གཞོན་སེམས་འགུགས་པའི་དབྱངས་སྙན།

བསོད་ནམས་རྡོ་རྗེ། སུ་ཇ་བོད་ཁྱིམ་སློབ་གྲྭ

དང་པོ། སྐད་ཆའི་རྦབ་ཆུ།

     དུས་སྐབས་ངེས་ཅན་ཞིག་དང་སྤྱི་ཚོགས་ངེས་ཅན་ཞིག་གཞིར་བཞག་ནས་གླེང་མགོ་བཙུགས་ན། ང་ཚོ་ནི་དུས་རབས་ཉེར་གཅིག་པའི་ཕང་བ་རུ་འཚར་ལོངས་བྱུང་བའི་སྤྱི་ཚོགས་ག་གེ་མོ་ཞིག་གི་གཞོན་རབས་པ་ཡིན་ལ། ལྷག་པར་བོད་སྤྱི་ཚོགས་གཞིར་བཞག་ནས་བཤད་ན། ང་ཚོ་ནི་ལོ་རྒྱུས་ཤིག་གི་དཀྱོགས་མཚམས་དང་རིག་གནས་གསར་རྙིང་གཉིས་ཀྱི་སོ་བར་ན་འགྲེང་བའི་མི་རབས་གསར་པ་ཞིག་རེད། དེ་བས་ང་ཚོས་ནི་མི་རིགས་ཤིག་གི་འགན་བབ་ཆ་ཚང་ཁུར་དུ་ལེན་དགོས་ཤིང་མི་རབས་རྒན་པ་ཚོའི་འཐབ་རྩོད་ཀྱི་རྒྱུན་མུ་མཐུད་སྐྱོང་དགོས་ཕྱིར། སྙིང་སྟོབས་དང་ཤེས་རབ། ལག་ལེན་གང་འདྲ་ཞིག་བརྒྱུད་རྒྱུ་ནི་སྐབས་སུ་བབས་པའི་བགྲོ་གླེང་བྱ་ཡུལ་གལ་ཆེན་ཞིག་ཡིན་པས། ཞོལ་ནས་ཁ་གསལ་དོན་སྙིང་ལྡན་པའི་སྒོ་ནས་བརྗོད་པར་བྱ།

གཉིས་པ། ན་གཞོན་ལ་སྨན་པའི་ཚན་རིག་གི་འགྱུར་ཁུགས་ཐོག་མ།

     ད་ནི་བགྲོད་ཟིན་པའི་ལོ་རྒྱུས་ཀྱི་བཤུལ་ལམ་རིང་མོར་ཕྱི་མིག་ལྟ་བཞིན་མ་འོངས་པའི་འོད་སྣང་གི་ལམ་བུར་གོམ་བགྲོད་བྱེད་དོ། །བོད་སྤྱི་ཚོགས་ལ་བཞག་པའི་ཚན་རིག་གི་ཤུགས་རྐྱེན་དང་མཇུག་འབྲས།  རྟོགས་སད་བཅས་རིམ་པར་བགྲོ་བར་བགྱིའོ། །བོད་ལ་མཚོན་ནས་བཤད་ན་ཨིན་ཇིའི་བཙན་འཛུལ་སོགས་མི་འདོད་པའི་རྐྱེན་ངན་མང་དུ་བྱུང་བའི་ལོ་རབས་དེར་༸རྒྱལ་བ་བཅུ་གསུམ་པའི་སྤྱི་ཚོགས་གསར་བསྒྱུར་དང་རིག་གནས་ནང་འདྲེན་གྱི་དགོངས་པ་བླ་མེད་ཅིག་བཞེས་པ་རེད། འོན་ཀྱང་ཆོས་ལུགས་ཀྱི་བག་ཆགས་མཐུག་དྲགས་པའི་དབང་གིས་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེར་འཇོག་མ་ཐུབ་ལ། མཇུག་འབྲས་ལ་ནང་ལོགས་སུའང་སྲིད་དབང་འཁྲུགས་ཆ་ཅུང་བྱུང་བར་མཁས་པས་བཞེད་དོ། །དེ་ནས་བཟུང་རྒྱ་ནག་གིས་བཙན་འཛུལ་མ་བྱས་པའི་བར་དུ་ཚན་རིག་གི་རྟོགས་སད་བྱུང་བ་ལར་ནས་མེད་དོ། །
     དམངས་དང་གཞུང་གཉིས་ཀར་ཆག་འཇིག་གློ་བུར་བྱུང་སྐབས་དམག་དོན་དང་གོ་ལག་ཞན་པ། བཟོ་སྐྲུན་དང་དཔལ་འབྱོར་ཞན་པའི་དབང་གིས། ཨིན་ཇི་ནས་ནང་འདྲེན་བྱས་པའི་གོ་མཚོན་ཁ་ཤས་ཡོད་ཀྱང་གློ་བུར་བའི་ནང་སུས་ཀྱང་བེད་སྤྱོད་གཏོང་སྟངས་མ་ཤེས་པ། དེ་མིན་རྗེས་སུ་གློའི་སྒྲིག་འཛུགས་དང་ཆུ་བཞི་སྒང་དྲུག་སོགས་ལའང་ཨ་རིའི་གསང་བའི་གོ་ལག་ཁ་ཤས་ལས་མེད་པ། གནའ་བོའི་མདའ་མདུང་གྲི་གསུམ་གྱིས་ཕན་མ་ཐོགས་ཚུལ་ནི་སྐབས་དེའི་དམག་སྲིད་ཀྱི་བྱ་བ་ཞིག་རེད། འོན་ཀྱང་དེ་བཤད་དོན་ནི་དུས་རབས་གོང་མའི་སྐབས་དམག་དོན་དང་གོ་ལག་བཟང་ངན་ཐད་ཀར་ཚན་རིག་ལ་ཐུག་འདུག་པའི་ལྟ་སྟངས་ཤིག་ཡོད་པ་རེད། གསལ་བཤད་བྱེད་དགོས་པ་ཞིག་ཀྱང་འདིར་མཆིས་ཏེ། ཚན་རིག་ནི་རིག་གནས་བྱེ་བྲག་ཅིག་ཡིན་ལ་དེའི་རང་ངོས་སུ་ཡག་དང་བཙོག་གི་དབྱེ་བ་འབྱེད་རྒྱུ་མེད། དེ་ནི་ཐད་ཀར་བྱེད་པ་པོ་ལ་ཐུག་པ་ཞིག་ལས་བྱ་དངོས་ལ་ཐུག་པ་ཞིག་མིན་ནོ། །དེ་ལྟ་བུའི་གོང་གི་གནས་སྟངས་དང་དབུལ་ཕོངས་ཀྱི་བརྒྱུད་རིམ་ཞིག་ནས། གཞི་ནས་ང་ཚོའི་ལོ་རྒྱུས་ནང་ཚན་རིག་གི་རྟོགས་སད་ཐེབས་པ་རེད་ཅེས་བཤད་ཆོག  ཚན་རིག་ནི་གོ་ལག་བཟོ་བ་ཙམ་མ་ཡིན་པར་སྤྱི་ཚོགས་ཕན་བདེ་ཅན་དང། སྔོན་ཐོན་ཅན། དཔལ་འབྱོར་འདྲ་མཉམ་ཅན་གྱི་ཕྱོགས་སུ་སྐྱོད་ནུས་ན། ཟློག་མེད་ཀྱི་འཕེལ་འགྲིབ་འདི་བརྒྱུད་ནས་ང་ཚོས་ཀྱང་མི་རིགས་སྐྱོབ་དགོས། ཚན་རྩལ་ཅན་གྱི་དུས་རབས་ལ་ཁ་ཕྱོགས་པའི་རྟོགས་སད་ཐེབས་དགོས།

གསུམ་པ། ན་གཞོན་དང་ཚན་རིག་སྤྱི་ཚོགས་སོགས་མཉམ་དུ་སྦྲེལ་བ།

     དུས་རབས་ཉེར་གཅིག་པའི་ལང་ཚོ་ནི་ན་གཞོན་ཞིག་དང་འགྲན་རྩོད་ནི་ཚན་རྩལ་གྱི་གསར་རྟོགས། སྤྱི་ཚོགས་ནི་ཤེས་ཡོན་ཅན་དང་ཞི་བདེ་དང་འཆམ་མཐུན་རང་བཞིན་ཅན་ཞིག་ཡིན་པས་ན། ང་ཚོ་བོད་ཀྱི་གཞོན་རབས་རྣམས་ཀྱིས་ཀྱང་དུས་རབས་ཀྱི་ཉི་འོད་བསུས་ཏེ་འཕེལ་རྒྱས་དང་གསར་གཏོད་ཀྱི་ལམ་བུ་ཞིག་བསྐྲུན་རྒྱུ་ནི་གཟུར་དུ་མེད་པའི་འོས་འགན་ཡིན་ལ། མ་འོངས་པའི་བོད་ཀྱི་མདུན་ལམ་ཡང་དེ་ཁོ་ནར་ཐུག་ཡོད། ང་ཚོའི་སྐྱབས་གནས་དམ་པ་༸སྐྱབས་མགོན་རིན་པོ་ཆེའི་བཀའ་བཞིན། ང་ཚོའི་ན་གཞོན་ཚོ་ནི་འདབ་གཤོག་གཉིས་ལྡན་གྱི་གཞོན་རབས་པ་ཞིག་དང་རིགས་གཅིག་རྐང་འཛིན་ཐུབ་མཁན་གྱི་མི་བུ་གཞུང་དྲང་ཞིག  ད་དུང་འཛམ་གླིང་ཞི་བདེ་ལ་ཕན་པའི་སྐྱེ་བོ་ཞིག་བྱེད་དགོས་པ་ལས་མ་འདས། དེའི་དབང་གིས་ང་ཚོ་ན་གཞོན་ཚོས་རང་རེའི་སྤྱི་ཚོགས་འདི་གཉིད་ལས་བསླངས་ཏེ་ཚན་རྩལ་རིག་གནས་ཀྱི་དབྱངས་རྟ་དེ་ལ་ཉན་བཞིན། མདུན་སྐྱོད་གྱི་གསར་བཏོད་རང་བཞིན་ལྡན་པའི་ལོ་རྒྱུས་ཤིག་འབྲི་བའི་དུས་བབས་འདུག
     ན་གཞོན་དང་ཚན་རིག  སྤྱི་ཚོགས་སོགས་མཉམ་དུ་སྦྲེལ་ཏེ་དུས་རབས་རང་བཞིན་ཅན་གྱི་འགྱུར་ལྡོག་ལ་དགའ་གུས་བྱེད་ལ། མ་འོངས་པའི་མདུན་ལམ་ལ་འོད་སྣང་གི་རྐང་རྗེས་གསལ་པོ་ཞིག་བསྐལ་བ་སྟོང་གི་བར་དུ་གནས་པར་གདོན་མི་ཟའོ། །

རྩོམ་ཡིག་དཔྱད་མཆན།
     རྩོམ་ཡིག་འདི་ཚོར་བ་དམིགས་བསལ་བ་ཞིག་གི་རྗེས་སྙེག་སྟེ་བྲིས་པའི་འབོལ་རྩོམ་གྱི་རིགས་ཤིག་ཏུ་གཏོགས། ཁོས་བྲིས་པའི་དོན་དག་ཚང་མ་རྒྱུས་མེད་དམ་རྒྱུས་ཡོད་གང་ཡིན་ཆ་མི་འཚལ་བ་ཞིག་ཏུ་བྱས་པ་ནི་གཙོ་བོ་ཚོར་བའི་རྗེས་འབྲངས་རྒྱུ་མང་དྲགས་པའི་རྐྱེན་ཡིན་པ་འདྲ།
     རྩོམ་ཡོངས་ཀྱི་ཚིག་སྦྱོར་སྤེལ་སྟངས་དང་དག་ཆ། སྡེབ་སྦྱོར། དཔེ་འཇོག་དང་ལྷུག་བརྗོད་གང་ཡིན་ཀྱང་ཐལ་དྲགས་པའི་ནོར་སྐྱོན་མི་འདུག       
     ཁོས་བྲིས་པའི་ཕྱོགས་གང་ཡིན་ནའང་འདྲ། ས་བཅད་རེའི་ཁ་བྱང་དང། རྩོམ་ཡིག་གི་ཁ་བྱང་སོགས་ཕན་ཚུན་བར་གྱི་མཚམས་སྦྱོར་བྱེད་ལ་ཞན་ཆ་ཡོད་པ་འདྲ། གང་ཡིན་ཀྱང་འོས་འཚམ་ཞིག་མིན་པའི་ཉམས་འདུག    འདི་ནི་གཅིག་ནས་རྩོམ་བྱང་གི་བླང་བྱར་དོ་སྣང་བྱས་མེད་པ་དང། གཉིས་ནས་ཚོར་བའི་རྗེས་སྙེག་པ་ཐལ་དྲགས་པའི་སྐྱོན་ཡིན།

གཞོན་སེམས་འགུགས་པའི་དབྱངས་སྙན།

ཤ་བོ་མཆོད་རྟེན། སུ་ཇ་བོད་ཁྱིམ་སློབ་གྲྭ

བཅུ་དྲུག་ལང་ཚོའི་རྫོགས་ལྡན་གསར་བའི་སྒོ་གླེགས་ཡངས་མོ་ལྷོད་ཀྱིས་ཕྱེ་དུས། །ན་གཞོན་ལང་ཚོའི་ཟིལ་ཤུགས་བརྗིད་པོ་གོ་ལ་ཧྲིལ་པོ་ཡོངས་ལ་ཁྱབ་དུས། །
ཨ་ཧོ་དུས་ཀྱི་བསྐལ་བཟང་འདི་འདྲ་ཡོད་མེད་ཡིད་ལ་དོགས་འདྲི་མང་བས། །ཨེ་མ་ན་གཞོན་ལང་ཚོའི་དཔལ་ཡོན་ཀུན་ནས་རྫོགས་པའི་དུས་འདི་སྐྱིད་དོ། །         

     ལང་ཚོ་ནི་སུ་ལའང་ཡོད་ལ། དེ་ནི་དུས་ཀྱིས་སྤྲད་པའི་གཞོན་ནུ་ཕོ་མོ་ཟུང་གི་ཆོ་ལོ་རིན་ཐང་ཅན་ཞིག་རེད། ལང་ཚོའི་དུས་སྐབས་སུ་མཆོར་སྒེག་གི་ཉམས། ཡིད་འོང་གི་སྐྱེས་གཟུགས། དཔའ་རྟུལ་གྱི་སྙིང་སོགས་ཀྱིས་ཕྱི་ནང་ཡོངས་སུ་བརྒྱན་ཡོད་ལ། ནང་སྒོས་སུ་མཛེས་སྡུག་གི་ལང་ཚོ་ནི་ན་གཞོན་དུས་སྐབས་ཀྱི་ཆེས་རྩ་ཆེན་གྱི་ནོར་བུ་རེད།
     གལ་ཏེ། ང་རང་མཛེས་རྩལ་གྱི་རི་མོ་མཁན་གྲགས་ཅན་ཞིག་ཡིན་ན། ངས་ཚོན་མདོག་སྣ་ལྔའི་འདྲེས་སྦྱོར་གྱི་སྒྱུ་རྩལ་སྤྱད་དེ། གཞོན་ནུ་ཟུང་གི་ཡིད་སེམས་དེ་འགུགས་འདོད་ལ། གལ་ཏེ། ང་རང་སྨྲ་ལྕེ་བདེ་བའི་བཤད་མཁས་གྲགས་ཅན་ཞིག་ཡིན་ན། ངས་གསོན་ཉམས་ལྡན་པའི་ཚིག་གི་སྦྱོར་བདེའི་སྒོ་ནས་ཕ་རོལ་པོའི་ཡིད་སེམས་དེ་འགུགས་ཅི་ནུས་བྱེད་བསམ་མོད། འོན་ཀྱང། ང་རང་ལ་ལག་བདེ་མོ་ལྷའི་ཕོ་བྲང་བཞེངས་སྤོབས་པའི་ནུས་པ་མེད་ལ། མི་ཚོགས་གཡོ་འགུལ་བྱེད་ནུས་པའི་སྒྱུ་མ་མཁན་གྱི་རྫུ་འཕྲུལ་དེ་འདྲའང་མེད་མོད། ཡིན་ནའང། སེམས་བསམ་པའི་གཏིང་ཞིག་ནས་བཤད་འདོད་པའི་སྐད་ཆ་འགའ་ཞིག་ཆུ་གདུ་བ་ལྟར་འཕྱུར་ཡོང་དུས། ཁ་སང་གི་རྙིང་ཞེན་བསམ་བློའི་ཤན་ཤུགས་མ་ཐེབས་ཤིང། དེ་རིང་གི་དེང་རབས་བསམ་བློའི་སླད་སྐྱོན་མ་འདྲེས་པར། གསར་རྙིང་གཉིས་ཀྱི་སོ་མཚམས་ནས་རིམ་གྱིས་འཚར་གྱིན་པའི་ཆེས་དྭངས་གཙང་གི་ན་གཞོན་ལགས། བྱིས་བློའི་རྣམ་གཡེང་གི་རྩེད་འཇོའི་ཚད་ཐིག་ལས་བརྒལ་ཞིང། མཁྲེགས་འཛིན་རྒན་རྒོན་གྱི་ལྟ་བ་ད་དུང་ཆགས་མེད་པའི་ཆེས་དྭངས་གསལ་གྱི་ན་གཞོན་ལགས། བཤད་སྟངས་ཤིག་ལ། མི་ཚེ་ནི་གདམ་གསེས་ཤིག་རེད་ལ། གདམ་གསེས་དེའང་མཐར་གཏུགས་ན་ཁྱེད་རང་གི་ལག་མཐིལ་ན་ཡོད་པ་རེད་ཟེར་བ་བཞིན། བདམས་ཟིན་པའི་ལམ་བུ་ལས་ང་ཚོའི་འབྱུང་འགྱུར་ཐག་གིས་གཅོད་བཞིན་ཡོད་པས། ན་གཞོན་ལགས། མི་ཚེའི་གདམ་གས་མི་ཚེ་ཡོངས་རྫོགས་ལ་ཤུགས་རྐྱེན་ཐེབས་འགྲོ་བས་ན། ངས་ཆེས་ཐོག་མའི་སྙིང་གཏམ་མར་ལོ་སེར་པོ་འདྲ་ཞིག་བཤད་འདོད་པ་ནི། གསར་སྐྱེས་ཀྱི་ན་གཞོན་ལགས། མི་ཚེའི་གདམ་གས་ཁྱོད་ཀྱི་མི་ཚེ་ཐག་གཅོད་བཞིན་ཡོད་པས། ཁྱོད་རང་ལ་གྲ་སྒྲིག་ཨང་གསར་ཨེ་ཡོད།
     ལར་འཇིག་རྟེན་ན། ལྷ་ཁང་དང་རྒྱལ་བའི་ཕོ་བྲང་ན་འཚོ་བ་བསྐྱེལ་བའི་དཔོན་པོ་ཕྱུག་པོའི་རིགས་ཡོད་ལ། ཉིན་གཅིག་གི་བཟའ་བཏུང་ལའང་དཀའ་ངལ་ཡོད་པའི་དབུལ་བོ་ཉམ་ཐག་ཅན་ཡང་ཡོད། ད་དུང་ང་ལྟ་བུའི་དེ་རིང་གི་འཚོ་བ་དེ་རིང་དང་སང་ཉིན་ཅི་འབྱུང་ཆ་མི་འཚལ་བའི་རིགས་ཀྱང་ཡོད། འོན་ཀྱང། སུ་གང་དང་གང་ཡིན་ཡང་མཐར་ཐུག་གི་འགྲོ་ལམ་ནི་གཅིག་པ་རེད། དེ་ནི་ཤི་ལམ་རེད་ལ། རྒྱུ་འབྱོར་བ་གཅིག་ཀྱང་འཁྱེར་རྒྱུའི་དབང་མེད་པར་འགྲོ་དགོས་པས། རྒྱུ་འབྱོར་བ་རྩྭ་མགོའི་ཟིལ་བ་ཡིན་ཟེར་བ་ཅིས་མ་བདེན། ད་དུང། སྙིང་ནས་བརྩེ་བར་འོས་པའི་ན་གཞོན་ལགས། ང་ཚོ་ཤི་ཚར་རྗེས། ང་ཚོར་ཕན་ཐོགས་པ་ནི་མི་ཚེ་འདིར་གཡོ་སྒྱུ་ཁྲམ་གསུམ་གྱིས་བསགས་པའི་དངུལ་སྒོར་མ་ཡིན་ལ། དེ་ལས་ལྡོག་སྟེ། བྱ་བ་ཡག་པོ་དེ་དག་གི་གཟི་བྱིན་གཅིག་པུ་ལགས། དེ་བས་ན། ཁྱེད་རང་ནི་ད་ལྟ་གོམ་པ་དང་པོ་སྤོ་བའི་ན་གཞོན་ཞིག་ཡིན་པས། ཅི་ནས་ཀྱང། དབུ་ཡག་པོ་བཙུགས་ཐུབ་ན་མཇུག་ཀྱང་ཡག་པོ་བསྡུ་ཐུབ་པས་ན། ཕྲན་ཆུང་ང་རང་གི་སེམས་བསམ་པའི་གཏིང་ནས་ཞུ་འདོད་པའི་སྐད་ཆ་གཉིས་པ་ནི། ན་སོ་ཤིན་ཏུ་དར་བའི་གཞོན་ནུ་ལགས། འཇིག་རྟེན་ནས་བྱ་བ་བཟང་པོ་བསྒྲུབ་ན། ཁྱོད་ཤི་སོང་ནའང། ད་དུང་ཁྱེད་རང་གི་མིང་དེ་འཇིག་རྟེན་ནས་ཇི་སྲིད་བར་དུ་གསོན་ངེས་རེད།
     རིག་པ་གསལ་བའི་ན་གཞོན་ལགས། སེམས་ཁམས་གསར་པའི་གཞོན་ནུ་ལགས། མཐར་ང་རང་ལ་སྙིང་གཏམ་གསུམ་པ་ཞིག་ཡོད་པས། ངའི་རེ་བ་ལ་ན་གཞོན་གྱི་སེམས་འགུགས་ཐུབ་པའི་རེ་སྨོན་བཅངས་ཡོད། དེ་ནི་མི་ཚེ་ནི་འཐབ་རྩོད་ཅིག་རེད་ཟེར་བ་དེ་ཡིན། ང་ཚོ་ཅི་ནས་ཀྱང་འཐབ་རྩོད་ལས་རྒྱལ་དགོས་པའི་ངེས་པ་མེད་མོད། འོན་ཀྱང་འཐབ་རྩོད་བྱེད་མཚམས་བཞག་པའི་ཉིན་མོ་དེ་ནས་བཟུང། གཞོན་ནུ་ལགས། ང་ཚོ་འཇིག་རྟེན་ནས་འཚོ་བ་རེད་མ་གཏོགས། དོན་ངོ་མས་བཤད་ན། ང་ཚོ་དོན་སྙིང་དང་ལྡན་པའི་སྒོ་ནས་འཚོ་མེད། དེ་བས་ན། བཤད་སྲོལ་ཞིག་ལ་ཞི་འཇགས་ཀྱི་རྒྱ་མཚོ་ལས་གྲུ་པ་ཁྱད་པར་བ་ཞིག་ཐོན་མི་ཐུབ། རྒྱུ་མཚན་ནི། འཐབ་རྩོད་དང་འགལ་ཟླ་མེད་པའི་ཕྱིར་རོ། །ཟེར་བ་བཞིན། མི་ཚེ་འཐབ་རྩོད་ཀྱི་སྒོ་ནས་མཇུག་བསྡུ་ཐུབ་ན། རླབས་ཆེན་རེད། མི་ཚེ་འཐབ་རྩོད་ཀྱི་སྒོ་ནས་རྒྱལ་ཁ་ཐོབ་ཐུབ་ན། དཔའ་རྒོད་རེད། དེའི་ཕྱིར་ངའི་རེ་བ་ལ་ན་གཞོན་ཁྱེད་ཀྱིས་མི་ཚེར་འཐབ་རྩོད་བྱས་ན་རྒྱལ་ཁའི་རྒྱལ་དར་བསྒྲེངས་ཐུབ་པའི་རེ་བ་ཁྲི་ཕྲག་ཡོད། ངོ་མ་ཡིན། ངའི་སེམས་ཀྱི་ན་གཞོན་ལགས།
     ངའི་ཁྲག་རྩའི་ཟུངས་ཁྲག་བཞིན་འགུལ་གྱིན་པའི་ན་གཞོན་ལགས། ངའི་སེམས་ཁོང་ན་ལྡིང་བཞིན་པའི་ན་གཞོན་ལགས། དངོས་ཡོད་ལ་གདོང་གཏད་ནས་ཚུལ་འཆོས་ཀྱི་གདོང་པགས་དབྲལ་བའི་སྙིང་གཏམ་མར་ལོ་སེར་པོ་འདི་དག་སེམས་ལ་བཅངས་ནས། རང་ཉིད་ཀྱི་རྩ་དོན་ལ་འཇོག་རྒྱུར་ཅི་ནས་ཀྱང་བརྗེད་མི་རུང། རྒྱུན་མ་ཆད་པར་མདུན་ལ་བསྐྱོད་དགོས་ལ། མཚམས་མ་བཞག་པར་ཡར་ལ་བསྐྱེད་དགོས། ངའི་སྙིང་ཁ་ན་མེ་ལྟར་འབར་བཞིན་པའི་ན་གཞོན་ཡ། གཞོན་ནུ་ལགས།

རྩོམ་ཡིག་དཔྱད་མཆན།
     རྩོམ་ཡིག་འདི་ནི་ལྷུག་རྩོམ་ཞིག་ཡིན། ཁོའི་རང་གི་བརྗོད་འདོད་པ་དག་སྙན་འཇེབས་ཡིད་དབང་འཕྲོག་པའི་ཚིག་གི་སྦྱོར་བར་སྤེལ་ནས་གླེང་ཡོད་པ་ཅུང་བཟང། དག་ཆ་སོགས་ཕྱོགས་གང་ཐད་ནས་ལྟོས་བཅས་ཀྱིས་ཅུང་ལེགས། རྩོམ་ཡིག་གི་འགོ་ཚིགས་སུ་བཅད་པ་གཅིག་གིས་དྲངས་ཡོད་པ་ནི་སྲོལ་རྒྱུན་རྩོམ་སྟངས་ཡིན་ལ། སྤྱི་ཞིག་ནས་གླེང་འགོ་ཚུགས་ཏེ་རིམ་གྱིས་བྱེ་བྲག་གི་བརྗོད་གཞི་སྟེང་བབས་ཏེ་བརྗོད་པ་ཡང་འོས་ཤིང་འཚམས་རེད།  བརྗོད་བྱ་གོ་སླ་ལ་རྗོད་བྱེད་ཀྱི་ཚིག་ལའང་ཀློག་བདེ་བའི་ཁྱད་ཆོས་ལྡན།
     འོན་ཀྱང། རྩོམ་ཡིག་གི་རྗོད་བྱེད་ཚིག་ཁྱོན་ཡོངས་ནས་རྩོམ་གྱི་ཁ་བྱང་གིས་བཏོན་པའི་བླང་བྱ་གཙོ་བོ་གསོན་ཉམས་ལྡན་པའི་ངང་མཚོན་པར་བྱས་པ་ལ་ད་དུང་ཞན་ཆ་ཅུང་སྣང།    དེ་ལྟར་བརྗོད་དོན་ནི་ཁ་བྱང་གི་བཏོན་པའི་བླང་བྱ་གཙོ་བོ་རྗོད་བྱེད་ཚིག་གི་སྟེང་དང་། ལྷག་པར་དུ་སྒྱུ་རྩལ་མཚོན་ཐབས་ཀྱི་ཕྱོགས་ན་ཡོད་པས།  སྒྱུ་རྩལ་མཚོན་ཐབས་དང་རྗོད་བྱེད་ཀྱི་ཚིག་གང་ཡིན་ཀྱང། གཅིག་སྡུད་དང་མཚོན་སྟོབས་ཀྱིས་གཏམས་པ་ཞིག་བྱུང་མེད་པའི་སྣང་བ་སྟེར། འདི་ནི་རྩོམ་ཡིག་འདིའི་མི་གླེང་ཐབས་མེད་ཀྱི་ཞན་ཆའི་ཕྱོགས་དེ་ཡིན། ཡིན་ཡང། གང་བསམ་ཚོད་ཀྱིས་ཡིད་འགུགས་ཀྱི་ཆ་ཞིག་འདུག

གཞོན་སེམས་འགུགས་པའི་དབྱངས་སྙན།

སྟག་ལྷ་རྒྱལ། སུ་ཇ་བོད་ཁྱིམ་སློབ་གྲྭ

     རེད་ཡ། དུས་རབས་ཀྱི་སྐྱ་མདའ་མཁའ་ལམ་ནས་ཤར་ཞིང། གསར་གཏོད་དང་དར་ཁྱབ་ཀྱི་སྒྱུ་རྩལ་ལ་འོད་སྣང་འཕྲོ་བའི་དེ་རིང། ལུས་ལ་ལྗོན་ཤིང་གི་ལོ་མ་གྱོན་ཞིང། བཟའ་བཏུང་རྔོན་ལས་ཁོ་ནར་བརྟེན་པའི་གདོད་མའི་ལུགས་སྲོལ་འདི་དང་། ཡིད་ལ་རང་ཉིད་དང་རང་ཉིད་བསམ་ཞིང། ལག་ལ་རལ་གྲི་དང་གོ་མཚོན་ཐོགས་པའི་ཚུལ་འཆོས་དེ་དག་ཡལ་བར་དོར་ནས། ཞི་བདེ་དང་འཆམ་མཐུན། བཏང་སྙོམས་དང་འདྲ་མཉམ་ལྡན་པའི་དུས་རབས་ཉེར་གཅིག་པའི་གླུ་དབྱངས་མཉམ་གཅིག་ཏུ་ལེན་དགོས་པའི་དུས་ལ་བབས་འདུག།
     རེད་ཡ། གསར་སྐྱེས་ཀྱི་གཞོན་ནུ། ཤེས་བྱ་ཡི་དབང་པོ་རྣོན་པོ་སྟོབས་ཤུགས་སུ་བསྒྲིལ་ཏེ། མཚར་སྡུག་དང་མཚར་སྡུག་གིས་ཕྱུག་པའི་གཞོན་སེམས་དལ་འབབ་རིང་མོ་དུས་རབས་ཀྱི་ཁ་ཕྱོགས་དང་འགྲོགས་ཏེ། མཐའ་ཡས་པའི་འཇིག་རྟེན་ལ་སྐོར་གསུམ་རྒྱག་ཏུ་ལམ་ལ་ཆས་རན་འདུག བསམ་བློའི་རྒྱགས་ཕྱེས་ཁྱེད་ལ་སྡོང་གྲོགས་མཛད་ལ། ཕུགས་འདུན་རིང་མོས་ཁྱེད་ལ་མགོན་སྐྱབས་གནང་ངེས་ཡིན། འདི་ནི་དུས་རབས་ཉེར་གཅིག་པའི་ལང་ཚོའི་གླུ་སྒྲ་ཡིན་ལ། འདི་ནི་མིའི་རིགས་ཀྱི་བློ་སྒོ་ཡངས་པའི་ནམ་མཁའ་བཞིན་དུ་རྒྱས་ཆོག་པའི་གནས་ལུགས་རྣལ་མ་ཞིག་ཅིས་མ་ཡིན། རང་དབང་དང་འདྲ་མཉམ་ལ་མོས་ཤིང། གསར་གཏོད་དང་གསར་པ་ལ་རབ་ཏུ་དགའ་བའི་མིའི་རིགས་ཀྱི་གཤིས་ལུགས་ལ་ཅིས་ཀྱང་མཐུན་ཞིང་རན་པའི་མཛེས་རྒྱན་ཆ་གཅིག་ལགས། དེ་བས། གསར་སྐྱེས་ཀྱི་གཞོན་ནུ། ཁྱེད་ནི་ནེའུ་གསིང་ན་མཛེས་སྡུག་གིས་བཞད་པའི་མེ་ཏོག་བཞིན། ཟེའུ་འབྲུ་བཞིན། མི་རིགས་འདིའི་མིག་ཀོང་ན་རེ་བས་འཚོ་བཞིན་ཡོད་ལ་སྟོབས་ཀྱིས་འཚར་བཞིན་པའི་མ་འོངས་པ་ཁོ་ན་ལགས།
     རེད་ཡ། གསར་སྐྱེས་ཀྱི་གཞོན་ནུ། ཆེས་ཡིད་དུ་འོང་བ་ནི་རྣམ་དཔྱོད་དང་རིག་སྟོབས་ཀྱིས་ཉེ་བར་སྲུང་ཞིང་དགག་སྒྲུབ་དང་ལངས་ཕྱོགས་ཀྱིས་རང་ངོ་འཕྲོད་པའི་དུས་རབས་ཉེར་གཅིག་གི་མང་གཙོའི་རྒྱན་ཆ་ཡིན་ལ། དེ་ནི་འཇིག་རྟེན་གསར་པའི་སྤོབས་པ་ཡིན་ཟེར་ན་ཡང་ཅི་ལ་མི་ཆོག། ཁང་རྩེག་དང་གློག་འོད་ཚར་དུ་དངར་ཞིང། བཟོ་རིགས་འཕྲུལ་ཆས་ཀྱིས་མཛེས་ཆས་སྤྲས་པའི་ཡིད་འོང་གི་གྲོང་ཁྱེར་དང། སྲིད་འབྱོར་རིག་གསུམ་གྱིས་ཀུན་ནས་བསྐོར་ཞིང་མཁས་པའི་དབང་པོ་ཡིས་ཡོངས་སུ་སྐྱོང་བའི་དེ་རིང་ནི་ཁྱེད་ལ་ཕྱེས་པའི་སྒོ་ཆེན་རིང་མོ་དེ་ཡིན་ལ། རྒྱུ་མཚན་དང་གནས་ལུགས། འཇོན་ཐང་དང་ནུས་པ། འདོད་པ་ཀུན་འགྲུབ་ཀྱི་སྒོ་ཆེན་དེ་རེད་འདུག དེ་བས་ན། གསར་སྐྱེས་ཀྱི་གཞོན་ནུ། གསར་བཞད་ཀྱི་བསམ་བློའི་དཔལ་ཡོན་རྒྱགས་ཕྱེ་རུ་ཁྱེར་དང། གསར་གཏོད་ཀྱི་སྙིང་སྟོབས་དྲོན་མོ་མགོན་སྐྱབས་སུ་བསུས་དང། ཁྱེད་ཀྱི་མ་འོངས་པ་འོད་སྟོང་འབར་བའི་རང་དབང་དང་རང་རྟོགས་ཀྱི་འཇིག་རྟེན་གསར་པ་ཞིག་ལ་སླེབས་ངེས།
     ད་དུང། དེ་བས་ཀྱང་ཉམས་དགའ་བ་དང་མཚར་སྡུག་ལྡན་པ་ནི། ཞི་བདེ་དང་གཞན་གཅེས་ལ་མོས་ཤིང། འཆམ་མཐུན་དང་འདྲ་མཉམ་ལ་དགའ་བའི་རླབས་ཆེན་གྱི་བསམ་པའི་རྒྱུ་སྟོབས་དེ་མ་ཡིན་ནམ། དེ་རིང་ནི་བཟང་པོ་གསུམ་འཛོམས་ཀྱི་ཉིན་མོ་ཞིག་ཡིན་པས། ཁྱེད་གནས་འདིར་ཕེབས་དང། ཁྱེད་ཀྱིས་མཐོང་མ་མྱོང་བ་གྲངས་མེད་ཅིག་དང་ཁྱེད་ཀྱིས་ཐོས་མ་མྱོང་བ་མོད་པོ་ཞིག་གིས་ཁྱེད་ལ་བསུ་མ་བྱེད་ངེས། ཁྱེད་ཁོ་ནའི་ཆེད་དུ། ཡོད་ཚད་ཀྱི་ཡོད་ཚད་གནས་འདི་ན་མཆིས་ལ། དུས་འདི་ལ་ལྡན་སོང་ཕྱིར། ཁྱེད་ཅིས་ཀྱང་ཕེབས་རན་སོང་བ་མ་རེད་དམ།
     རེད་ཡ། གསར་སྐྱེས་ཀྱི་གཞོན་ནུ། བ་ཚྭའི་དྲི་དང་འགྲོགས་པའི་ཁ་སང་གིས་དེ་རིང་གི་ཚབ་མཚོན་མི་ནུས་པའི་དཔེ་ལྟར། དེ་རིང་ནི་གསར་པ་ནས་གསར་པ་རུ་འགྱུར་བའི་སྒྱུ་རྩལ་གྱི་དོ་ར་ཞིག་དང་གསར་པ་ནས་གསར་པ་ལ་བརྩོན་བཞིན་པའི་འགྲན་རྩོད་ཀྱི་སྡིངས་ཆ་ཞིག་ཡིན་པས། ཁྱེད་ཀྱིས་རང་ཉིད་ཀྱི་འོས་འགན་ཕྲག་ལ་ཁུར་དང། ཁྱེད་ཀྱིས་མི་རིགས་ཀྱི་ལར་ཞེན་སྙིང་ལ་བཅངས་བཞིན་ལམ་ལ་འགྲོ་རན་འདུག
     ཡང་དག་གི་ལམ་སྣེ་དེ་རུ་ངལ་བ་བརྩོན་ལེན་གྱིས་བརྩོན་པ་མཐར་གཏུགས་ཀྱིས་ཁྱེད་ཀྱིས་བསྙེག་དགོས་པའི་ཕུགས་འདུན་དེ་དང་རེ་བཞག་དེ། ལར་ཞེན་དེ་དང་མི་རིགས་དེ།  ཁྱེད་ཀྱིས་ནམ་ཡང་བརྗེད་མི་ཉན་ལ། རྟག་ཏུ་དྲན་དགོས་པའི་གནས་ལུགས་འདི་དག་གི་སླད་དུ་ཁྱེད་ཀྱིས་ནམ་ཡང་ཕྱིར་ལྟ་བྱ་མི་རུང་བར་མདུན་དུ་བསྐྱོད་དང། ཁྱེད་ཀྱིས་སྒྲུབ་དགོས་པ་མཐའ་དག་རླབས་ཆེན་དང་གཟི་བརྗིད་ཅན་རྐྱང་རྐྱང་ཡིན་པས། ཁྱེད་ཀྱིས་ལྷོད་གཡེང་དང་རྣམ་གཡེང་བྱེད་མི་རུང་ཞིང། ཁྱེད་ལ་སྒྱིད་ལུག་དང་ལེ་ལོ་ཡི་བསམ་སྤྱོད་ཡོད་མི་རུང།
     ཁྱེད་ནི་རྒྱལ་ཁབ་ཀྱི་བླ་སྲོག་དང་མི་རིགས་ཀྱི་མིག་འབྲས། ཁྱེད་ཡོད་པ་ནས་རྒྱལ་ཁབ་ལ་མ་འོངས་པའི་རེ་བ་ཡོད་པ་ཡིན་ལ། ཁྱེད་ཀྱི་སྤོབས་པ་ལས་མི་རིགས་འདིར་མགོ་བོ་ཡར་འཇོག་གི་བསྐལ་བ་ལྡན་སོང་བ་ཡིན། དེ་བས། གསར་སྐྱེས་ཀྱི་གཞོན་ནུ། དུས་རབས་ཀྱི་སྐུལ་མ་བཞིན། ཡར་ལ་ལོངས་དང། ཁྱེད་ཀྱིས་འཚོལ་དགོས་པའི་གནས་ལུགས་མང་པོ་ཞིག་དང། ཁྱེད་ཀྱིས་རྙེད་དགོས་པའི་རྒྱུ་མཚན་མང་པོ་ཞིག་ཡོད་ངེས་ཡིན།
ཡོད་ཚད་ཁྱེད་ལ་བཅོལ་བའི་རེ་བཞག་དེའི་ཆེད་དུ་ཅིས་ཀྱང་ཡར་ལ་ལངས་རན་འདུག། གསར་སྐྱེས་ཀྱི་གཞོན་ནུ། གསར་གཏོད་ཀྱི་སྟོབས་མེད་ན། གནས་ལུགས་ཟེར་བ་ཡང་སྐྱག་རྫུན་ཡིན་པའི་བདེན་ཚིག་ལྟར། ཁྱེད་ལ་གསར་གཏོད་ཀྱི་སྙིང་སྟོབས་དགོས་ལ། ཁྱེད་ལ་རྒྱུ་འབྲས་དྲང་བཞག་གི་བློ་མིག་དགོས།
     ཁྱེད་ཀྱིས་རྒྱལ་ཁབ་འདི་དང། ཉམ་ཆུང་གི་མི་རིགས་འདི་ལ་དངོས་གྲུབ་སྩོལ་དགོས། རེད་ཡ། གསར་སྐྱེས་ཀྱི་གཞོན་ནུ། ཁྱེད་ཁོ་ན་ལས། གཞན་སུ་ལ་ཡང་གནས་ལུགས་འདི་འཆད་ས་མེད་པས་འདི་ལྟར་སྙན་པའི་དབྱངས་རྟའི་ཁྲོད་ནས་ཁྱེད་ལ་སྐུལ་མ་ཐེངས་གཅིག་བྱས་པ་ལགས།

རྩོམ་ཡིག་དཔྱད་མཆན།
     རྩོམ་ཡིག་འདི་᪄ᨑ་སྡེབ་སྦྱོར་ལེགས་ལ་དུངས་སེམས་དང་རེ་བཞག་གིས་ཡོངས་སུ་ཕྱུག་པའི་ལྷུག་རྩོམ་སྙན་ངག་གི་གྲས་སུ་བཞག་ཆོག་པར་འདོད། ཚིག་སྦྱོར་སྤེལ་སྟངས་དང་སྒྱུ་རྩལ་གྱི་མཚོན་ཐབས་སོགས་གང་ལ་གང་འཚམ་ལྟར་སྦྱར་བས། ཡིད་འགུགས་ཀྱི་ནུས་པ་ལྡན་པར་མ་ཟད། རྩོམ་གྱི་འགོ་མཇུག་བར་གསུམ་དུ་གཞོན་ནུ་ལ་བཅངས་པའི་ཡིད་ཆེས་དང་རེ་བཞག་གིས་ཁེངས་འདུག    ཚུལ་དེ་ཡང་སྙན་འཇེབས་ཡིད་དབང་འཕྲོག་པའི་ཚིག་སྦྱོར་གྱིས་མཚོན་ཅི་ཐུབ་བྱས་ཡོད་པས་ན། དབྱངས་སྙན་ཞེས་པའི་ཁྱད་ཆོས་ཀྱང་མི་དམན་པ་ཡོད། དེ་བས། ལྟོས་བཅས་ཀྱིས་ལོ་ཆུང་རྩོམ་པ་པོ་འདིས་ཁ་བྱང་གིས་བཏོན་པའི་བླང་བྱ་ལ་ཡིད་འཇོག་བྱས་པ་ལེགས་པོ་འདུག
ད་དུང་རྩོམ་ཡིག་འདིར་བརྗོད་པའི་གཞོན་ནུ་ཞེས་པ་དེ་ནི། སྤྱིར་ན་ཚོད་གཞོན་པའི་ཕོ་མོ་སུ་ཡིན་ཀྱང་ཆོག་པས། ན་གཞོན་སྤྱི་མཚོན་པའི་སྒྲ་ཞིག་ཡིན་པར་མ་ཟད་རྩོམ་གྱི་འགོ་ནས་མཇུག་བར་ངེས་གཏན་ཅན་དུ་བྱས་པས་གཅིག་སྡུད་ཀྱི་རང་བཞིན་མངའ་ལ།
     རྩོམ་ཡིག་འདི་ལ་ཞན་ཆ་ཞིག་ཡོད་པ་ནི། དུམ་ཚན་སྔ་ཕྱི་ཆུ་བཞུར་བ་ལྟར་འབྲེལ་ཆགས་ལ་གྲལ་འགྲིག་པོ་ཞིག་མི་འདུག་པས་བརྗོད་དོན་གྱི་ཆ་ནས་དུམ་ཚན་རེ་རེ་གློ་བུར་བ་ཞིག་གི་ཉམས་སྣང་སྟེར་བ་དེ་ཡིན། གཅིག་བྱས་ན་དེ་ནི་རྩོམ་ཡིག་དེ་ཉིད་ལེགས་འགྲུབ་ཡོང་བའི་རྒྱུ་རྐྱེན་ཞིག་ཡིན་ཀྱང་སྲིད། གང་ལྟར། ཡར་རྒྱས་ལ་མཐའ་མེད་པས་བརྩོན་པའི་རྒྱུན་མི་ལྷོད་པའི་རེ་སྐུལ་ཞུ་འདོད་བྱུང།

མདུན་ཤོག