སློབ་གྲྭ་ཚུགས་པའི་ཉིན་དང་པོ།

ཚུལ་ཁྲིམས་སྒྲོལ་མ། སུ་ཇཱ་བོད་ཁྱིམ།

སྐྱེས་བུ་དུ་མ་ཞིག་གིས་“འདས་ཟིན་པའི་ལོ་ཟླ་ལ་ཕྱིར་མིག་རེ་འཁྱུག་སྐབས་དྲན་ཆར་བུ་ཡུག་གི་དཀྱིལ་དུ་དགའ་སྐྱོ་ཟུང་འབྲེལ་གྱི་མྱོང་བ་དུ་མ་ཡོད་ཀྱང་མི་ཚེ་ནི་མཛེས་སྡུག་ལྡན་པ་ཞིག་རེད་”ཟེར་དོན་ཡང་ཁ་ཙམ་མ་ཡིན་གྱི་སེམས་ཁོངས་ཀྱི་མྱོང་ཚོར་ལྷུག་པོར་བརྗོད་ཡོད་ཤས་ཆེ། འོན་ཀྱང་། མི་ཚེ་དོན་དང་ལྡན་པ་ཞིག་ཡོང་རྒྱུར་ས་ལས་རྡོ་ལས་གྱིས་དཀའ་བ་འཁུར་ཐུབ་པ་ཞིག་གི་འཐུས་པ་ནི་མི་སྲིད། དེས་ན་དུས་རབས་འཕོ་འགྱུར་གྱི་འགྲོས་དང་བསྟུན་རྒྱུ་ནི་གལ་འགངས་ཆེ།
ད་ལྟ་ངེད་ཚོའི་མི་རབས་འདི་ནི་དུས་རབས་ཉེར་གཅིག་དང་དཔུང་པ་མཉམ་གཤིབ་ཀྱིས་བགྲོད་དགོས་པ་ནི་དོན་དངོས་ཞིག་ཡིན། འོན་ཀྱང་། དུས་རབས་ཉེར་གཅིག་ལ་དགོས་དམིགས་ངེས་ཅན་ཞིག་ཡོད་པ་ནི། དུས་རབས་ཉེར་གཅིག་གི་གར་སྟེགས་འདིའི་སྟེང་དུ་སྔོན་གྱི་ལྟ་བ་རྙིང་པ་རྣམས་དོར་དགོས་པར་མངོན། རྒྱལ་ཁབ་དང་ཚོགས་པ་ཕན་ཚུན་དབར་གྱི་འགའ་ཟླ་བསལ་རྒྱུར་དྲག་ཤུགས་ལ་བརྟེན་རྒྱུ་ལས་ཐབས་གཞན་མེད་པ་ལྟར་མདེའུ་ཡིས་ཆར་པས་ཡ་ང་བའི་མི་དམངས་རྣམས་དོན་མེད་དུ་ཁྱོད་ཤི་ང་གསོན་གྱི་ཐབས་རྩོད་ཁྲོད་ཀྱི་བློས་གཏོང་བྱེད་དུ་གྱུར་བ་མ་ཟད། དེ་སྔོན་མཛེས་སྡུག་ལྡན་པའི་ཁོར་ཡུག་དེར་ཁྲག་གི་ཡུར་བུ་འཁྱིལ་བར་གྱུར། དེ་འདྲས་ཞི་མཐུན་ཡོང་ཐབས་ནི་བཟོད་དཀའ་བ་ཞིག་ཡིན་པས་དུས་དེ་རིང་དུས་རབས་ཉེར་གཅིག་དེའི་ནང་སྨྱུ་གུ་ནི་ཐབས་རྩོད་ཀྱི་གོ་མཚོན་ཨ་མ་དེ་ཡིན་པར་ངེས་དགོས་པ་དེ་དུས་རབས་ཉེར་གཅིག་གི་དགོས་དམིགས་ཡིན།
དེ་ལྟར་གུས་མོས་ཀྱང་རང་གི་ཕ་ས་དྲོད་མོ་དང་སྙིང་ཉེ་བའི་ནང་མི་སྤུན་མཆེད་རྣམས་མི་འདོད་བཞིན་དུ་ཕྱིར་མིག་དང་མཉམ་དུ་རྒྱབ་ཏུ་སྐྱུར་ནས་ངོ་ཤེས་ས་གནམ་ལས་མེད་པའི་མི་ཡུལ་གྱི་ཐེམ་པ་དེ་རྐང་པ་བཅག་ནས་ཡོང་བ་ཡིན། འོན་ཀྱང་གཡུ་སྦྲང་པདྨའི་ཉིང་བཅུད་འདོད་པའི་དཔེ་ལྟར་གུས་མོས་ཀྱང་གོམ་ཁ་ག་ལེར་ཤེས་ཡོན་གྱི་སྐྱེད་ཚལ་ཕྱོགས་སུ་སྤོ་གྱིན་འཆར་སྣང་གི་ཀློང་དུ་ཚུད་མྱོང་བ་ནི་ཐེངས་གཅིག་གཉིས་ཙམ་མ་ཡིན།
སྤྱིར་དྲང་མོར་བརྗོད་ན་གུས་མོའི་འདས་པའི་མི་ཚེའི་ལེའུ་རེ་རེའི་ནང་ཞིབ་ཏུ་མྱུལ་ཚེ་དེ་ཚོའི་ཁྲོད་ན་རང་ཉིད་ཀྱི་མི་ཚེར་མི་འདོད་པའི་ཚུལ་གྱི་ནོར་འཁྲུལ་ཚད་མེད་ཡོད་དེ། བྱ་ཕོ་གྱེན་དུ་འཛེགས་པར་མ་བལྟས་པར་ཞི་མི་གདང་ནས་བབ་པར་བལྟས་ཏེ་ཕ་མའི་ཤ་ཚའི་བསླབ་བྱ་རྣམས་རྣ་ལྕོག་རྒྱབ་ཀྱི་ལྷགས་པར་བཀུར་ཏེ་མི་དགོས་ཕྱི་ཚུལ་གྱི་ཁྲ་ཁྲ་ཟིང་ཟིང་ལ་ཞེན་པའི་རྐྱེན་གྱིས་མི་ཚེའི་ནང་དུ་རྙོག་གྲའི་སྒམ་ཆུང་དུ་མ་ཁ་འབྱེད་མྱོང་ལ། ཉིན་མོའི་ཁྲོམ་གཞུང་དཀྱིལ་གྱི་སྤྲང་པོ་དང་མཚན་མོའི་གད་སྙིགས་ཁྲོད་ཀྱི་ཁྱི་འཆམ་ལྟར་དགོས་པའི་སློབ་ལ་མི་བརྩོན་པར་མི་དགོས་གྲོགས་ངན་མཉམ་དུ་འགྲོགས་ནས་ཕ་མ་རྣམ་གཉིས་ལ་ཡང་སེམས་ཁྲེལ་དུ་མ་བཟོས་མྱོང་། ངོ་མ་སྐབས་དེ་ངས་སྨྱོ་སྨན་ལོངས་སུ་སྤྱད་པ་ཡིན་ནམ་ཡང་ན་བདུད་རྒྱལ་གྱིས་ཚོད་འཛིན་བྱས་པ་ཡིན་ནམ། གང་ལྟར་ད་ལྟ་ཞིབ་ཏུ་མནོ་བསམ་གཏོང་སྐབས་རང་ཉིད་ལ་ཁེངས་ར་བྱ་འདོད་ལས་གཞན་མ་མཆིས། །
ཅི་ལྟར་ཡང་འདས་ཟིན་པ་ནི་འདས་པ་རང་རེད། ངེད་ཚོས་བྱེད་ཐུབ་པ་ནི་འདས་པའི་ནོར་འཁྲུལ་བརྒྱུད་སློབ་སྦྱོང་ལེན་རྒྱུ་དེ་རེད། དེས་ན་གུས་མོས་ཀྱང་འདས་པ་ལ་ཕྱིར་དྲན་བྱེད་ཀྱིན་རང་ཉིད་ལ་དག་ཐབས་མེད་པའི་ཉེས་པ་དེ་འདྲ་སླར་ཡང་བྱ་མི་རུང་བ་སྐུལ་མ་བྱེད་བཞིན་དུ་སློབ་གླིང་འདིའི་ནང་གི་ཆ་ཤས་ཤིག་ཏུ་གྱུར།
ངོ་མ་བྱས་ན་ཁོར་ཡུག་གི་འགྱུར་བ་དང་བསྟུན་ནས་མི་བདེ་བ་དང་མི་ཚུགས་པ་ཞིག་ཡོང་གི་ཡོད་ན་ཡང་སྡུག་རུས་ཞེས་པ་དེ་དྲན་གྱིན་དུ་ཁོར་ཡུག་འདིར་འཛུལ་བ་ཡིན། དེ་ལྟར་སང་ཉིན་སློབ་གྲྭའི་འཛིན་ཁང་དང་དགེ་རྒན་རྣམས་ཇི་འདྲ་ཡོད་པ་དྲན་གྱིན་དུ་ཉི་མ་དེ་ཡང་ག་ལེར་བཞུད་སོང་། སང་ཉིན་ཞོགས་པ་དེར་གྲ་སྒྲིག་འཐུས་ཚང་བྱས་ཏེ་སློབ་གྲྭ་ཚུགས་པའི་ཉིན་དང་པོ་དེ་ཇི་འདྲ་ཞིག་ཡོང་མིན་རེ་སྒུག་བྱེད་བཞིན་འཛིན་ཁང་ཕྱོགས་སུ་སྐྱོད་པས་ན་འཛིན་ཁང་ནང་དུ་སློབ་མ་རྣམས་ཀྱི་སྙིང་ཉེ་བའི་སྒོ་ནས་སེམས་འཁུར་བྱས་པ་དེ་མཐོང་སྐབས། ངས་བསམ་པར་ཆར་རླུང་ཁྲོད་ཀྱི་གྲུ་ཆུང་དེར་ཕྱར་གྲུ་མཉམ་འདེགས་བྱེད་མཁན་དེ་ཁོ་ཚོ་ཡིན་པ་ཤེས་བྱུང་ལ་ཁོ་ཚོའི་ཤ་ཚའི་སྐུལ་མས་དྲོད་འཁོལ་ཞིག་འཁྱག་རོམ་གྱི་སེམས་ཁམས་སུ་ལྷོག་ལྷོག་ཏུ་འཕྱུར།
དེ་ལྟར་ཁོ་ཚོའི་ཁ་ཏ་བྱེད་བཞིན་སློབ་གླིང་འདིའི་སྐོར་བརྗོད་བཞིན་པ་ཉན་གྱིན་ཡུན་རིང་རེ་སྒུག་བྱས་པའི་འཛིན་དགེ་ག་ལེར་འཛུམ་མདངས་ཕྱུང་ནས་འཛིན་ཁང་ནང་འཛུལ་བྱུང་ལ་ང་རང་འཛིན་ཁང་གི་ཟུར་ཞིག་ཏུ་ཡོད་པ་མཐོང་རྗེས་གོམ་ཁ་ངའི་ཕྱོགས་སུ་བསྒྱུར་ནས་འོང་། འགྲམ་དུ་འབྱོར་རྗེས་ཁོང་གིས་ཕྱག་གཅིག་གིས་ངའི་རྒྱབ་ལ་བཅག་ཙམ་བཅག་ཙམ་གྱིས་ངའི་རྣམ་པ་ལ་བལྟས་ན་ཡུན་རིང་མ་འཕྲད་པའི་གྲོགས་པོ་ཞིག་དང་ངོ་ཐུག་བྱུང་བ་ལྟར་སྣང་། དེ་ནས་ངག་འཇམ་པའི་སྒོ་ནས་”ད་ལྟ་གསར་པ་འབྱོར་ཙམ་ཡིན་པས་ཁོར་ཡུག་དང་། གནམ་གཤིས།་སློབ་སྦྱོང་ཐད་ལ་དཀའ་ངལ་འཕྲད་སྲིད། འོན་ཀྱང་སྐྱོ་དགོས་པ་མ་རེད་ང་ཚོ་འདུག་ག དཀའ་ངལ་གང་འདྲ་ཞིག་ཡོད་ཀྱང་ང་ཚོར་སྦ་གསང་བྱ་དགོས་མ་རེད་ལྷུག་པོར་བརྗོད་ཨང་།”ཞེས་གསུང་བྱུང་། སྐབས་དེར་གུས་མོའི་སེམས་ཁོངས་ཀྱི་ཤེས་བྱའི་དྲོད་ཡལ་བའི་གོ་ཐལ་དུ་གྱུར་ལ་ཉེ་བའི་མེ་སོན་དེར་མེ་སྟག་སྦྲེལ་ནས་རེ་བའི་མེ་ལྕེ་ལྷབ་ལྷུབ་ཏུ་འབར་ཐུབ་པ་བྱུང་ལ་ངས་ཀྱང་རང་ཉིད་ཀྱི་ལམ་སྟོན་སྒྲོན་མེ་དེ་ཡིན་པའི་ངེས་ཤེས་སྐྱེས་བྱུང་།
དེ་ལྟར་སློབ་མཐུན་གཅིག་རྗེས་གཉིས་མཐུད་ཀྱི་ཚོགས་རྗེས་སུ་ཉལ་ཁང་དུ་འབྱོར་སྐབས་སུ་ཉིན་དགུང་གི་ཟ་མ་ཟ་རྒྱུ་ཡོད་པ་མཐོང་དུས་སུ་སེམས་ནང་དུ་གལ་ཏེ་ཁྱོད་ཀྱི་ད་དུང་འདས་ཟིན་པའི་ནོར་འཁྲུལ་དེ་བསྐྱར་ཟློས་བྱས་ཚེ་ལས་རྒྱུ་འབྲས་ཀྱི་གཉའ་ཤིང་འོག་ནས་ཐར་མི་ཐུབ་ཞེས་རང་གིས་རང་ལ་སྐུལ་མ་བྱས་པ་ཡིན།

སློབ་གྲྭ་ཚུགས་པའི་ཉིན་དང་པོ།

བསྐལ་བཟང་སྒྲོལ་མ། སུ་ཇཱ་བོད་ཁྱིམ།

རི་བོ་ཇོ་མོ་གླང་མའི་ཉེ་འགྲམ་དུ་གནས་པའི་ངའི་ཕ་ཁྱིམ་དྲོད་མོ་ནི་ཕྱོགས་བཞི་ཐམས་ཅད་ཆུ་ཤེལ་ལྟར་དཀར་བའི་གངས་དཀར་ལྷུན་པོས་བརྒྱན་ཅིང་། ཚང་ཚིང་གཡུ་ལོས་བརྒྱན་པའི་ལྗོན་ཤིང་ཡངས་ཤིང་རྒྱ་ཆེ་བའི་སྤངས་ལྗོངས་སྟེང་གཡང་དཀར་མ་མོའི་འབའ་སྒྲ་སྒྲོག་པ་དང་ལྕང་ཤེས་རྟ་པོའི་འཚེར་སྒྲ། ཉམ་ཆུང་འབྲི་གཡག་བ་མོའི་ངུར་སྒྲ མདོར་ན། མཛེས་སྡུག་ལྟ་ན་སྡུག་པའི་བསིལ་ལྡན་ལྗོངས་ནི་ངའི་མ་ཡུམ་ཡིན་ལ་ཕ་ས་དྲོད་མོ་ཡིན་ཟེར་ཡང་ཆོག འོན་ཀྱང་ལས་དབང་ཞེས་པའི་ཡིག་འབྲུ་འདི་གཉིས་ལ་སྐྱབས་བཅོལ་ཏེ་རི་བོ་ཧི་མ་ལ་ཡ་བརྒྱུད་ནས་ས་ཐག་འཕགས་ཡུལ་གཞུང་དུ་སླེབས་པ་དང་། མ་འོངས་ཕུགས་བསམ་གྱི་གཤོག་འགྱུར་འོག ཤེས་རིག་པདྨའི་སྐྱེད་ཚལ་འདི་ལྟ་བུ་ཞིག་ནང་ཐེངས་དང་པོར་ཤེས་ཡོན་གྱི་བདུད་རྩི་བཏུང་བའི་གོ་སྐབས་རག་པ་ནི་ངོ་མ་བཤད་པར་དཀའ་བའི་དགའ་སྐྱོ་ལྡན་པའི་ཚོར་བ་ཞིག་ཡིན་སྙམ།
དེ་ཡང་ནམ་མཁའ་སྔོ་ཞིང་དྭངས་བའི་དུས་སུ་བྱ་རྒྱལ་རྒོད་པས་རང་གི་གཤོག་རྩལ་རྒྱས་ཤིང་ནམ་འཕང་གཅོད་བཞིན་ཡོད་པ་དང་། མཛེས་སྡུག་ལྡན་པའི་ས་གཞི་དྲོད་མོ་རྣམས་ལྗང་ཐིང་ཐིང་དུ་གནས་ཡོད་པ་དང་དྲི་ཞིམ་ལྡན་པའི་རྒྱ་སེར་མེ་ཏོག་ཀྱང་དྲི་ཞིམ་ལྡན་པའི་རོ་བཅུད་སྤྲད་པ་སོགས། གང་ལྟར་མཛེས་སྡུག་ལྡན་པའི་ཤེས་རིག་པདྨའི་སྐྱེད་ཚལ་ནི་ཅི་འདྲའི་ངོ་མཚར་ཆེ་ཞིང་ལྗིད་ཉམས་ལྡན་པ་ཞིག་རེད་ཨང་། ཆབས་ཅིག སྐྱེས་ས་སྐྱེས་ཡུལ་ཅི་ཡང་མི་གཅིག་པའི་སློབ་མ་རྣམས་དང་ལྷན་དུ་སློབ་ལ་འབད་པ་བྱེད་པའི་དུས་སྐབས་ནི་ངའི་མི་ཚེའི་ལོ་རྒྱུས་ཐོག་ཆེས་ཤ་སྙིང་མཆིན་གསུམ་ནས་དངངས་སྐྲག་དང་ཞེད་སྣང་ལྡན་པའི་ཉིན་ཞིག་ཡིན་ཟེར་ཡང་ཆོག མ་ཟད་བླུན་རྨོངས་ཀྱི་ཕྱིང་ཞྭ་གྱོན་པའི་ཟ་བཅག་འགྲོ་འདུག་ཅི་ཡང་མི་ཤེས་པའི་བླུན་རྨོངས་པ་ང་ལ་མཚོན་ན་སློབ་གྲྭ་ཚུགས་པའི་ཉིན་དང་པོ་དེ་ཆགས་ཡོད་ལ་འཛམ་གླིང་གི་ལོ་རྒྱུས་ཕྲ་མོའི་སྟེང་ལྟ་བའི་ཉིན་དང་པོ་ཡིན་ཟེར་ཡང་ཆོག
ཨེ་མ་གནམ་རྒན་ལགས། ཁྱེད་ཀྱི་ཨེ་ཤེས་སམ། ཉིན་དེར་མཚོན་ན་ངོ་མ་འཇིག་རྟེན་མི་ཡུལ་དམྱལ་བར་ལྷུང་བ་ལྟ་བུའི་ཚོར་བ་ཞིག་ངའི་ཡ་ངོགས་སུ་ལྷང་ལྷང་དུ་འཚང་ཡོང་བཞིན་འདུག ངས་རྐང་པའི་གོམ་འགྲོད་དང་བསྟུན་སིམ་སིམ་དུ་གནས་པའི་འཛིན་ཁང་གྲུ་བཞིར་ཤར་བསྐྱོད་བྱེད་པ་དང་། སློབ་ཕྲུག་རྣམས་མིག་ཧྲིག་གེར་ངའི་ལུས་པོ་ཡོངས་ལ་ཧད་དེ་བལྟ་བཞིན་འདུག སྐབས་དེར་ངའི་ངོ་གདོང་ཡང་དམར་པོར་འགྱུར་བཞིན་པ་དང་། འཇམ་ཐིང་ངེར་གནས་པའི་འཛིན་ཁང་གྲུ་བཞི་དེ་ཡང་དགོད་སྒྲས་ཁེངས་པའི་ཞིང་ཁམས་ཞིག་ཏུ་གྱུར་སོང་།
འོན་ཀྱང་། ངས་ཅི་ཡང་བྱེད་མི་ཐུབ་ལ་ལུས་ཡོངས་རྫོགས་དགུན་དུས་ལྟར་འདར་སིག་སིག་བྱེད་བཞིན། ཐ་ན་རང་ཉིད་རྐུབ་སྟེགས་སྟེང་སྡོད་མི་ཐུབ་པ་ཅི་བྱ་གཏོལ་མེད་དུ་གྱུར། སྐབས་དེར་རྒན་ལགས་ཀྱིས་ང་ལ་བོད་ས་ཁུལ་གང་ནས་ཡོང་བ་དང། མིང་ལ་ཅི་ཟེར། ལོ་ཚད་ཇི་ཙམ་ཡིན་མིན་གྱི་དྲི་བ་དུ་མ་བསྐུལ་ཀྱང་ངའི་རྣ་བར་དེ་ཙམ་གསལ་པོ་ཐོས་མ་བྱུང་ལ་ལན་ཅི་ཞིག་འདེབས་དགོས་མི་ཤེས་ཀྱང་། ངའི་མིང་ལ་བསྐལ་བཟང་སྒྲོལ་མ་ཟེར་གྱི་ཡོད་ཅེས་པའི་ཡིག་འབྲུ་དེ་དག་ཁ་ནས་ལྡབ་ལྡིབ་དང་བཅས་ཤོར་སོང་བས། གཤམ་འོག་ཏུ་ཡོད་པའི་སློབ་བུ་རྣམས་ཀྱི་རྟོགས་པ་ནི་ཧ་ཅང་དཀའ། འོན་ཀྱང། མ་རིག་མུན་པ་སེལ་བའི་རྒན་ལགས་ཀྱིས་ལག་ཟུང་ངའི་ངོ་གདོང་དང་མགོ་བོར་བྱིལ་བྱིལ་དུ་མ་བྱས་ཤིང་བྱམས་བརྩེ་དྲོད་མོའི་ཐོག་ང་ལ་སེམས་གསོ་དུ་མ་གནང་བྱུང་བས་ངའི་སེམས་ཁོངས་ན་ཨ་མའི་གམ་དུ་ཡོད་པའི་ཚོར་བ་ཞིག་སླེབས་བྱུང་བས། རང་དབང་མེད་པར་མིག་ཆུ་ལྷུང་ལྷུང་དུ་འབབ་སོང་བ་དང་། ང་ཡང་ཅུང་བློ་བདེ་བར་གནས་པ་དང་ལྷོད་སོང་བས། སློབ་གྲྭའི་གནང་བའི་དེབ་རྣམས་ལག་ཏུ་འཁྱེར་ཏེ་རང་ཉིད་སྡོད་སར་ཕྱིན།
འདི་ལྟར་བྱས་ནས། ཚོགས་ཐེངས་དང་པོའི་གཅོང་སྒྲ་གྲགས་པ་དང་ཆབས་ཅིག་སློབ་བུ་རྣམས་འཚང་ཁ་ཤིག་ཤིག་ཐོག་རྒྱུགས་འགྲོ་སོང་བས་ང་ནི་འཛིན་ཁང་ནང་གང་ཡང་མེད་པར་ལུས་སོང་བ་དང་ཆབས་ཅིག་དེ་ལྟར་བྱས་ནས་ཉི་མ་ལ་ལ་བཞུད་པའི་དུས་སུ་གྱུར།
ཀྱེ་མ། གནམ་རྒན་ལགས། ཉིན་དེ་ནས་བཟུང་ངས་མི་ཚེའི་མཁའ་ལོ་འགྱུར་བའི་ལྟེ་གནས་ཞིག་ཏུ་འཚར་ལོངས་བྱུང་བ་དང། གཉོམ་ལག་མ་རྒྱས་པའི་ངའི་རྣམ་དཔྱོད་རབ་རིབ་ནས་མག་མོག་དང་། མག་མོག་ནས་འོར་ཟེར་གྱི་ལེགས་ལམ་དུ་ཁྲིད་མཁན་གྱི་ལམ་སྟོན་སྒྲོན་མེ་ལྟ་བུའི་མ་རིག་མུན་སེལ་བཤེས་གཉེན་ཚོའི་སྤྱན་འོག་ཏུ་ཕན་ཚུན་འཛུམ་ཤིག་ཤིག་དང་དགོད་སྒྲ་ལྷང་ལྷང་ངང་ནས་ཤེས་ཡོན་གྱི་རོ་བཅུད་མྱོང་བའི་གོ་སྐབས་བྱུང་བ་དང་། ཀུ་རེ་དང་དགོད་སྒྲས་ཁེངས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་དང་དགེ་རྒན་གཅིག་གི་སློབ་མར་གྱུར་བ་ནས་བཟུང་ཕུགས་འདུན་གྱི་དམིགས་བྱ་དང་ཡི་གེ་ཕྲེང་རྡོག་རེ་རེ་བློར་འཛིན་དུས་ང་ཚོ་ཕན་ཚུན་ལ་འོ་ཇ་ལྟ་བུའི་མངར་མོ་དང་འགྱུར་མེད་ཀྱི་དམ་བཅའ་བརྟན་པོ་ཡོད་པའི་ཡིད་ཆེས་ཀྱང་བྱས་མྱོང་། །

སློབ་གྲྭ་ཚུགས་པའི་ཉིན་དང་པོ།

བསྟན་འཛིན་ཕུན་ཚོགས། གྷོ་པ་པུར་བོད་ཁྱིམ།

ཁ་བ་དཀར་པོས་བརྒྱན་པའི་ལྷུན་པོའི་སྤོ་ལས་བལྟས་པའི་ཚེ། །
ཕྱོགས་བཞི་མཚམས་བརྒྱད་གཡུ་ལོ་ཐགས་སུ་བཀྲ་བའི་ལྗོན་པས་བསྐོར། །
དེ་འདྲའི་རབ་མཚར་སྡུག་ལྡན་པའི་ཡུལ་ལྗོངས་བསིལ་བའི་ཁྲོད། །
བདག་གི་གཅེས་པའི་མ་ཡུམ་གོ་པུར་སློབ་གླིང་འགྱིང་ངེར་གནས། །

སྤྱི་ལོ་༡༩༥༩ ལོ་ནས་བཟུང་བོད་ཀྱི་མི་རིགས་འདིར་གོད་ཆག་དུ་མ་བྱུང་ཞིང་། གཡོ་སྒྱུས་ཡིད་སེམས་ཡོངས་སུ་སྦགས་པའི་རྒྱ་དམར་གྱིས་རྩམ་གཟན་བོད་མི་ཁྲི་མ་འབུམ་གྱི་ཚེ་སྲོག་བཀུམས། དེ་ལྟ་བུའི་ཉག་ཕྲ་ཞིང་གཉན་འཕྲང་ཅན་གྱི་དུས་སྙིགས་འདིར། ཁོ་བོར་བཀའ་དྲིན་ཆེ་བའི་ཡབ་ཡུམ་ཟུང་གིས་ཐུགས་རེ་དུ་མ་བཅངས་ཤིང་ང་རང་རྒྱ་གར་འཕགས་པའི་ཡུལ་དུ་རིག་གནས་སློབ་པར་མངགས། དེ་དུས་བལ་ཡུལ་སྣེ་ལེན་ཁང་གི་གནད་ཡོད་མི་སྣ་འགའ་རེས་ང་རང་བོད་ཁྱིམ་གོ་པུར་སློབ་གླིང་དུ་གཏོང་རྒྱུའི་རྩེ་མཐུན་བྱུང་། གནས་ཚུལ་འདི་བདག་གིས་ཐོས་འཛིན་བུ་ག་རུ་ལྷུང་འཕྲལ་རྨ་བྱས་འབྲུག་སྒྲ་ཐོས་པ་བཞིན་དགའ་བ་དང་སྤྲོ་བ་འབུམ་གྱིས་བརྟས།
ང་དང་ངའི་སྤུན་མཆེད་རྣམ་པས་སློབ་གྲྭའི་རྒྱལ་སྒོ་འགྲིམས་ཙ་ན་སྣ་མང་མེ་ཏོག་གི་དྲི་བསུང་སྐྱི་བསེར་རླུང་བུའི་རྒྱུ་ཕྱོགས་དང་བསྟུན་སྣོམ་བྱེད་དབང་པོར་འཐུལ། དེ་ལས་ཀྱང་ཉམས་དགའ་བ་ནི་མཐོན་མཐིང་ནམ་མཁར་གཤོག་སྒྲོ་མཉེན་པོའི་འདབ་ཆགས་ཚོགས་ཀྱིས་འགྱུར་ཁུགས་ལྡན་པའི་གླུ་དབྱངས་ལེན་བཞིན་འཕུར་ལྡིང་གི་གར་ལ་བརྩེན་པའི་ཚུལ་འདི་དག་ལགས། མ་ཟད་ཁྱི་ལྡོམ་རེ་ཟུང་གིས་ཟུག་སྐད་ལྷང་ལྷང་དུ་སྒྲོག་བཞིན་འདེད་རེས་འཐབ་རེས་ཀྱིས་རྩེད་འཇོར་ལ་གཡེངས་བཞིན་པའི་སྣང་ཚུལ་དེ་དག་གིས་འོ་སྐོལ་གསར་དུ་འབྱོར་བའི་སློབ་ཕྲུག་རྣམས་བསུ་མ་བྱས་པ་དང་གཉིས་སུ་མ་མཆིས།
སློབ་གྲྭའི་ཁོ་ར་ཁོར་ཡུག་ཀུན་འཛར་འཛོར་གད་སྙིགས་དབེན་ཞིང་གཡའ་དག་པ་མ་ཟད་ཅི་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད་ཨང་། དེ་བས་བློ་རིག་རྒོད་པའི་སློབ་ཕྲུག་དག་གིས་ལྗིད་ཏིག་ཏིག་གི་དེབ་ཁུག་ཆུང་ཆུང་རྒྱབ་ཏུ་འཁུར་ཞིང་དཀར་ཆ་དོད་པའི་རང་ཁྱིམ་དུ་ཆས། ཉིན་དེ་ནི་གྲོག་ཚང་བརྡོལ་བ་ཇི་བཞིན་འདུ་ལོང་ཆེ་ཞིང་དེ་འདྲའི་འདུར་རྒྱུགས་ཁྲོད་བདག་གི་འདྲེན་བྱེད་ཟུང་དུ་མངོན་པ་ནི་སློབ་ཕྲུག་ཕན་ཚུན་གཅིག་ཕན་གཅིག་གྲོགས་དང་རམ་འདེགས་བྱེད་ཚུལ་ལས་ཁོང་ཚོའི་དབར་ཟུར་ཟ་དང་ཁྱད་གསོད་ཀྱི་འདུ་ཤེས་མེད་པར་སློབ་མ་རྣལ་མ་ཞིག་ཡིན་པའི་སྣང་བ་སྦྱིན། ད་དུང་སློབ་སྤྱི་དང་དགེ་བའི་བཤེས་གཉེན་རྣམས་ནི་གཞུང་རྒྱུད་དྲང་ལ་གཤིས་རྒྱུད་སྙི་བ། མ་ཟད་ཁོང་རྣམ་པའི་རྒྱུད་ལ་སྒམ་དཀྱེལ་གྱི་བསམ་བློ་མངའ་བ་ནི་བདག་གིས་ཁ་མཚོན་གཅོད་ཐུབ།
དེའི་ཉིན་སློབ་ཕྲུག་དག་གི་ལྷད་མེད་འདྲ་ཆགས་ཀྱི་ངོ་གདོང་ལས་འཛུམ་མདངས་འཕྱུངས་ཤིང་གཅིག་མཇུག་གཉིས་མཐུད་ཀྱིས་སློབ་ཁང་ལ་ཤར་མར་བསྐྱོད་ཀྱི་འདུག ངས་ཀྱང་རྒྱུག་མ་འདུར་གྱིས་བཟོ་བཀོད་ལེགས་པའི་ལྡིང་ཁང་ནང་བསྐྱོད་པ་དང་སྦྲགས་ང་རང་དེར་འབྱོར་རྗེས་སྒོའི་ཀླད་དུ་གོ་སྐབས་འཛིན་གྲྭ་ཞེས་པའི་སྒོ་བྱང་ཞིག་བཀལ་ཡོད་ཅིང་སློབ་ཕྲུག་ཡོད་དགུ་རྐུབ་སྟེགས་སྟེང་ཀེར་ལངས་ནས་བསྡད་བཞིན་མཆིས་མོད། ང་ཚོའི་འཛིན་གྲྭའི་རྒན་ལགས་སྒོ་ཐེམ་བརྒྱུད་ཡར་འཛུལ་མ་ཐག་ཚང་མས་མིག་ཟུང་ཧྲིག་ཧྲིག་གིས་རྒན་ལགས་ལ་ཅེར་བཞིན་ཅུང་ཙམ་ཧད་པའི་ཚུལ་གྱིས་གནས།
རྒན་ལགས་ཀྱི་ངོ་གདོང་ནི་ཉ་གང་ཟླ་བཞིན་སྒོར་ལ་མཁུར་ཚོས་དང་མཉེན་ཞིང་འཇམ་པའི་མཆུ་སྒྲོས་ཡང་ཅུང་ཙམ་མདོག་དམར་སྨྲུག་ཡིན་ཞིང་། ཁོང་གིས་སྐྲ་ཡི་ཉག་མ་རྣམས་ལན་བུ་གཉིས་སུ་བསླས་ཤིང་ལུས་ལ་གཟབ་མཆོར་གང་ལེགས་སྤུད་འདུག་ལ། ཁྱད་པར་དུ་ཁོང་ནི་ཁ་སྒོ་སྐྱེ་འབྲས་མཚར་བ་མ་ཟད་ཁོང་གིས་འཇམ་པོའི་ངག་གིས་”དེ་རིང་སློབ་ཁྲིད་བྱ་རྒྱུ་མིན་”ཞེས་སྲོང་པོར་བསྙད་བྱུང་། ཁོང་གིས་བརྗོད་པའི་སྐད་ཆ་དམ་དུམ་འདིས་སློབ་ཕྲུག་རྣམས་ཡིད་སེམས་ཅུང་མ་རངས་པར་གྱུར། འོན་ཀྱང་། སློབ་ཕྲུག་རྣམས་ཀྱིས་རང་སེམས་རྣལ་དུ་ཕབ་ཅིང་རྒན་ལགས་ཀྱི་སྐད་ཆར་རྣ་བ་བླགས་བཞིན་པའི་སྐབས་གློ་བུར་དུ་”ཏིང་ཏིང་ཏིང་”ཞེས་སློབ་གྲྭ་གྲོལ་བའི་ཅོང་བརྡ་གྲགས་བྱུང་།
དེ་ནས་སློབ་ཕྲུག་རྣམས་དགའ་མགུ་མོས་གསུམ་དང་བཅས་རང་སོ་སོའི་ཁྱིམ་ཚང་ལ་རྟབ་རྟབ་པོར་ཆས།

མདུན་ཤོག

Menu