བཀྲ་ཤིས་དོན་འགྲུབ་ཀྱིས་བསྒྱུར།

སྒྱུར་བ་པོའི་གཏམ།

    ཕྱི་ལོ་༢༠༠༤ ལོར་གཏན་འབེབས་བྱས་པའི་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་དོན་ཚན་བཅུ་པའི་ནང༌། “ཆུ་ཚོད་གཉིས་གསུམ་གྱི་དུས་ཡུན་ནང་སློབ་ཕྲུག་གི་ཤེས་ཚད་ཚད་འཇལ་བྱེད་པའི་ད་ལྟའི་རྒྱུགས་སྤྲོད་ཟུར་དུ་མ་དགོས་པར་ཕྲུ་གུའི་རྒྱུན་སྤྱོད་དང༌། འཛིན་གྲྭའི་ནང་གི་དྲི་བ་དྲིས་ལན། ཁྱོན་ཡོངས་ཀྱི་གོ་རྟོགས་དང་ལག་བསྟར་གྱི་ནུས་པ་ལ་ཉམས་ཞིབ་རྒྱུན་སྲིང་གི་ལམ་ནས་འཛིན་གྲྭ་གོང་མར་འཕོ་འོས་མིན་དགེ་རྒན་རྣམས་གོ་བསྡུར་གྱིས་ཐག་གཅོད་བྱ་རྒྱུ།” ཞེས་གསལ་བ་ལྟར། བྲིས་རྒྱུགས་ཁོ་ན་ལ་བརྟེན་པའི་སློབ་མའི་སྦྱངས་འབྲས་ཚོད་བགམ་དང་གདེང་འཇོག་བྱེད་ཐབས་དེས་སློབ་མའི་ཤེས་ཡོན་ངོ་མའི་གནས་ཚད་ཚབ་མཚོན་མི་ཐུབ་པའི་ཐོག དགེ་སློབ་གཉིས་དང༌། ཤེས་ཡོན་སྡེ་ཁག་གིས་གཙོས་པའི་སྤྱི་ཚོགས་ཧྲིལ་པོའི་འཕེལ་རྒྱས་དང་བདེ་ཐང་ལ་དགག་ཕྱོགས་ཀྱི་ཤུགས་རྐྱེན་སྣ་མང་ཞིག་ཐེབས་ཀྱི་ཡོད། དཔེར་ན། སློབ་མ་རྣམས་ཀྱིས་དུས་རྒྱུན་གྱི་སློབ་སྦྱོང་ལ་མཐོང་ཆེན་བྱ་བའི་ཚབ་ཏུ་ཡིག་རྒྱུགས་ལ་མཐོང་ཆེན་བྱ་བ། དགེ་རྒན་གྱིས་སློབ་མ་སོ་སོའི་ཡར་རྒྱས་ལ་དམིགས་པའི་སློབ་ཁྲིད་ཀྱི་ཐབས་བྱུས་མི་འཛིན་པར། ཡིག་རྒྱུགས་ཨང་ཆ་གཙོ་འདོན་བྱ་བ། ཤེས་རིག་སྡེ་ཁག་ནས་ཡིག་རྒྱུགས་དྲང་བདེན་ཡོང་ཐབས་ལ་བསྙད་དེ་དྲིས་ཤོག་ལ་ལན་འབྲི་བའི་ཐབས་ལམ་ཁོ་ནའི་ཐོག་རྒྱུགས་ཞིབ་བྱེད་པ་སོགས་ལྟ་བུའོ། །
    ཕྱི་ལོ་༡༩༨༦ ལོར་གཏན་འབེབས་བྱས་པའི་རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་(NPE,༡༩༨༦)དང༌། ཕྱི་ལོ་༡༩༩༢ ལོའི་ལག་བསྟར་ཁྲིམས་གཞི་(POA,༡༩༩༢)བཅས་སུའང་གོང་གསལ་གནད་དོན་ཐོག་དམིགས་འཛུགས་ཀྱིས་ཤེས་ཡོན་སློབ་སྦྱོང་གི་སྤུས་ཚད་གཙོ་བོར་བཟུང་བའི་སློབ་གསོའི་ཐབས་བྱུས་འཛིན་རྒྱུ་གལ་ཆེ་བའི་སྐོར་གསལ་ཡོད། སྐབས་དེར་གྲོས་འདོན་བྱས་པའི་ཐབས་བྱུས་གཙོ་བོ་ཞིག་ནི། སློབ་གྲྭ་ཁག་ཏུ་སློབ་མའི་སྦྱངས་འབྲས་གདེང་འཇོག་སྐབས་ “རྒྱུན་མཐུད་དང་ཕྱོགས་ཡོངས་ནས་གདེང་འཇོག”(CCE)བྱེད་ཐབས་ངོ་སྤྲོད་བྱས་ཡོད། རྒྱུན་མཐུད་དང་ཕྱོགས་ཡོངས་ནས་གདེང་འཇོག་བྱེད་ཐབས་ནི་སློབ་མའི་ཤེས་ཡོན་ངོ་མར་གདེང་འཇོག་འཐུས་ཚང་ཞིག་བྱ་བའི་ཆེད་དུ་ཡིན་ཕྱིར། བྱེད་ཐབས་དེ་ལག་བསྟར་ཕན་ནུས་ལྡན་པ་ཞིག་ཡོང་བར་དགེ་རྒན་ལ་འགན་འཁྲི་ཆེན་པོ་ཡོད། དེ་དང་ཆབས་ཅིག་དགེ་རྒན་རྣམས་གདེང་འཇོག་ཐབས་ལམ་དེའི་སྐོར་རྒྱུས་མངའ་དང་མཁྱེན་རྟོགས་དཔྱིས་ཕྱིན་པ་ཞིག་དགོས་རྒྱུ་ནི་རྨང་གཞིའི་ཆ་རྐྱེན་ཞིག་ཡིན། འདིར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་(CBSE)ནས་ཕྱི་ལོ་༢༠༠༥ ལོར་གཏན་འབེབས་བྱས་པའི་གཞི་རིམ་འོག་མར་ཨང་སྡེ་སྤྲོད་ཐབས་ཀྱི་ལམ་སྟོན་དོན་ཚན་རྣམས་བོད་བསྒྱུར་ཞུས་ན་རྒྱ་ཆེའི་བོད་དགེ་རྣམས་ལ་ཟུར་བལྟའི་དཔྱད་གཞིར་འགྱུར་རེ་ཆེ་ཞེས་ཐུགས་སྣང་ཅན་རེ་ཟུང་གིས་བསྐུལ་བའི་འོག དུས་དེབ་ནང་མུ་འགོད་ཞུ་རྒྱུ་ལགས་ན། སྒྱུར་སྟངས་རྐྱེན་གྱིས་ནང་དོན་གསལ་ཁ་དོད་མིན་བྱུང་ཚེ་མ་ཡིག་(www.cbse.nic.in)ལ་དཔྱད་བསྡུར་ངེས་པར་ཡོང་བའི་རེ་སྐུལ་བཅས། སྒྱུར་བ་པོས།
Acad./Dir(Acad.)/༢༠༠༥                    ཡིག་ཨང༌། No.༢༡/༠༥

༄༅། །དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཁྱབ་ཁོངས་ཤེས་རིག་སྡེ་ཁག་ཡོངས་ཀྱི་འགན་འཛིན་ལྷན་རྒྱས་སུ།
                                             ཆེད་ཞུ། དགོངས་མངའ་བཞིན་འདི་ག་ལྷན་ཚོགས་ནས་༢༠༠༤།༦།༡༢ ཉིན་འཁོད་ཡིག་ཨང་༢༥/༠༤ ཅན་དང་ལྷན་འཛིན་རིམ་༡།༢།༣།༤།༥ བཅས་ཀྱི་སྦྱངས་འབྲས་ཟིན་ཐོ་འགོད་སྟངས་མི་འདྲ་བ་གཉིས་ཟུར་བསྲིངས་ཀྱིས། རྒྱུན་མཐུད་དང་ཕྱོགས་ཡོངས་ཀྱི་སྒོ་ནས་སློབ་མའི་སྦྱངས་འབྲས་གདེང་འཇོག་བྱེད་ཐབས་དེ་གཞི་རིམ་འོག་མའི་སློབ་ཁག་ཏུ་ངོ་སྤྲོད་བྱ་རྒྱུར་མཐོང་ཆེན་བྱས་ཡོད། ཚད་གཞི་འདི་གཞི་རིམ་བར་མར་ངོ་སྤྲོད་མ་བྱས་གོང་གཞི་རིམ་འོག་མའི་སློབ་གྲྭ་ཁག་ལ་བཀོལ་སྤྱོད་བྱས་པ་བརྒྱུད་ལག་ལེན་གྱི་དཀའ་ངལ་ཉུང་དུ་གཏོང་ཐབས་བྱས་ཡོད་ལ། ཚད་གཞི་འདིའི་ཁྱད་ཆོས་རྣམས་རང་སོར་གནས་པའི་ཐོག་འདི་ག་ལྷན་ཚོགས་ནས་གཞི་རིམ་འོག་མའི་སློབ་མའི་སྦྱངས་འབྲས་གདེང་འཇོག་ཐད་ལམ་སྟོན་འཕར་མ་ཡང་བྱས་ཡོད། ཨང་སྡེའི་འཇལ་ཚད་(Rating Scales)དེས་སློབ་ཕྲུག་ཚོའི་ཤེས་རིག་(Scholastic)དང་ཤེས་རིག་མ་ཡིན་པའི་(Co-scholastic)ཁྱབ་ཁོངས་མི་འདྲ་བ་ཁག་གི་བྱེད་ནུས་ལ་ཚད་འཇལ་འོས་འཚམས་ཀྱི་སྒོ་ནས་ཨང་སྡེ་སྤྲོད་པར་རོགས་ཕན་བྱེད་ཐུབ།
    ཚད་འཇལ་འདི་ངོ་སྤྲོད་བྱེད་པའི་དམིགས་ཡུལ་ནི། སློབ་ཕྲུག་ཚོའི་འཚར་ལོངས་ཀྱི་གནས་སྟངས་ཕྱོགས་དུ་མ་ནས་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་དེ་ཡིན་ཞེས་ངས་འདིར་བསྐྱར་བཤད་བྱ་རྒྱུ་དང༌། ང་ཚོ་མཉམ་འབྲེལ་གྱི་སྒོ་ནས་གཙང་ཞིང་དྲི་མ་མེད་པའི་བྱིས་དུས་ཀྱི་སློབ་སྦྱོང་དེ་སྤྲོ་ཉམས་དོད་པོ་ཞིག་སླར་གསོ་བྱའོ། །རེ་སྨོན་བཟང་པོ་དང་བཅས། ཤེས་ཡོན་འགན་འཛིན་ནས། ཕྱི་ལོ་༢༠༠༥ ཟླ་༤ ཚེས་༡༢ ཉིན།
 

༄༅། །གཞི་རིམ་འོག་མར་རྒྱུན་མཐུད་དང་ཕྱོགས་ཡོངས་ནས་གདེང་འཇོག་བྱེད་ཐབས་སྐོར་གྱི་ལམ་སྟོན།
རྒྱབ་ལྗོངས།

    ལོ་ཤས་སྔོན་དུ། སློབ་གསོ་མཁས་པ་དང་ཐུགས་སྣང་ཅན་ཁག་ཅིག་གིས་ཤེས་ཡོན་ལམ་ལུགས་སྤྱི་དང་ཁྱད་པར་སློབ་མའི་སྦྱངས་འབྲས་གདེང་འཇོག་བྱེད་སྟངས་ལེགས་བཅོས་བྱ་དགོས་པའི་གཟིགས་ཚུལ་བྱུང་ཡོད། གནད་དོན་དེ་ནི་ཕྱི་ལོ་༡༩༨༦ ལོའི་རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་(NPE,༡༩༨༦)དང༌། ཕྱི་ལོ་༡༩༩༢ ལོའི་ལག་བསྟར་ཁྲིམས་གཞི་(POA,༡༩༩༢)བཅས་སུ་ཤེས་ཡོན་སློབ་སྦྱོང་གི་སྤུས་ཚད་ཐོག་ཤུགས་སྣོན་བརྒྱབ་ཡོད་པའི་ཐོག་ནས་ཀྱང་གསལ་པོ་བྱུང་ཡོད། སྐབས་དེར་གྲོས་འདོན་བྱས་པའི་སྲིད་བྱུས་གལ་ཆེན་ཞིག་ནི། སློབ་གྲྭ་ཁག་ཏུ་སློབ་མའི་སྦྱངས་འབྲས་གདེང་འཇོག་སྐབས་རྒྱུན་མཐུད་དང་ཕྱོགས་ཡོངས་ནས་གདེང་འཇོག་(CCE)བྱེད་པའི་ཐབས་ལམ་སྤྱོད་སྟངས་ངོ་སྤྲོད་བྱས་ཡོད། དེ་རྗེས་ཕྱི་ལོ་༢༠༠༠ ལོར་རྒྱལ་ཡོངས་སློབ་གྲྭའི་སློབ་ཚན་འཆར་འགོད་(NCFSE,༢༠༠༠)ནང་སློབ་གྲྭ་གཞིར་བཟུང་བའི་གདེང་འཇོག་བྱེད་ཐབས་ཀྱི་ཁོངས་སུ། རྒྱུན་མཐུད་དང་ཕྱོགས་ཡོངས་ནས་སློབ་མའི་སྦྱངས་འབྲས་ལ་གདེང་འཇོག་བྱེད་ཐབས་ཀྱི་གཞི་རྩའི་གོ་དོན་བེད་སྤྱོད་བྱས་ཡོད།
    རྒྱུན་མཐུད་དང་ཕྱོགས་ཡོངས་ནས་གདེང་འཇོག་བྱེད་ཐབས་ཞེས་པ་ནི། ཕྱོགས་གཅིག་ནས་རྒྱུན་མཐུད་དང་གདེང་འཇོག་བྱ་རྒྱུ་དང༌། ཕྱོགས་གཞན་ནས་སློབ་སྟོན་གྱི་གྲུབ་འབྲས་རྒྱ་བསྐྱེད་གཏོང་རྒྱུ་བཅས་ཀྱི་དམིགས་ཡུལ་འདི་གཉིས་གཙོ་བོར་འཛིན་པའི་ཤེས་ཡོན་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་ཟེར།
 

འགོ་འཛུགས།

    དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་ཐོག་མར་ཕྱི་ལོ་༡༩༩༨ ལོའི་ཟླ་༤ པའི་སློབ་དུས་སུ་འཛིན་རིམ་དགུ་པ་ནས་བཟུང་འབྲིང་སློབ་ཁག་ཏུ་སློབ་གྲྭ་གཞིར་བཟུང་བའི་གདེང་འཇོག་བྱེད་ཐབས་ཀྱི་འཆར་གཞི་འདི་འགོ་འཛུགས་བྱས་ཡོད།
    ལྷན་ཚོགས་ཀྱི་གཞི་རིམ་བར་མའི་སློབ་ཐོན་ལག་འཁྱེར་གྱི་ཁ་གསབ་ཚུལ་དུ། སློབ་གྲྭ་གཞིར་བཟུང་བའི་གདེང་འཇོག་ལག་འཁྱེར་ནང་སློབ་མའི་ལུས་སེམས་ཀྱི་འཚར་ལོངས་དང༌། རྟོགས་ཤེས་འཚར་ལོངས་ཀྱི་ཆ་ཤས་སུ་གྱུར་པའི་མཛེས་དཔྱོད་ཀྱི་གནས་ཚད་སོགས་ཕྱོགས་ཡོངས་ཀྱི་གྲུབ་འབྲས་ལ་གདེང་འཇོག སློབ་མ་ཚོའི་མི་གཤིས་དང༌། སྤྱི་ཚོགས་འཚོ་བའི་སྤུས་ཚད། རྣམ་འགྱུར། དགའ་མོས་བཅས་ལ་ངོས་འཛིན་དང༌། གཟེངས་བསྟོད། གདེང་འཇོག་བྱས་པ་བརྒྱུད། ལྷན་ཚོགས་ཀྱིས་སློབ་ཕྲུག་རྣམས་དཀའ་ངལ་ལ་གདོང་ལེན་དང༌། རང་གི་སྦས་ནུས་ངོ་མ་ངེས་ཟིན་ཡོང་བའི་ཀུན་སློང་བསྐྱེད་ཐབས་བྱས་ཡོད།

    ཐབས་ལམ་འདི་གཞི་རིམ་འོག་མའི་ནང་རྒྱ་བསྐྱེད་གཏོང་ཕྱོགས།

    འབད་རྩོལ་འདི་དག་ལམ་ལྷོང་ཆེན་པོ་བྱུང་བར་བརྟེན། ལྷན་ཚོགས་ཀྱིས་ཐབས་ལམ་འདི་གཞི་རིམ་འོག་མའི་སློབ་གྲྭ་ཁག་ཏུ་རྒྱ་བསྐྱེད་བྱ་རྒྱུ་གཏན་འཁེལ་བ་དང་ལྷན། སློབ་ཁག་སོ་སོས་ཟླ་དྲུག་ཡིག་རྒྱུགས་སོགས་ཀྱི་སྐབས་ད་ཡོད་རྒྱུགས་སྤྲོད་ལམ་ལུགས་ལག་བསྟར་མཚམས་འཇོག་ཡོང་བའི་གྲོས་འདོན་བྱེད་ཀྱི་ཡོད། ལྷན་ཚོགས་ཀྱིས་ད་དུང་སློབ་མའི་སྦྱངས་འབྲས་ཟིན་ཐོ་འགེངས་ཤོག་གི་མ་དཔེ་ངོ་བཤུས་རེ་སློབ་གྲྭ་སོ་སོར་བཏང་ཡོད་ན། སློབ་ཁག་སོ་སོས་ས་གནས་ཀྱི་དགོས་མཁོ་དང་འཚམས་པའི་དགོས་ངེས་ཀྱི་རྒྱས་བསྡུས་དང་རྐྱོང་སྐུམ་བྱ་ཆོག
    ཡིག་ཆ་འདིའི་སྙིང་དོན་ནི་སྦྱོང་མཁན་རྣམས་ལ་སློབ་སྦྱོང་གི་ཁོར་ཡུག་ཁམས་གཙང་ཞིག་སྤྲོད་རྒྱུ་དང༌། སློབ་མའི་ནུས་རྩལ་འདོན་སྤེལ་ཐད་འགལ་རྐྱེན་མི་འཕྲད་པ་བྱ་རྒྱུ་སྟེ། དེ་ཡང་སྦྱོང་མཁན་གྱི་སློབ་སྦྱོང་གི་དཀའ་ངལ་ངོས་འཛིན་དང་བཅོས་ཐབས་ལམ་སྟོན་བྱ་བའི་ལམ་ནས་ཁོང་ཚོའི་སློབ་སྦྱོང་གི་ནུས་རྩལ་རྒྱུན་བསྟུད་དུ་གོང་སྤེལ་གཏོང་རྒྱུའི་དམིགས་ཡུལ་བཟུང་ཡོད།

            སློབ་མའི་སྦྱངས་འབྲས་སྙན་ཐོ་འགོད་སྟངས།

   སློབ་མའི་ཕྱོགས་མི་འདྲ་བའི་སྦྱངས་འབྲས་སྙན་ཐོ་འགོད་སྐབས། ལྟོས་མེད་ཚད་འཇལ་(Absolute scale)གྱི་སྒོ་ནས་ཐད་ཀར་མ་ཡིན་པའི་གནས་རིམ་ལྔ་བེད་སྤྱོད་བྱེད་ཆོག གནས་རིམ་རྣམས་གཤམ་གསལ་ཨང་ཆ་བགོད་འགྲེམས་བྱེད་ཐབས་གཞིར་བཟུང་ཡོད།

A* རྩེ་ཕུད། ༩༠% – ༡༠༠%
A ཕུལ་བྱུང༌། ༧༥% – ༨༩%
B ཧ་ཅང་ལེགས། ༥༦% – ༧༤%
C ལེགས། ༣༥% –  ༥༥%
D ཡར་རྒྱས་ཡོང་རྒྱུ། ༣༥% མན།

    སློབ་མར་ཨང་སྡེ་སྤྲོད་སྐབས་སྦྱངས་འབྲས་འགེངས་ཤོག་ནང་ཟིན་ཐོ་བཀོད་པའི་ཨང་ཆ་རྩིས་རྒྱག་དགོས། དེ་ཡང་སློབ་མ་སོ་སོའི་གྲུབ་འབྲས་གོང་གི་བརྒྱ་ཆའི་སྡེ་ཚན་གང་དུ་སླེབས་མིན་གཞིར་བཟུང་ཐོག་སྤྲོད་དགོས། སློབ་མའི་གྲུབ་འབྲས་ཤེས་རིག་དང་ཤེས་རིག་མ་ཡིན་པའི་གྲུབ་འབྲས་གནས་ཚད་ངེས་ཅན་ཞིག་ལ་དམིགས་བསལ་རྒྱུ་མཚན་འགྲེལ་བརྗོད་བྱས་ཆོག འགྲེལ་བརྗོད་འདི་རིགས་ཀྱིས་ཕ་མ་དང་སློབ་ཕྲུག་རང་ལ་དོན་གནད་དེའི་ཐོག་ཧུར་བརྩོན་སྔར་ལྷག་བྱ་བའི་ཐབས་རྩལ་མཁོ་འདོན་བྱ་ངེས་ཡིན།
    དེར་བརྟེན། རྒྱུན་མཐུད་དང་ཕྱོགས་ཡོངས་ནས་གདེང་འཇོག་བྱེད་ཐབས་དེ་ནི་རྒྱུན་མཐུད་ཀྱི་བརྟག་དཔྱད་དང༌། བཅོས་ཐབས། སྐུལ་འདེད། སྦྱངས་འབྲས་ཁག་ཐེག་བཅས་ཀྱི་ཐབས་ལམ་ལ་བརྟེན་ནས་སློབ་མའི་ཕྱོགས་ཡོངས་ཀྱི་གྲུབ་འབྲས་གོང་སྤེལ་གཏོང་བྱེད་ཀྱི་གྲོས་འདོན་ཕན་ནུས་ཅན་ཞིག་ཡིན་སྟབས། དེར་སློབ་མའི་མི་གཤིས་ཀྱི་ཕྱོགས་མང་འཛུགས་སྐྲུན་བྱ་བར་སློབ་སྤྱི་དང༌། དགེ་རྒན། ཕ་མ་རྣམ་པའི་མཉམ་འབྲེལ་དང་རྒྱབ་སྐྱོར་དགོས་པ་ཡིན། གཤམ་དུ་ཟུར་བཀོད་བྱས་པའི་ཨང་སྤྲོད་ཚད་གཞི་འདིས། དགེ་རྒན་རྣམས་ལ་སློབ་མའི་གནས་ཚད་དཔགས་པའི་ཨང་སྡེ་མི་འདྲ་བ་སྤྲོད་སྟངས་ཐོག་ཕན་ཐོགས་འབྱུང་རེ་ཡོད།

༄༅། །གཞི་རིམ་འོག་མའི་སློབ་མའི་སྦྱངས་འབྲས་ལ་རྒྱུན་མཐུད་དང་ཡོངས་ཁྱབ་ཀྱི་སྒོ་ནས་གདེང་འཇོག་བྱེད་ཐབས།དབུས་འབྲིང་རིམ་སློབ་གསོ་ལྷན་ཚོགས་ནས།

གཞི་རིམ་འོག་མའི་སྐད་ཡིག་སློབ་ཚན།(འཛིན་རིམ་དང་པོ་དང་གཉིས་པ།)

དང་པོ། ཀློག་རྩལ།(Reading skills)
༡།    སྒྲ་གདངས།(སྐྱོར་འདོན་དང་སྦྱོར་ཀློག)
A*    མིང་ཚིག་གསར་པ་ཁག་སྒྲ་གདངས་དག་པོའི་སྒོ་ནས་མ་ནོར་བར་ཤར་ཀློག་ཐུབ་པ།
A    མིང་ཚིག་གསར་པ་ཕལ་ཆེ་བ་སྒྲ་གདངས་དག་པོའི་སྒོ་ནས་མ་ནོར་བར་ཀློག་ཐུབ་པ།
B    དགེ་རྒན་གྱི་ལམ་སྟོན་འོག་མིང་ཚིག་གསར་པ་ཁག་སྒྲ་གདངས་དག་པོའི་སྒོ་ནས་ཀློག་ཐུབ་པ།
C    མིང་ཚིག་གསར་པ་མང་ཆེ་བ་སྒྲ་གདངས་དག་པོའི་སྒོ་ནས་མ་ནོར་བར་ཤར་ཀློག་མི་ཐུབ་པ།
D    དགེ་རྒན་གྱི་ལམ་སྟོན་ལ་མ་བརྟེན་པར་མིང་ཚིག་གསར་པ་ཁག་སྒྲ་དག་པོའི་སྒོ་ནས་རྩ་བ་ནས་ཀློག་མི་ཐུབ་པ། 

༢། བྱང་ཆ།(Fluency)
A*    མགྱོགས་ཚད་དང༌། སྒྲ་གདངས། ཉམས་འགྱུར་བཅས་འོས་འཚམས་ཀྱི་སྒོ་ནས་ཚིག་སྒྲུབ་སྟབས་བདེ་ཀློག་ཐུབ་པ།
A    སྐབས་འགར་བརྡ་སྟོན་བྱས་ན་ཚིག་སྒྲུབ་སྟབས་བདེ་ཁག་བྱང་རྩལ་ལྡན་པའི་ངང་ཀློག་ཐུབ་པ།
B    ཚིག་སྒྲུབ་སྟབས་བདེ་ཀློག་ཐུབ་ནའང༌། དུས་ཡུན་འགོར་ཞིང་མགྱོགས་ཚད་དང་ཉམས་འགྱུར་མི་ལྡན་པ།
C    ལམ་སྟོན་དང་བརྡ་སྟོན་མེད་ན་ཚིག་སྒྲུབ་སྟབས་བདེ་ཁག་ཀློག་འདོན་མི་ཐུབ་པ།
D    ཚིག་སྒྲུབ་སྟབས་བདེ་ཁག་ཀློག་སྐབས་འགག་ཐོགས་མང་ཞིང༌། དུས་གཅིག་ཏུ་ཚིག་རེ་རེ་ལས་ཀློག་མི་ཐུབ་པ།
༣། གོ་རྟོགས།(Comprehension)
A*    སྒྲུང་དང་ཚིག་སྒྲུབ་བཀླགས་ཏེ་གོ་དོན་རྟོགས་ཐུབ་ལ། དེའི་དྲི་བ་ཚང་མའི་ལན་འདེབས་ཐུབ་པ།
A    དྲི་བ་ཕལ་ཆེ་བའི་ལན་འདེབས་མ་ནོར་བ་བྱེད་ཐུབ་པ།
B    དགེ་རྒན་གྱི་ལམ་སྟོན་ལ་བརྟེན་ན་གོ་དོན་ཤེས་རྟོགས་ཐུབ་པ།
C    དུས་སྐབས་ཕལ་ཆེ་བར་རང་རྐྱ་འཕེར་བའི་སྒོ་ནས་ཚིག་སྒྲུབ་ཀྱི་གོ་དོན་རྟོགས་མི་ཐུབ་པས། གཞན་གྱི་རོགས་རམ་ལ་བརྟེན་དགོས་པ།
D    གོ་དོན་རྩ་བ་ནས་ཤེས་རྟོགས་མི་ཐུབ་པར་དུས་དང་རྣམ་པ་ཀུན་ཏུ་དགེ་རྒན་གྱི་རོགས་རམ་ལ་བརྟེན་དགོས་པ།

གཉིས་པ། འབྲི་རྩལ།(Writting skills)
༡།    གསར་གཏོད་ཀྱི་འབྲི་རྩལ།(Creative writting)
A*    བརྗོད་གཞི་ཞིག་གི་ཐོག་འབྲེལ་ལྡན་གྱི་ཚིག་རྐང་གསུམ་མམ། བཞི། ལྔ་ཙམ་དཔེ་མཚོན་དང་བཅས་འབྲི་ཐུབ་པ། མིང་གཉིས་དབར་འབྲེལ་སྒྲས་སྦྲེལ་ཏེ་བཀོལ་སྤྱོད་ཐུབ་པ། མིང་ཚིག་གསར་པ་བེད་སྤྱོད་བྱེད་པའི་འབད་རྩོལ་བྱེད་པ།
A    བརྗོད་གཞི་ཞིག་གི་ཐོག་ཚིག་རྐང་གསུམ་མམ་བཞི་ཙམ་མ་ནོར་བར་འབྲི་ཐུབ་ནའང༌། རང་ངོས་ནས་མིང་ཚིག་གསར་པ་འབྲི་མི་ཐུབ་པ།
B    བརྗོད་གཞི་ཞིག་གི་ཐོག་ཚིག་རྐང་ཁ་ཤས་འབྲི་ཐུབ་ནའང༌། དགེ་རྒན་གྱི་ལམ་སྟོན་འོག་རང་ངོས་ནས་འབད་རྩོལ་མང་དུ་བྱ་དགོས་པ།
C    བརྗོད་གཞི་ཞིག་དང་འབྲེལ་བའི་ཚིག་སྒྲུབ་གསུམ་བཞི་ཙམ་འབྲི་མི་ཐུབ་པ། དུས་དང་རྣམ་པ་ཀུན་ཏུ་དགེ་རྒན་གྱི་བརྡ་སྟོན་ལ་བརྟེན་དགོས་པ།
D    དུས་དང་རྣམ་པ་ཀུན་ཏུ་དགེ་རྒན་གྱི་རོགས་རམ་ལ་བརྟེན་དགོས་པ།
༢།    ཡིག་གཟུགས།(Handwritting(Cursive))
A*    ཡི་གེ་རྣམས་གྲ་འགྲིགས་ཤིང་ཀློག་བལྟ་བདེ་བ། ཡིག་འབྲུ་སོ་སོའི་བཟོ་དབྱིབས་མ་ནོར་བར་འབྲི་ཐུབ་པ།
A    སྐབས་རེར་གྲ་དག་ཅིང་བལྟ་ཀློག་བདེ་བ། བཤུ་འབྲི་བྱས་པར་ནོར་འཁྲུལ་མི་ཐོན་པ།
B    ཡིག་གཟུགས་བལྟ་ཀློག་ཐུབ་པ་ཡོད་ནའང༌། སྐབས་འགར་ཡིག་གཟུགས་ལེགས་པོ་མེད་ཅིང༌། བཤུ་འབྲིའི་སྐབས་ནོར་འཁྲུལ་ཡང་ཐོན་པ།
C    དུས་རྒྱུན་དུ་ཡིག་གཟུགས་གྲ་དག་པོ་མེད་ཅིང༌། བཤུ་འབྲིའི་སྐབས་ནོར་འཁྲུལ་དུ་མ་ཐོན་པ།
D    སློབ་མའི་ཡིག་གཟུགས་ཧ་ཅང་མི་ལེགས་པས་བལྟ་ཀློག་བྱ་ཐབས་བྲལ་བ།
༣།    བརྡ་སྤྲོད།(Grammar)
A*    ཚིག་གི་གཅོད་མཚམས་ཀྱི་བརྡ་རྟགས་མ་ནོར་བའི་སྒོ་ནས་ཚིག་སྒྲུབ་སྟབས་བདེ་རང་ངོས་ནས་བཟོ་ཐུབ་པ།
A    ཚིག་སྒྲུབ་ཡང་དག་མང་པོ་བཟོ་ཐུབ་ནའང༌། གཅོད་མཚམས་ཀྱི་བརྡ་རྟགས་འབྲི་རྒྱུ་དེ་ཙམ་འཇོན་པོ་མཻད་པ།
B    ནོར་འཁྲུལ་མེད་པའི་ཚིག་སྒྲུབ་བཟོ་མི་ཐུབ་པ། གཅོད་མཚམས་ཀྱི་བརྡ་རྟགས་ཐད་དཀའ་ངལ་ཡོད་པ།
C    ཚིག་སྒྲུབ་ཐུང་ངུའི་རིགས་བཟོ་ཐུབ་ནའང༌། དེའང་དུས་རྒྱུན་རོགས་རམ་ལ་བརྟེན་དགོས་པ།
D    ཚིག་སྒྲུབ་ཡང་དག་བཟོ་མི་ཐུབ་པ། རོགས་རམ་ཤུགས་ཆེར་དགོས་པ།
༤།    དག་ཆ།(Spelling)
A*    སློབ་དེབ་སྟེང་གི་མིང་ཚིག་ཕལ་ཆེ་བའི་དག་ཆ་མ་ནོར་བར་སྐྱོར་ཐུབ་པ་མ་ཟད། དག་ཆ་དེ་དག་སྒྲ་མཚུངས་པའི་མིང་ཚིག་གཞན་དག་ལའང་བེད་སྤྱོད་བྱ་ཐུབ་པ།
A    སློབ་དེབ་སྟེང་གི་ཡི་གེའི་དག་ཆ་སྐྱོར་ཐུབ་ནའང༌། སྐབས་རེར་ནོར་འཁྲུལ་ཡང་འབྱུང༌། དག་ཆ་དེ་རིགས་སྒྲ་མཚུངས་པའི་མིང་ཚིག་གཞན་དག་ལའང་སྤྱོད་ཐུབ་པ།
B    ཡི་གེའི་དག་ཆ་སྐྱོར་སྐབས་ནོར་འཁྲུལ་འགའ་ཤས་ཐོན་པ། མཚམས་མཚམས་སུ་ཤེས་ཟིན་པའི་དག་ཆ་རྣམས་སྒྲ་མཚུངས་པའི་མིང་ཚིག་གཞན་དག་ལ་སྤྱོད་ཐུབ་པ།
C    ཡི་གེའི་དག་ཆ་སྐྱོར་སྐབས་ནོར་འཁྲུལ་མང་པོ་ཐོན་པ། ཤེས་ཟིན་པའི་དག་ཆ་དེ་སྒྲ་མཚུངས་པའི་མིང་ཚིག་གཞན་དག་ལ་སྤྱོད་མི་ཐུབ་པ།
D    དག་ཆའི་ཐད་ནོར་འཁྲུལ་ཧ་ཅང་མང་པོ་ཐོན་པ།
༥།    ཚིག་གསར།(Vocabulary)
A*    མིང་ཚིག་རྒྱ་ཆེ་ཙམ་ཤེས་པ། ཡིག་འབྲིའི་སྐབས་མིང་ཚིག་གསར་པ་མང་དུ་བེད་སྤྱོད་བྱེད་པ།
A    མིང་ཚིག་མང་ཙམ་ཤེས་པ། དུས་རྒྱུན་མིང་ཚིག་གསར་པ་འབྲི་བའི་འབད་རྩོལ་མང་དུ་བྱེད་པ།
B    མཚམས་མཚམས་ལ་མིང་ཚིག་གསར་པ་བེད་སྤྱོད་བྱེད་པ།
C    མིང་ཚིག་གསར་པ་རྩ་ནས་བེད་སྤྱོད་མི་བྱེད་པ། མིང་ཚིག་གི་ཤེས་བྱ་དེ་སྔར་བསླབས་ཁོ་ནར་བརྟེན་པ།
D    མིང་ཚིག་གསར་པའི་ཤེས་ཚད་ཧ་ཅང་ཞན་པ།

གསུམ་པ། ངག་རྩལ།(Speaking skills)

༡།    བཤད་པ།(Conversation)
A*    བྱང་ཆ་ལྡན་པའི་ངང་སྐད་ཆ་ཐུབ་ཅིང༌། གནས་སྟངས་ལ་གཞིགས་ཏེ་བརྡ་ལན་མ་ནོར་བར་བྱ་ཐུབ་པ།
A    སྐད་ཆ་ཤར་མར་བཤད་ཐུབ་ཅིང༌། དུས་སྐབས་ཕལ་ཆེ་བར་གནས་སྟངས་ལ་དཔགས་ཏེ་བརྡ་ལན་མ་ནོར་བར་བྱ་ཐུབ་ནའང༌། མིང་ཚིག་བེད་སྤྱོད་ཚད་ལྡན་མི་ཐུབ་པ།
B    དུས་རྒྱུན་སྐད་ཆ་ཤོད་སྐབས་བྱང་ཆ་དེ་ཙམ་མེད་པ། བརྡ་ལན་བྱ་སྐབས་ལམ་སྟོན་ལ་བརྟེན་དགོས་པ།
C    སྐད་ཆ་ཤོད་སྐབས་ཚད་གཞི་དམའ་པོ་ཞིག་གི་ཐོག་ནས་མ་གཏོགས་བཤད་མི་ཐུབ་པ།
D    གཞན་གྱི་རོགས་རམ་ལ་མ་བརྟེན་པར་སྐད་ཆ་ཚད་ལྡན་བཤད་མི་ཐུབ།
༢།    སྐྱོར་འདོན།(Recitation)
A*    སྒྲ་གདངས་དག་ཅིང༌། ཚིག་གི་གཅོད་མཚམས་དང་མགྱོགས་ཚད་འཚམ་པོའི་སྒོ་ནས་སྙན་ཚིག་ངག་སྐྱོར་ཐུབ་པ།
A    ཚིག་གི་གཅོད་མཚམས་དང་མགྱོགས་ཚད་འཚམ་པོའི་སྒོ་ནས་སྙན་ཚིག་བློ་སྐྱོར་བྱེད་ཐུབ་ནའང༌། སྐབས་འགར་སྒྲ་གདངས་སམ་མིང་ཚིག་ཐད་ནོར་འཁྲུལ་འབྱུང་བ།
B    དགེ་རྒན་གྱི་བརྡ་སྟོན་ལ་བརྟེན་ནས་སྙན་ཚིག་བློ་སྐྱོར་ཐུབ་ནའང༌། ཉམས་འགྱུར་དང་གཅོད་མཚམས་གསལ་པོ་དེ་ཙམ་མེད་པ།
C    བརྡ་སྟོན་གྱི་རོགས་རམ་ལ་བརྟེན་ནས་སྙན་ཚིག་ཧྲིལ་པོ་ཞིག་བློ་སྐྱོར་ཐུབ་ནའང༌། སྒྲ་གདངས་དང་ཉམས་འགྱུར་ཚད་ལྡན་མེད་པ།
D    སྙན་ཚིག་ཧ་ཅང་ཐུང་ངུའི་རིགས་མ་གཏོགས་བློ་སྐྱོར་མི་ཐུབ་པ། དེ་ཡང་གཞན་གྱི་རོགས་རམ་ལ་བརྟེན་དགོས་པ།

བཞི་པ། ཉན་རྩལ།(Listening skills)

༡།    གོ་སྟོབས།(Comprehension)
A*    ངག་ཐོག་གི་དྲི་བ་དང༌། སློབ་སྟོན། སྒྲུང༌། སྙན་ཚིག་བཅས་ཀྱི་གོ་དོན་ཤེས་རྟོགས་ཐུབ་པ།
A    དུས་སྐབས་ཕལ་ཆེ་བར་ངག་ཐོག་གི་དྲི་བ་དང༌། སློབ་སྟོན། སྒྲུང༌། སྙན་ཚིག་བཅས་ཀྱི་གོ་དོན་ཤེས་རྟོགས་ཐུབ་པ།
B    ངག་ཐོག་གི་དྲི་བ་དང༌། སློབ་སྟོན། སྒྲུང༌། སྙན་ཚིག་བཅས་ཀྱི་གོ་དོན་ཤེས་རྟོགས་ཡོང་བར་དཀའ་ངལ་ཡོད་པས། དུས་རྒྱུན་ལམ་སྟོན་དགོས་པ།
C    ངག་ཐོག་གི་དྲི་བ་དང༌། སློབ་སྟོན། སྒྲུང༌། སྙན་ཚིག་བཅས་ཀྱི་གོ་དོན་ཤེས་རྟོགས་ཡོང་བར་དཀའ་ངལ་ཡོད་པས། དུས་རྒྱུན་སྟབས་བདེ་དང་སྐད་སྒྱུར་ལ་བརྟེན་དགོས་པ།
D    སློབ་ཁྲིད་སྐབས་གོ་སྟོབས་ཧ་ཅང་ཞན་པས། དུས་རྟག་ཏུ་རང་གི་མ་སྐད་ཀྱི་སྐད་སྒྱུར་ལ་བརྟེན་དགོས་པ།

གཞི་རིམ་འོག་མའི་སྐད་ཡིག་སློབ་ཚན།(འཛིན་རིམ་གསུམ་པ། བཞི་པ། ལྔ་པ།)

དང་པོ། ཀློག་རྩལ།(Reading skills)

༡།    སྒྲ་གདངས།(སྐྱོར་འདོན་དང་སྡུད་ཀློག)
A*    སྒྲུང་ཐུང་དང༌། རྩོམ་ཐུང་རིགས་རང་ངོས་ནས་ཀློག་ཐུབ་པ་མ་ཟད། སྒྲ་གདངས་དེ་དག་སྤྱད་དེ་མིང་ཚིག་གསར་པ་ཁག་གི་གོ་དོན་ཤེས་རྟོགས་ཐུབ་པ།
A    སྒྲུང་ཐུང་དང༌། རྩོམ་ཐུང་རིགས་རང་ངོས་ནས་ཀློག་ཐུབ་པ་མ་ཟད། དུས་སྐབས་ཕལ་ཆེ་བར་སྒྲ་གདངས་དེ་དག་སྤྱད་དེ་མིང་ཚིག་གསར་པ་ཁག་གི་གོ་དོན་ཤེས་རྟོགས་ཐུབ་པ།
B    མགྱོགས་ཚད་མི་འདྲ་བའི་སྒོ་ནས་སྒྲུང་ཐུང་རིགས་ཀློག་ཐུབ་ནའང༌། སྐབས་རེར་དགེ་རྒན་གྱི་ལམ་སྟོན་ལ་བརྟེན་དགོས་པ།
C    མགྱོགས་ཚད་མི་འདྲ་བའི་སྒོ་ནས་སྒྲུང་ཐུང་རིགས་ཀློག་ཐུབ་ནའང༌། དུས་སྐབས་ཕལ་ཆེ་བར་དགེ་རྒན་གྱི་ལམ་སྟོན་ལ་བརྟེན་དགོས་པ།
D    དགེ་རྒན་གྱི་ལམ་སྟོན་ལ་མ་བརྟེན་པར་ཀློག་མི་ཐུབ་པ། 
༢། བྱང་ཆ།(Fluency)
A*    ཚིག་སྒྲུབ་རིང་ཐུང་ཅི་རིགས་མགྱོགས་ཚད་དང༌། སྒྲ་གདངས། ཉམས་འགྱུར་བཅས་འོས་འཚམས་ཀྱི་སྒོ་ནས་ཤར་ཀློག་ཐུབ་པ།
A    ཚིག་སྒྲུབ་རིང་ཐུང་ཅི་རིགས་མགྱོགས་ཚད་ལྡན་པའི་སྒོ་ནས་ཤར་ཀློག་ཐུབ་ནའང༌། སྐབས་འགར་བརྡ་སྟོན་ལ་བརྟེན་དགོས་པ།
B    ཚིག་སྒྲུབ་སྟབས་བདེ་ཀློག་ཐུབ་ནའང༌། དུས་ཡུན་འགོར་ཞིང༌། མགྱོགས་ཚད་དང་ཉམས་འགྱུར་མི་ཐོན་པ།
C    ལམ་སྟོན་དང་བརྡ་སྟོན་ལ་མང་དུ་བརྟེན་པ་བརྒྱུད་ཚིག་སྒྲུབ་སྟབས་བདེ་ཁག་ཀློག་འདོན་ཐུབ་པ།
D    ཚིག་སྒྲུབ་སྟབས་བདེ་ཁག་ཀློག་སྐབས་འགག་ཐོགས་མང་བ། དུས་རྟག་པར་རོགས་རམ་ལ་བརྟེན་དགོས་པ།
༣། གོ་རྟོགས།(Comprehension)
A*    སློབ་དེབ་ཀློག་ཐུབ་པ་དང་གོ་དོན་རྟོགས་ཐུབ་པ། དེའི་དྲི་བ་ཚང་མའི་ལན་མ་ནོར་བར་འདེབས་ཐུབ་པ།
A    སློབ་དེབ་ཀློག་ཐུབ་པ་དང་གོ་དོན་རྟོགས་ཐུབ་པ། དེའི་དྲི་བ་ཕལ་ཆེ་བའི་ལན་མ་ནོར་བར་འདེབས་ཐུབ་པ།
B    སློབ་དེབ་ཀློག་ཐུབ་པ་དང་གོ་དོན་རྟོགས་ཐུབ་པ། དེའི་དྲི་བ་ཁ་ཤས་ཤིག་གི་ལན་མ་ནོར་བར་འདེབས་ཐུབ་པ།
C    དགེ་རྒན་གྱི་རོགས་རམ་ལ་བརྟེན་ན་སློབ་དེབ་ཀློག་ཐུབ་པ་དང་གོ་དོན་རྟོགས་ཐུབ་པ།
D    སློབ་དེབ་ནང་གི་ཡི་གེའི་གོ་དོན་རྩ་བ་ནས་ཤེས་རྟོགས་མི་ཐུབ་པ།

གཉིས་པ། འབྲི་རྩལ།(Writting skills)
༡།    གསར་གཏོད་ཀྱི་འབྲི་རྩལ།(Creative writting)
A*    ལན་ཐུང་དྲི་བའི་སྒྲུང་ཐུང་དང་དུམ་ཚན་སྐྱོན་མེད་ཁག་འབྲི་ཐུབ་པ། མིང་ཚིག་སྤྱོད་སྟངས་དང་གཏན་ཚིགས་ཀྱི་གོ་རིམ་སྒྲིག་སྟངས་ཐད་ནོར་སྐྱོན་མེད་པ།
A    བརྗོད་གཞི་ཞིག་གི་ཐོག་སྒྲུང་ཐུང་དང་དུམ་ཚན་གང་ལེགས་འབྲི་ཐུབ་པ། བརྗོད་བྱ་སྒྲིག་སྟངས་ཀྱི་གོ་རིམ་སྤྱིར་བཏང་གང་ལེགས་ཡོད་པ།
B    སྒྲུང་ཐུང་དང་བརྗོད་པ་དུམ་བུ་རེ་འབྲི་ཐུབ་ནའང༌། ནོར་སྐྱོན་རེ་འགའ་འབྱུང་བ།
C    ཚིག་རྒྱན་དང་འབྲེལ་བའི་བརྗོད་པ་ཐུང་ངུ་རང་ངོས་ནས་འབྲི་ཐུབ་ནའང༌། བརྡ་སྤྲོད་ཐད་ནོར་སྐྱོན་ཡོད་པ།
D    རང་ངོས་ནས་ཚིག་སྒྲུབ་ཐུང་ངུ་ཞིག་ཀྱང་འབྲི་མི་ཐུབ་པར་ནོར་སྐྱོན་མང་དུ་འབྱུང་བ།
༢།    ཡིག་གཟུགས།(Handwritting (Cursive))
A*    ཡི་གེའི་ལྷུ་རྐང་སྒྲིག་སྟངས་ནོར་སྐྱོན་མེད་པ། བྲིས་གཟུགས་གཙང་ཞིང་འདྲ་ཆགས་པ། བཤུ་འབྲིའི་སྐབས་ནོར་སྐྱོན་མེད་པ།
A    ཡི་གེ་གྲ་འགྲིགས་ཤིང་བཤུ་འབྲིའི་སྐབས་ནོར་སྐྱོན་མེད་མོད། སྐབས་རེར་འབྲི་སྟངས་ཚུལ་ལྡན་མ་ཡིན་པ་ཐོན་པ།
B    ཡིག་གཟུགས་གྲ་དག་པོ་ཡོད་ནའང༌། སྐབས་འགར་ཡིག་གཟུགས་ལེགས་པོ་མེད་པ་དང༌། བཤུ་འབྲིའི་སྐབས་ནོར་འཁྲུལ་ཡང་འབྱུང་བ།
C    ཡིག་གཟུགས་གྲ་དག་པོ་མེད་ཅིང༌། བཤུ་འབྲིའི་སྐབས་ནོར་འཁྲུལ་མང་དུ་ཐོན་པ།
D    དུས་རྒྱུན་དུ་ཡིག་གཟུགས་དག་གཙང་མེད་པ།
༣།    བརྡ་སྤྲོད།(Grammar)
A*    ཡང་དག་པའི་སྒོ་ནས་ཚིག་སྒྲུབ་བཟོ་ཐུབ་པ།
A    དུས་སྐབས་ཕལ་ཆེ་བར་ཡང་དག་པའི་སྒོ་ནས་ཚིག་གྲུབ་བཟོ་ཐུབ།
B    ནོར་འཁྲུལ་ཉུང་ཤས་ལས་མ་ཐོན་པའི་སྒོ་ནས་ཚིག་སྒྲུབ་བཟོ་ཐུབ་པ།
C    ནོར་སྐྱོན་མང་པོའི་སྒོ་ནས་ཚིག་སྒྲུབ་བཟོ་ཐུབ་པ།
D    ཚིག་སྒྲུབ་ཡང་དག་བཟོ་མི་ཐུབ་པ། རོགས་རམ་ཤུགས་ཆེར་བྱ་དགོས་པ།
༤།    དག་ཆ།(Spelling)
A*    སློབ་དེབ་སྟེང་གི་མིང་ཚིག་ཡོད་ཚད་ཀྱི་དག་ཆ་མ་ནོར་བར་སྐྱོར་ཐུབ་པ་མ་ཟད། མིང་ཚིག་གསར་པའི་དག་ཆ་ཤེས་པར་འབད་བརྩོན་བྱེད་པ།
B    དུས་སྐབས་ཕལ་ཆེ་བར་སློབ་དེབ་སྟེང་གི་ཡི་གེའི་དག་ཆ་སྐྱོར་ཐུབ་ནའང༌། སྐབས་རེར་འགག་ཐོགས་འབྱུང་བ།
C    ཡི་གེའི་དག་ཆ་སྐྱོར་ཐུབ་ནའང༌། མཚམས་མཚམས་ལ་ནོར་འཁྲུལ་ཐོན་པ།
D    དག་ཆའི་ཐོག་ནོར་འཁྲུལ་མང་པོ་ཐོན་པ།
E    དག་ཆ་ཡག་པོ་བློ་ངེས་མི་ཐུབ་པས། དུས་རྒྱུན་དུ་རོགས་རམ་དགོས་ངེས་ཡིན་པ།
༥།    ཚིག་གསར།(Vocabulary)
A*    མིང་ཚིག་ཕུན་སུམ་ཚོགས་པ། དུས་རྒྱུན་འབྲི་བརྗོད་སྐབས་མིང་ཚིག་གསར་པ་མང་དུ་བེད་སྤྱོད་པ།
A    མིང་ཚིག་མང་ཙམ་ཤེས་པ། དུས་རྒྱུན་མིང་ཚིག་གསར་པ་བཀོལ་སྤྱོད་ཀྱི་འབད་བརྩོན་མང་དུ་བྱེད་པ།
B    མིང་ཚིག་གང་འཚམ་ཤེས་ཤིང༌། མཚམས་རེར་མིང་ཚིག་གསར་པའང་བེད་སྤྱོད་བྱེད་པ།
C    མིང་ཚིག་ཚད་ངེས་ཅན་ཞིག་ལས་མི་ཤེས་པ། མིང་ཚིག་གི་ཤེས་བྱ་དེ་སྔར་བསླབས་ཁོ་ནར་བརྟེན་པ།
D    མིང་ཚིག་གི་རྒྱ་ཚད་དང་གྲངས་འབོར་གང་ཅིའི་ཐད་ཧ་ཅང་ཞན་པ།

གསུམ་པ། ངག་རྩལ།(Speaking skills)

༡།    བཤད་པ།(Conversation)
A*    བྱང་ཆ་ལྡན་པའི་ངང་སྐད་ཆ་བཤད་ཐུབ་ཅིང༌། གནས་སྟངས་ལ་གཞིགས་ཏེ་བརྡ་ལན་མ་ནོར་བར་བྱ་ཐུབ་པ། དུས་རྒྱུན་གྱི་དོན་རྐྱེན་དང་མཐོང་ཐོས་འགྲེལ་བརྗོད་ཐུབ་པ། སྤྲད་ཟིན་པའི་བརྗོད་གཞིའི་ཐོག་བགྲོ་གླེང་བྱེད་ཐུབ་པ།
A    དུས་སྐབས་ཕལ་ཆེ་བར་བྱང་ཆ་ལྡན་པའི་ངང་སྐད་ཆ་བཤད་ཐུབ་ཅིང༌། གནས་སྟངས་ལ་དཔགས་པའི་བརྡ་ལན་འོས་འཚམས་བྱ་ཐུབ་ནའང༌། སྐད་ཆའི་ཁྲོད་ཀྱི་མིང་ཚིག་བེད་སྤྱོད་ཚད་ལྡན་ཞིག་མི་ཐུབ་པ། འབད་བརྩོན་ཆེན་པོའི་སྒོ་ནས་དུས་རྒྱུན་གྱི་དོན་རྐྱེན་དང་མཐོང་ཐོས་འགྲེལ་བརྗོད་དང༌། སྤྲད་ཟིན་པའི་བརྗོད་གཞིའི་ཐོག་བགྲོ་གླེང་བྱ་ཐུབ་པ།
B    དུས་རྒྱུན་སྐད་ཆ་ཤོད་སྐབས་སྐབས་རེར་བྱང་ཆ་དེ་ཙམ་མི་ལྡན་པ། བརྡ་ལན་བྱེད་སྐབས་དུས་ཡུན་འགོར་བ། དུས་སྐབས་ཕལ་ཆེ་བར་གཞན་གྱི་བརྡ་སྟོན་ལ་བརྟེན་དགོས་པ།
C    སྐད་ཆ་ཤོད་སྐབས་བྱང་རྩལ་མེད་པ།
D    དུས་སྐབས་ཕལ་ཆེ་བར་གཞན་གྱི་རོགས་རམ་ལ་བརྟེན་དགོས་པ།
༢།    སྐྱོར་འདོན།(Recitation)
A*    སྒྲ་གདངས་དག་ཅིང༌། ཚིག་གི་གཅོད་མཚམས་ལྡན་པ། ཉམས་འགྱུར་དང་མགྱོགས་ཚད་འཚམ་པོའི་སྒོ་ནས་སྙན་ཚིག་དང་སྒྲུང་ཐུང་ངག་སྐྱོར་ཐུབ་པ།
A    སྒྲ་གདངས་དག་ཅིང༌། ཚིག་གི་གཅོད་མཚམས་ལྡན་པ། ཉམས་འགྱུར་དང་མགྱོགས་ཚད་འཚམ་པོའི་སྒོ་ནས་སྙན་ཚིག་དང་སྒྲུང་ཐུང་ངག་སྐྱོར་ཐུབ་ནའང༌། སྐབས་འགར་སྒྲ་གདངས་སོགས་བརྗེད་ངེས་ཀྱི་དབང་གིས་ནོར་འཁྲུལ་འབྱུང་བ།
B    དགེ་རྒན་གྱི་བརྡ་སྟོན་ལ་བརྟེན་ནས་སྙན་ཚིག་དང་སྒྲུང་ཐུང་ངག་སྐྱོར་ཐུབ་ནའང༌། ཉམས་འགྱུར་དང་གཅོད་མཚམས་གསལ་པོ་དེ་ཙམ་མེད་པ།
C    བརྡ་སྟོན་གྱི་རོགས་རམ་ལ་མ་བརྟེན་པར་སྙན་ཚིག་དང་སྒྲུང་ཐུང་ཧྲིལ་པོ་ཞིག་ངག་སྐྱོར་མི་ཐུབ་པ། སྒྲ་གདངས་དང་ཉམས་འགྱུར་ཚད་ལྡན་མེད་པ།
D    ངག་སྐྱོར་གྱི་ནུས་རྩལ་ཧ་ཅང་ཞན་པ། ཉམས་འགྱུར་ཡང་འདོན་མི་ཐུབ་པ།

བཞི་པ། ཉན་རྩལ།(Listening skills)

༡།    གོ་སྟོབས།(Comprehension)
A*    ངག་ཐོག་གི་དྲི་བ་དང༌། སློབ་སྟོན། སྒྲུང༌། སྙན་ཚིག་བཅས་ཀྱི་ནང་དོན་ཤེས་རྟོགས་ཐུབ་པ།
A    དུས་སྐབས་ཕལ་ཆེ་བར་ངག་ཐོག་གི་དྲི་བ་དང༌། སློབ་སྟོན། སྒྲུང༌། སྙན་ཚིག་བཅས་ཀྱི་ནང་དོན་ཤེས་རྟོགས་ཐུབ་པ།
B    ངག་ཐོག་གི་དྲི་བ་དང༌། སློབ་སྟོན། སྒྲུང༌། སྙན་ཚིག་བཅས་ཀྱི་ནང་དོན་ཤེས་རྟོགས་ཡོང་བར་དཀའ་ངལ་ཡོད་པས། དུས་རྒྱུན་ལམ་སྟོན་ལ་བརྟེན་དགོས་པ།
C    དུས་རྒྱུན་གཏམ་གླེང་ཁྲོད་རྒྱུས་མངའ་ཡོད་པའི་ནང་དོན་རྣམས་ཤེས་པ། དུས་ཡུན་ཕལ་ཆེ་བར་སྐད་ཆ་སྟབས་བདེ་བོ་དང་སྐད་སྒྱུར་ལ་བརྟེན་དགོས་པ།
D    སློབ་ཁྲིད་སྐབས་ཀྱི་སྐད་ཆ་མི་གོ་བས། དུས་རྟག་ཏུ་རོགས་རམ་ལ་བརྟེན་དགོས་པ།
༢།    ཀློག་རྩལ་འཕར་མ།(Extra Reading)
A*    སྙན་ཚིག་དང་སྒྲུང་ཐུང་རྣམས་རང་གི་དགའ་མོས་ལྟར་བཀླགས་ནས་ནང་དོན་གོ་བའི་ཐོག དེའི་ནང་གི་མི་དང་བྱ་བར་བསམ་ཚུལ་དང་གདེང་འཇོག་བྱ་ཐུབ་པ།
A     སྙན་ཚིག་དང་སྒྲུང་ཐུང་རྣམས་རང་གི་དགའ་མོས་ལྟར་ཀློག་པ། མཚམས་མཚམས་ལ་བཀླག་བྱའི་ནང་དོན་གོ་བའི་ཆེད་གཞན་གྱི་རོགས་རམ་ལ་བརྟེན་དགོས་པ། བཀླག་བྱའི་ཁྲོད་ཀྱི་མི་དང་བྱ་བར་རང་ངོས་ནས་བསམ་ཚུལ་དང་གདེང་འཇོག་བྱ་ཐུབ་པ།
B    སྙན་ཚིག་དང་སྒྲུང་ཐུང་གི་ནང་དོན་ཤེས་པར་རོགས་རམ་མང་དུ་དགོས་པ། མཚམས་མཚམས་ལ་བཀླག་བྱའི་ཁྲོད་ཀྱི་མི་དང་བྱ་བར་བསམ་ཚུལ་དང་གདེང་འཇོག་བྱ་ཐུབ་པ།
C    སྙན་ཚིག་དང་སྒྲུང་ཐུང་ཀློག་པའི་དགའ་མོས་མེད་པ། དེར་བརྡ་སྟོན་དང་འབད་བརྩོན་མང་དུ་བྱ་དགོས་པ།
D    རང་ངོས་ནས་སློབ་དེབ་མ་ཡིན་པའི་དེབ་རིགས་ཀློག་རྒྱུར་དགའ་མོས་རྩ་ནས་མེད་པ།

༣།    བྱེད་སྒོ་དང་ལས་འཆར།(Activiies/Project)
A*    བྱེད་སྒོ་དང་ལས་འཆར་ནང་དགའ་མོས་ཆེན་པོས་འཛུལ་ཞུགས་བྱ་བ།
A    དུས་སྐབས་ཕལ་ཆེ་བར་བྱེད་སྒོ་དང་ལས་འཆར་ནང་དགའ་མོས་ཆེན་པོ་འཛུལ་ཞུགས་བྱ་བ།
B    འཛུལ་ཞུགས་ནུས་ལྡན་ཞིག་ཡོང་བར་དགེ་རྒན་གྱི་སྐུལ་མ་ལ་བརྟེན་དགོས་པ།
C    བྱེད་སྒོ་དང་ལས་འཆར་ནང་འཛུལ་ཞུགས་བྱ་རྒྱུ་ཧ་ཅང་དཀོན་པ།
D    བྱེད་སྒོ་དང་ལས་འཆར་ནང་འཛུལ་ཞུགས་རྩ་བ་ནས་མི་བྱ་བ།

གཞི་རིམ་འོག་མའི་ཨང་རྩིས་སློབ་ཚན།(འཛིན་གྲྭ་གཉིས་པ་བར།)

༡།    གོ་དོན།Conept)
A*    སློབ་ཚན་རྗེས་མ་མ་ཁྲིད་གོང་ནས་ཨང་རྩིས་ཀྱི་གོ་དོན་ཐོག་གོ་རྟོགས་ཡག་པོ་ཡོད་པ།
A    གོ་དོན་ཁག་ཤེས་རྟོགས་ཡོད་ནའང༌། གོ་དོན་ཁ་ཤས་ཐོག་གསལ་ཆ་དེ་ཙམ་མེད་པ།
B    གོ་དོན་གསར་པ་ཞིག་ཤེས་པ་ལ་དུས་ཡུན་གང་འཚམ་འགོར་བ།
C    གོ་དོན་ཤེས་རྟོགས་ཡོང་བར་དུས་སྐབས་ཕལ་ཆེ་བར་རོགས་རམ་བྱ་དགོས་པ།
D    གོ་དོན་ཤེས་རྟོགས་མི་ཐུབ་པ།
༢།    བྱེད་སྒོ།(Activity)
A*    ཨང་རྩིས་སློབ་སྦྱོང་གི་དམིགས་ཡུལ་ལྟར་བཀོད་སྒྲིག་བྱས་པའི་བྱེད་སྒོ་མི་འདྲ་བ་ཁག་ལ་དགའ་མོས་ཆེན་པོ་བྱེད་པ།
A    བྱེད་སྒོ་འདྲ་མིན་ཐོག་སྤྲོ་སྣང་ཡོད་ནའང༌། རྒྱུན་བསྟུད་དང༌། སྒྲིག་འཛུགས་སྔར་ལྷག་ཡར་རྒྱས་དགོས་པ།
B    ཨང་རྩིས་སྐོར་གྱི་བྱེད་སྒོའི་ཐོག་མཚམས་མཚམས་ལ་དགའ་སྣང་ཆེན་པོ་བྱེད་པ།
C    དགེ་རྒན་གྱི་ལྟ་སྐུལ་ཁོ་ནའི་འོག་ལས་བྱའི་བྱེད་སྒོའི་ནང་དགའ་མོས་ཀྱིས་འཛུལ་ཞུགས་བྱེད་པ།
D    ཨང་རྩིས་དང་འབྲེལ་བའི་བྱེད་སྒོའི་ཐོག་དོ་དབྱིངས་རྩ་ནས་མེད་པ།
༣།    དགུ་མཐའ་རེའུ་མིག(Tables)
A*    གྲངས་ཀ་སྡེ་ཚན་དུ་སྒྲིལ་བའི་གོ་དོན་ཤེས་རྟོགས་བྱུང་ཞིང༌། རེའུ་མིག་བློ་ཐོག་ནས་སྐྱོར་ཐུབ་པ། གཡོ་མཆོང་གི་སྒོ་ནས་རེའུ་མིག་ངག་སྐྱོར་ཐུབ་པ།
A    རེའུ་མིག་ཤེས་རྟོགས་ཡོད་ན་ཡང༌། གཡོ་མཆོང་རྒྱག་སྐབས་ཚམ་ཚོམ་ཅུང་ཟད་བྱེད་པ།
B    རེའུ་མིག་ཤེས་རྟོགས་ཡོད་ན་ཡང༌། གྲངས་ཀ་ཆེ་བའི་སྐབས་སུ་ནོར་འཁྲུལ་ཐོན་པ། གཡོ་མཆོང་གི་སྒོ་ནས་སྐྱོར་དཀའ་བ།
C    རེའུ་མིག་གི་གོ་དོན་ཤེས་མེད་པ། ནོར་འཁྲུལ་མང་དུ་ཐོན་པ།
D    རེའུ་མིག་སྦྱང་མེད་པ། གཡོ་མཆོང་གི་སྒོ་ནས་རེའུ་མིག་ངག་སྐྱོར་རྩ་ནས་གཏོང་མི་ཐུབ་པ། ནོར་སྐྱོན་ཧ་ཅང་མང་པོ་ཐོན་པ།
༤།    བསམ་བློའི་ནུས་པ།(Mental ability)
A*    ཨང་རྩིས་དང་འབྲེལ་བའི་དཀའ་རྙོག་སེལ་རྒྱུའི་ཐོག་སེམས་གཏིང་ནས་དགའ་ཞེན་ཤིན་ཏུ་ཆེ་བ།
A    གྲངས་ཀ་སྡོམ་སྟངས་ཐོག་ཡག་པོ་ཡོད་ནའང༌། མཚམས་མཚམས་སྣང་མེད་ཀྱི་རྐྱེན་པས་ནོར་སྐྱོན་ཐོན་པ།
B    ཁོག་རྩིས་རྒྱག་ཐུབ་ནའང༌། མཚམས་མཚམས་ནོར་འཁྲུལ་ཐོན་པ།
C    གོ་དོན་ཐོག་གོ་བ་ཞན་པས། གྲངས་ཀ་སྡོམ་སྐབས་མགྱོགས་པོ་སྡོམ་མི་ཐུབ་པས་འགོར་ཡུན་ཆེ་བ།
D    ཁོག་རྩིས་རྒྱག་རྒྱུར་རིག་པ་དུས་ཡུན་ཧ་ཅང་རིང་པོ་འགོར་བ།
༥།    ལས་བྱ་འབྲི་སྦྱོང༌།(Written work)
A    ལས་བྱ་གཙང་ཞིང་གྲ་དག་པ། སློབ་མ་གཞན་ལ་དཔེ་མཚོན་དུ་གྱུར་པ།
A    ལས་བྱ་གཙང་ཞིང་ཆ་ཚང་བ།
B    ལས་བྱ་གཙང་ཞིང་རྒྱུན་མཐུད་ཡིན་ནའང༌། མཚམས་རེར་ཚད་ལྡན་མི་ཡོང་བ།
C    དུས་རྒྱུན་དུ་ལས་བྱ་དག་གཙང་མེད་པ། རིས་དབྱིབས་དག་ཚད་ལྡན་འབྲི་མི་ཐུབ་པ།
D    ལས་བྱ་དག་གཙང་མེད་པ། དུས་རྒྱུན་དུ་ལས་བྱ་འབྲི་སྤྲོད་མི་བྱ་བ།

གཞི་རིམ་འོག་མའི་ཨང་རྩིས་སློབ་ཚན།(འཛིན་གྲྭ་གསུམ་པ་ནས་ལྔ་པ་བར།)

གོ་དོན།    (Concept)
A*    གཏན་ཚིགས་དང་སྒྲུབ་བྱེད་ལ་བརྟེན་ནས་གོ་དོན་ཤེས་རྟོགས་བྱེད་པ།
A    གོ་དོན་ཁག་ཐོགས་མེད་ངང་ཤེས་རྟོགས་ཐུབ་པ།
B    གོ་དོན་རྣམས་ཤེས་རྟོགས་ཡོད་པའི་སྒོ་ནས་ཕལ་མོ་ཆེ་ཡང་དག་པར་བེད་སྤྱོད་གཏོང་ཐུབ་པ། མཚམས་མཚམས་སུ་རོགས་རམ་དགོས་པ།
C    གོ་དོན་ཤེས་རྟོགས་ཡོང་བ་ལ་དུས་ཚོད་མང་ཙམ་དགོས་པ་དང༌། རོགས་རམ་རྒྱུན་བསྟུད་དུ་དགོས་པ།
D    གོ་དོན་རྟོགས་པ་དང་གཏན་ཚིགས་དང་མཐུན་པའི་སྒོ་ནས་གོ་དོན་བེད་སྤྱོད་བྱེད་པ་ལ་དུས་ཚོད་མང་ཤོས་དགོས་པ། 
བྱེད་སྒོ།(Activity)
A    ཡིད་ཆེས་བརྟན་པོ་ཡོད་པ། ཚོགས་པའི་བྱེད་སྒོའི་སྐབས་སུ་རང་རྐྱ་འཕེར་ཞིང་གསར་བཏོད་ཀྱི་ནུས་པ་ལྡན་པ། སྤྱི་པའི་བསམ་བློ་ཤུགས་ཆེར་ལྡན་པ།
A    བྱེད་སྒོ་འདྲ་མིན་སྤེལ་བ་ལ་དོ་དབྱིངས་ལྡན་པ། སྦྱངས་ཟིན་པའི་གོ་དོན་རྣམས་འཚོ་བ་དངོས་ཀྱི་ཁྲོད་དུ་བེད་སྤྱོད་ཐུབ་པ།
B    གསར་བཏོད་ཀྱི་ནུས་པ་ལྡན་ནའང༌། གསར་བཏོད་དང་རང་རྐྱ་འཕེར་ཚད་ཡར་རྒྱས་དགོས་པ།
C    བྱེད་སྒོའི་ཐོག་སྤྲོ་སྣང་ལྡན་ན་ཡང༌། བྱང་རྩལ་དང་སྒྲིག་འཛུགས་ཡར་རྒྱས་དགོས་པ།
D    ཚོགས་པའི་བྱེད་སྒོའི་ཐོག་རང་རྟོགས་དང་སྤྲོ་སྣང་མེད་པ།
དགུ་མཐའ་རེའུ་མིག(Tables)
A*    གྲངས་ཀ་སྡེ་ཚན་དུ་དྲིལ་བའི་གོ་དོན་ཤེས་རྟོགས་བྱུང་ཞིང༌། རེའུ་མིག་བློ་ཐོག་ནས་སྐྱོར་ཐུབ་པ། གཡོ་མཆོང་གི་སྒོ་ནས་རེའུ་མིག་ངག་སྐྱོར་ཐུབ་པ།
A    རེའུ་མིག་ཤེས་རྟོགས་ཡོད་ན་ཡང༌། གཡོ་མཆོང་རྒྱག་སྐབས་ཚམ་ཚོམ་ཅུང་ཟད་བྱེད་པ།
B    རེའུ་མིག་ཤེས་རྟོགས་ཡོད་ན་ཡང༌། གྲངས་ཀ་ཆེ་བའི་སྐབས་སུ་ནོར་འཁྲུལ་ཐོན་པ། གཡོ་མཆོང་གི་སྒོ་ནས་སྐྱོར་དཀའ་བ།
C    རེའུ་མིག་གི་གོ་དོན་ཤེས་མེད་པ། གཡོ་མཆོང་གི་སྒོ་ནས་སྐྱོར་སྐབས་ནོར་འཁྲུལ་མང་དུ་ཐོན་པ།
D    རེའུ་མིག་སྦྱང་མེད་པ། ངག་སྐྱོར་གཏོང་མི་ཐུབ་པ།
བསམ་བློའི་ནུས་པ།(Mental ability)
A*    ཨང་རྩིས་དང་འབྲེལ་བའི་དཀའ་རྙོག་སེལ་རྒྱུའི་ཐོག་སེམས་གཏིང་ནས་དགའ་ཞེན་ཤིན་ཏུ་ཆེ་བ།
A    གྲངས་ཀྱི་སྐོར་ལ་ཚོར་བ་སྐྱེན་པ། དཀའ་རྙོག་རིགས་ཁོག་རྩིས་བརྒྱབ་སྟེ་མགྱོགས་མྱུར་ངང་སེལ་ཐུབ་པ།
B    དུས་རྒྱུན་ཁོག་རྩིས་རྒྱག་ཐུབ་ནའང༌། མཚམས་མཚམས་བྲེལ་བ་ལངས་ཏེ་ནོར་འཁྲུལ་ཐོན་པ།
C    ཁོག་རྩིས་རྒྱག་ཐུབ་ན་ཡང༌། ཆད་ནོར་མང་དུ་ཐོན་པ།
D    ཁོག་རྩིས་རྒྱག་རྒྱུར་རིག་པ་རྟུལ་དྲགས་པས་དུས་ཡུན་རིང་པོ་འགོར་བ།
ལས་བྱ་འབྲི་སྦྱོང༌།(Written work)
A*    ལས་བྱ་གཙང་ཞིང་གྲ་དག་པ། སློབ་མ་གཞན་ལ་དཔེ་མཚོན་དུ་གྱུར་པ།
A    ལས་བྱ་གཙང་ཞིང་ཆ་ཚང་བ།
B    ལས་བྱ་གཙང་ཞིང་རྒྱུན་མཐུད་ཡིན་ནའང༌། མཚམས་རེར་ཚད་ལྡན་མི་ཡོང་བ།
C    དུས་རྒྱུན་དུ་ལས་བྱ་དག་གཙང་མེད་པ། རིས་དབྱིབས་དག་ཚད་ལྡན་འབྲི་མི་ཐུབ་པ།
D    ལས་བྱ་དག་གཙང་མེད་པ། དུས་རྒྱུན་དུ་ལས་བྱ་འབྲི་སྤྲོད་མི་བྱ་བ།

    (བཀྲ་ཤིས་དོན་འགྲུབ་ལགས་ནི། རང་གཞུང་ཤེས་རིག་ལས་ཁུངས་ཀྱི་ཟུང་འབྲེལ་དྲུང་ཆེ་ཡི་ལས་གནས་ཐོག་ཕྱག་ལས་གནང་བཞིན་པ་ཡིན།

མདུན་ཤོག