་ཙཱ་བ་ཆེན་པོ་ཐར་ལོ་ཉི་མ་རྒྱལ་མཚན་སློབ་དཔོན་དུ་བསྟེན་ནས་ལོ་བཞི་ཙམ་རིང་སྒྲ་ཙནྡ྄་པ་དང༌། ཀ་ལཱ་པའི་མདོ་འགྲེལ། སྙན་ངག སྡེབ་སྦྱོར་སོགས་བརྩོན་པ་ཆེན་པོས་གསན་སྦྱོང་མཛད་པས། གཞུང་ལུགས་དེ་དག་དང༌། རྒྱ་གར་ཤར་ནུབ་སོགས་ཀྱི་སྐད་རིགས་མཁྱེན་ཏེ་འགྲན་ཟླ་བྲལ་བའི་ལོ་ཙཱ་བ་ཆེན་པོར་གྱུར། བཀའ་དང་བསྟན་བཅོས་མང་པོ་བོད་སྐད་དུ་བསྒྱུར་བར་མཛད།
གསུང་ངག་རིན་པོ་ཆེའི་དྲུང་ནས་དུས་ཀྱི་འཁོར་ལོའི་དབང་གོང་མ་ཞུས་ཏེ་འདག་སྦྱར་གྱི་སྐུ་མཚམས་ལ་བཞུགས་ཏེ་རྩེ་གཅིག་ཏུ་སྒོམ་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། གཞན་ཡང་སྦྱོར་བ་དྲུག་དང་རྒྱུད་ཕྱི་མ་སོགས་ཆོས་དུ་མ་གསན་ནས་ཉམས་སུ་བཞེས། དཔལ་དུས་ཀྱི་འཁོར་ལོ་ལ་གསན་སྦྱོང་དཔྱིས་ཕྱིན་པ་མཛད་ཆེད་དབོན་པོ་རྡོ་རྗེ་རྒྱལ་མཚན་གྱི་དྲུང་ནས་དུས་འཁོར་གྱི་ཆ་ལག་མ་ཚང་བ་མེད་པ་གསན་པས། དུས་འཁོར་ལ་ཤིན་ཏུ་མཁས་པར་གྱུར་ཏེ་བོད་གངས་ཅན་གྱི་ལྗོངས་འདིར་ཕྱིས་བྱོན་གྱི་མཁས་པའི་ནང་ན། དུས་འཁོར་ལ་མཁས་པ་བུ་དོལ་གཉིས་ཞེས་ཡོངས་སུ་གྲགས་པའི་སྔ་མ་ནི་མཁས་དབང་འདིར་ཟེར་ཞིང༌། ཕྱི་མ་ནི་དོལ་པོ་བ་ཤེས་རབ་རྒྱལ་མཚན་༡༢༩༢་་་༡༣༦༡ལ་ཟེར་བ་རེད།
ལྕགས་སྤྲེལ་༡༣༢༠ལོར་ཞྭ་ལུ་ཆོས་སྡེའི་གདན་ས་བཟུང་སྟེ། སྔགས་དང་མཚན་ཉིད་ཀྱི་བཤད་གྲྭ་བཙུགས་ཤིང་མཁས་པའི་བྱ་བ་གསུམ་གྱི་སྒོ་ནས་ལོ་ངོ་ ༣༦ བཞུགས། དེ་ནས་ཇོ་བོ་རྗེས་བྱིན་གྱིས་བརླབས་པའི་གནས་ཞྭ་ལུ་རི་ཕུག་ཏུ་བདེ་ཆེན་ཕོ་བྲང་ཞེས་པའི་གཙུག་ལག་ཁང་དང་དགེ་འདུན་གྱི་སྡེ་བཙུགས། སྣར་ཐང་གི་བསྟན་འགྱུར་ལ་ཞུ་དག་མཛད་ཐོག་དཀར་ཆག་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོའི་ཕྲེང་བ་ཞེས་པ་བསྒྲིགས་པས་ཕྱི་རབས་ལ་བཀའ་དྲིན་ཆེ། རྗེ་འདིས་བུ་ལུགས་གྲུབ་མཐའི་སྲོལ་བཏོད་པས་དེའི་རྒྱུད་འཛིན་རྣམས་ལ་ཞྭ་ལུ་བའི་གྲུབ་མཐའམ་བུ་ལུགས་ཞེས་གྲགས།
མདོ་སྔགས་རིག་གནས་ཀྱི་བཤད་པ་ཤིན་ཏུ་མང་པོ་མཛད་ཅིང༌། གང་གི་འཆད་ཚུལ་ནི། ལྗགས་མྱུར་ལ། ཚིག་གསལ་བ། དོན་ཟབ་པ། གཞན་གྱི་རྗེས་ཟློས་མིན་པ། ཟློས་སྐྱོན་དང་འགལ་བའི་སྐྱོན་མེད་པ། དཀའ་གནད་ཟབ་པ། གཞུང་ཆེན་པོ་རྣམས་ཕྱག་དཔེ་གཟིགས་མ་དགོས་པར་ཐུགས་ནས་གསུངས་ཏེ་དོགས་གཅོད་ཞུས་དག་མཛད་པ་སོགས་སྐྱེ་བོ་ཀུན་ཧ་ལས་དགོས་པ་ཡོད་པས་སློབ་མ་ལ་ཡང་བོད་ཡུལ་སྟོད་སྨད་ཀུན་ནས་དང༌། རྒྱ་དཀར་ནག བལ་པོ། སོག་པོ་སོགས་ནས་མང་པཽ་བྱུང༌། རྒྱ་གར་གྱི་རྒྱལ་པོ་པུ་ན྄ཡ་མཱ་ལཱ་སོགས་ཀྱིས་དད་གུས་དང༌། རྒྱ་ནག་ནས་གོང་མས་ཤིང་སྤྲེལ་༡༣༤༤ལོར་གདན་ཞུ་ཕུལ་ཡང་འགྲོ་དོན་ཆུང་བར་གཟིགས་ཏེ་ཕེབས་པར་ཞལ་བཞེས་གནང་མེད།
ལྕགས་ཡོས་༡༣༥༡ལོར་གཡའ་ཕག་གཉིས་ཟིང་འཁྲུག་བྱུང་བས་བར་འདུམ་གྱི་ཆེད་དབུས་ལ་ཕེབས། དེའི་ཕྱི་ལོར་བྱང་ཆུབ་མཆོད་རྟེན་ཆེན་མོ་བཞེངས། ཆུ་སྦྲུལ་ལོར་༡༣༥༣ས་སྐྱར་བྱོན་ཏེ་ལྷ་ཁང་ཆེན་མོར་དཔལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཁྲུ་བཅུ་གཅིག་ཅན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་བཀོད་པ་ཤིན་ཏུ་མཛེས་པ་ཕུལ། བཀའ་འགྱུར་དང་བསྟན་འགྱུར་གསེར་བྲིས་ཀྱིས་མཚོན་རིས་མེད་མཁས་པའི་གསུང་རྟེན་མང་པོ་བཞེངས། དགུང་ལོ་རེ་བདུན་པར་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་ལ་ཞྭ་ལུའི་གདན་ས་གཏད་དེ། གང་ཉིད་རི་ཕུག་ཏུ་གཏན་བཞུགས་མཛད། དགུང་ལོ་དོན་བཞི་པའི་མཇུག་ཙམ་ནས་སྐུ་མཚམས་བཅད་དེ། ཉིན་མཚན་འཁོར་མོ་ཡུག་ཏུ་ཙོག་པུར་བཞུགས་པ་ལས་དབུ་སྔས་ལ་མི་རེག་པར་ཟབ་ཆོས་ཉམས་བཞེས་གནང་མུར་དགུང་གྲངས་དོན་ལྔ་ལ་ཕེབས་པ་རབ་བྱུང་དྲུག་པའི་ཤིང་འབྲུག་༡༣༦༤ལོའི་བོད་ཟླ་ ༦ ཚེས་ ༢༡ ཞྭ་ལུ་རི་ཕུག་ཏུ་ཞི་བར་གཤེགས།
མཁས་པའི་དབང་པོ་འདི་ཉིད་ཀྱིས་མཛད་པའི་གསུང་རྩོམ་ད་ལྟ་བཞུགས་པ་ཁྱོན་པོད་ཆེན་ཉི་ཤུ་རྩ་དྲུག་ཡོད་ཅིང༌། དེ་དག་ྋགོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བསྔགས་བརྗོད་རྒྱ་ཆེ་དང་བཅས་པར་བརྐོས་མཛད་ཡོད། གང་གིས་བོད་སྐད་དུ་ཕབ་སྒྱུར་མཛད་པ་ལ་མཚོན་ནའང༌། དབང་མདོར་བསྟན་གྱི་བཀའ་འགྲེལ་སུམ་བརྒྱ་དྲུག་ཅུ་པ། རྡོ་རྗེ་བདུད་རྩིའི་བཀའ་འགྲེལ་དྲི་མེད་སྙིང་པོས་མཛད་པ། སྒྲ་ཀཱ་ལ་པའི་འགྲེལ་པ་དུརྒ་སྡྷིས་བགྲོད་དཀའ་སེང་གེས་མཛད་པ་འཕྲོ་བསྒྱུར་སོགས་མང་པོ་ཡོད། གང་འདིས་གསར་རྩོམ་དང༌། འགྱུར་བཅོས། གཞི་འགྱུར། གསར་དུ་བསྒྱུར་བ་སོགས་ལ་བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་མཁས་པ་ཚོས་བསྔགས་བརྗོད་དང་བཅས་ཚད་མར་འཛིན་བཞིན་ཡོད་དོ།། །།
འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།
དེབ་འདིའི་ནང་བཀོད་པའི་ལུགས་ཀྱི་བསྟན་བཅོས་ལྷ་དང་དཔལ་འདུ་བའི་ནོར་བུ་ཞེས་པ་འདི་ནི། མཁས་པའི་དབང་པོ་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་མཛད་པ་ཡིན། ཁོང་ནི་རབ་བྱུང་བཅུ་བཞི་པའི་མེ་རྟ་ཕྱི་ལོ་ ༡༨༤༦ལོར་ཁམས་སྡེ་དགེའི་ཉེ་འདབས་ཡ་ཆུ་དིང་ཆུང་གི་ས་ཆར་ཡབ་མགོན་པོ་དར་རྒྱས་དང་ཡུམ་སྲིང་ཆུང་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་དྲུག་པ་ནས་ཡབ་དང་ཞང་པོའི་དྲུང་དུ་ཡི་གེ་འབྲི་ཀློག་ལ་སྦྱངས། མཁྱེན་རབ་ཆེ་བས་ཆུང་དུས་ནས་རྩོམ་འབྲི་བར་ཚེགས་མེད་ཅིང༌། རྩིས་དཀར་ནག་གི་སྔོན་འགྲོ་ལའང་སྦྱང་པ་མཛད། དགུང་ལོ་བཅུ་གཉིས་པ་མེ་སྦྲུལ ཕྱི་ལོ་༡༨༥༧ལོར་རྙིང་དགོན་གསང་སྔགས་ཆོས་གླིང་དགོན་དུ་ཕེབས་ནས་རབ་ཏུ་བྱུང༌། དགུང་ལོ་བཅོ་བརྒྱད་པར་ཞང་པོ་དང་ལྷན་དུ་བོད་དབུས་ལྷ་ལྡན་དུ་གནས་སྐོར་ལ་ཕེབས། ལོ་གཅིག་ཙམ་གྱི་རྗེས་སུ་ཕྱིར་ལོག་ཕེབས་ཏེ་བླ་མ་འཇམ་དབྱངས་མཁྱེན་བརྩེ་དབང་པོ༡༨༢༠་་་༡༨༩༢སོགས་མཁས་ཆེན་དུ་མ་སློབ་དཔོན་དུ་བསྟེན་ནས། ཐུན་མོང་དང་ཐུན་མོང་མ་ཡིན་གཙུག་ལག་བརྒྱ་ཕྲག་མང་པོ་སྦྱངས་པ་མཐར་ཕྱིན་པར་མཛད་ཅིང༌། རིག་པའི་གནས་བཅུ་ལ་མཁས་པའི་ཡང་རྩེར་སོན།
དགུང་ལོ་ང་གཅིག་པ་རབ་ཚེས་མེ་སྤྲེལ་ལོར་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་མཛད། དགུང་ལོ་རེ་གཉིས་པ་ས་སྤྲེལ་ལོར་དུས་འཁོར་འགྲེལ་ཆེན་བརྩམས། དེའི་ཕྱི་ལོར་སྙན་འགྲེལ་དབྱངས་ཅན་དགྱེས་པའི་རོལ་མཚོ་བརྩམས། སྤྱིར་བརྩམས་ཆོས་པོ་ཏི་བཅུ་ཕྲག་གསུམ་ལྷག་བཞུགས། སྐུ་ཚེ་ཧྲིལ་པོར་འཆད་རྩོད་རྩོམ་གསུམ་གྱི་བྱ་བས་བསྟན་འགྲོ་ལ་ཕན་པའི་དོན་རྒྱ་ཆེན་པོ་བསྒྲུབས། ཁྱད་པར་དུ་བཟོ་དང་གསོ་བ། རྩིས་རིག་བཅས་ལ་མཛད་རྗེས་ཤིན་ཏུ་ཆེན་པོ་འཇོག་གནང་མཛད་པས། རིས་མེད་མཁས་པ་ཡོངས་ཀྱིས་བསྟོད་ཡུལ་དུ་གྱུར། དགུང་ལོ་དྲུག་ཅུ་རེ་བདུན་པ་ཆུ་བྱི་ཕྱི་ལོ་༡༩༡༢ལོར་འཇུ་རི་ཁྲོད་དུ་སྐུ་གཤེགས། ཁོང་གི་གསུང་རྩོམ་ཁོངས་ནས་མཁས་འཇུག་དང༌། རྒྱལ་པོ་ལུགས་ཀྱི་བསྟན་བཅོས། ས་མཐའི་རྣམ་གྲངས་མདོ་མཚོན་སོགས་དེང་སྐབས་དེབ་གཟུགས་སུ་པར་སྐྲུན་བྱས་ཡོད་པས། བོད་གཞིས་བྱེས་གཉིས་ཀར་འཕྲིན་ལས་ཆེ་བར་ཡོད་པ་བཅས།
ཨ་ལག་ཤ་ངག་དབང་བསྟན་དར།
དེབ་འདིའི་ནང་དྲངས་པའི་རྩོམ་པའི་རྣམ་གཞག་བཤད་པ་ཞེས་པའི་རྩོམ་ཡིག་མཛད་པ་པོ་ནི། ཨ་ལག་ཤ་ངག་དབང་བསྟན་དེར་ཞེས་གྲགས་སྙན་ཆེ་བ་དེ་ཡིན་ཞིང༌། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་ཡོས་ཕྱི་ལོ་ ༡༧༥༩ལོར་སོག་ཡུལ་ཨ་ལག་ཤ་ཞེས་པའི་ས་ཆར་སྐུ་འཁྲུངས། སྐུ་ན་ཆུང་དུས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཐོག་བོད་གངས་ཅན་གྱི་དབུས་གྱུར་གདན་ས་འབྲས་སྤུངས་སུ་ཕེབས་ནས་ཆོས་ཞུགས་གནང༌། རྗེ་ཀློང་རྡོལ་བླ་མ་ངག་དབང་བློ་བཟང་༡༧༡༩་་་༡༧༩༥དང༌། དཀའ་ཆེན་ཡེ་ཤེས་རྒྱལ་མཚན་༡༧༡༣་་་སོགས་སློབ་དཔོན་དུ་བསྟེན་ནས་བཀའ་ཆོས་ཟབ་མོ་དང་རིག་གནས་ཁག་ལ་སྦྱངས་པ་རྒྱ་ཆེར་མཛད།
དགུང་ལོ་སུམ་ཅུ་ལྷག་ཙམ་ལ་ལྷ་ལྡན་སྨོན་ལམ་ཆེན་མོར་རབ་འབྱམས་པའི་གྲྭ་སྐོར་མཛདདེ་ལྷ་རམས་པའི་མཚན་རྟགས་བཞེས། དགུང་ལོ་སོ་གསུམ་དུ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ལྕགས་ཕག་ཕྱི་ལོ་༡༧༩༡ལོར་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་པོར་ཕེབས། དེ་ནས་རང་ཡུལ་ཨ་ལག་ཤའི་གཡོན་དགོན་མི་ཕམ་ཆོས་གླིང་དུ་ཕེབས་ནས་འགྲོ་དོན་མཛད་ཅིང༌། དགུང་ལོ་ང་གཅིག་ཏུ་ཕེབས་སྐབས་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དུ་བྱོན་ཏེ་རྡོ་རམས་པ་ལྷ་ཞེའི་དྲུང་ནས་ཁམས་སྡེ་དགེ་དཔལ་སྤུངས་ཀྱི་ཁྲིད་རྒྱུན་ལྟར་སྙན་ངག་ལེའུ་གསུམ་པོ་རྫོགས་པར་གསན་ནས་རྩོམ་རྒྱུགས་ཀྱང་ཕུལ། དེ་རྗེས་པེ་ཅིང་ཡུང་དགོན་དུ་ཕེབས་ནས་འགྲོ་དོན་མཛད།
མཁས་པའི་དབང་པོ་འདི་ཉིད་སོག་ཡུལ་དུ་འཁྲུངས་ཀྱང་བོད་དུ་བྱོན་ནས་བོད་ཀྱི་སྐད་ཡིག་དང༌། རིག་གནས་ཆེ་ཆུང་བཅས་པར་ཐོས་བསམ་མཐིལ་ཕྱིན་པ་མཛད་དེ། འཆད་པ་དང༌། རྩོད་པ། རྩོམ་པ་བཅས་མཁས་པའི་བྱ་བ་གསུམ་གྱིས་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་ཡོད་པས། རང་ཅག་གངས་ཅན་པ་ཚོས་བཀའ་དྲིན་རྗེས་དྲན་ཞུ་འོས་པ་ཡིན། ཁོང་གི་གསུང་རྩོམ་ནི། ལམ་གྱི་གཙོ་བོ་རྣམ་གསུམ་གྱི་འགྲེལ་པ་དང༌། སྙན་ངག་གི་དཔེར་བརྗོད། སུམ་རྟགས་ཀྱི་འགྲེལ་པ། ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན། བོད་ཀྱི་བརྡ་གསར་རྙིང་གི་ཁྱད་པར། དག་ཡིག་གཅེས་བསྡུས་སོགས་ཆོས་ཚན་སུམ་ཅུ་སོ་བདུན་མཛད་ཡོད་པ་རྣམས་པོ་ཏི་གཉིས་སུ་བསྡུས་ཏེ་མདོ་སྨད་སྐུ་འབུམ་དགོན་དུ་ཤིང་པར་ལ་བརྐོས་ཡོད། མཁས་དབང་འདིའི་གཤེགས་ལོ་ངེས་གཏན་ཞུ་ཐབས་མ་བྱུང་ཡང༌། གང་གིས་མཛད་པའི་རྟེན་འབྲེལ་བསྟོད་པའི་དོན་གྲེལ་རིན་ཆེན་ཕྲེང་བ་ཞེས་པའི་མཇུག་བྱང་དུ། རང་ལོ་དོན་གསུམ་པ་རབ་བྱུང་བཅུ་བཞི་པའི་ལྕགས་མོ་ཡོས་ལོའི་ཧོར་ཟླ་གཉིས་པའི་ཡར་ངོའི་ཚེས་གསུམ་ལ་སྦྱར་ཞེས་གསུངས་པ་ལ་གཞིགས་ན། ཕྱི་ལོ་ ༡༨༣༡ བར་བཞུགས་པ་ངེས་ཤིང༌། དེ་ནས་ཡུན་རིང་མ་སོང་བར་འདས་ཞེས་གྲགས་སོ།། །།