དྲན་གླུ(ཨང་དང་པོ)
ཀུན་དགའ་ཚེ་རིང། གོ་པལ་པུར་བོད་ཁྱིམ།
རེ་བའི་དག་ཞིང།
བདག་གི་མིག་ལམ་ནས་ཡལ་མ་མྱོང་བའི་ཕ་ས།
གངས་དཀར་ཤེལ་གྱི་མཆོད་རྟེན་བཞེངས་འདྲའི་ལྷུན་པོའི་ཚོཊ་ཀྱིས་མཐའ་ནས་བསྐོར།།
སྔོ་ལྗང་གཡུ་ཡི་མེ་ལོང་ཕྱིས་འདྲའི་མཚོ་མོའི་ཕྲ་རྒྱན་མདངས་སུ་འཁྱིལ། །
གཡུ་འབྲུག་སྔོན་མོ་ས་གཞིར་འཁྱུག་འདྲའི་གཙང་ཆེན་རླབས་སྒྲ་ཤག་ཤག་འཕྱོ། །
སུམ་རྩེན་ཡུལ་གྱི་ཟླ་ལ་ཆས་པའི་ཕ་ཡུལ་གངས་ལྗོངས་ཕྱུག་མོ་དྲན། །
བསང་དུད་སྔོན་མོ་མཁའ་རུ་འཕགས་དུས་ཨ་མའི་རུམ་ཁོང་དལ་གྱིས་ཕྱེས། །
ཁྲི་གདུགས་ཉི་མ་རི་རྩེར་རྒྱག་དུས་རྟ་ནོར་ལུག་གི་སུག་རྗེས་དེད། །
བྱ་བྱེའུ་འབའ་འབུས་ཅ་ཅོ་སྒྲོག་སྐབས་ལྗང་མདོག་རྩྭ་ཐང་གདན་དུ་བཏིངས། །
དབྱར་གྱི་དཔལ་མོ་ལྷོད་ཀྱིས་སླེབས་དུས་སྣ་བརྒྱའི་མེ་ཏོག་མིག་ཏུ་བཀྲ། །
བསིལ་རླུང་འཇམ་པོའི་ཕྱག་གི་གཡབ་མོས་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་གཡོ། །
དྲི་བཞོན་བུ་མོས་སྦྲང་ཆར་བསྩལ་བས་ལྗང་མྱུག་ལང་ཚོ་མཛེས་པར་འབུས། །
སྐད་གདངས་སྙན་མོ་བྲག་ཅར་མཆེད་ནས་ཞིང་པ་རྒད་པོའི་སེམས་སུ་བསྙལ། །
སྟོན་ཀའི་ལོ་ལེགས་གཡུར་དུ་ཟ་སྟེ་དགོད་སྒྲ་མཆེད་པའི་ཁྱིམ་གཞི་སྐྱིད། །
རྫ་ཆུ་བསིལ་མ་ལྷུང་ལྷུང་རླབས་རྩེར་གསེར་མིག་ཉ་ཆུང་ཅི་དགར་རྩེན། །
ཚང་ཚིང་འཁྲིཊ་པའི་ནཊ་ཀླུང་སྟུག་པོར་སྡེར་ཆཊ་རྒྱལ་པོ་འཁོར་གྱིས་བསྐོར། །
སྔོ་བསངས་མཐོན་པོའི་ཀློང་གི་དབྱིངས་སུ་བྱ་རྒོད་གླག་གི་གཤོག་རྩལ་ངོམ། །
དཔྱིད་ཀྱི་རྒྱལ་མོས་སྐད་སྙན་སྒྲོག་གིན་དུས་བཟང་བསུ་བའི་གར་ལ་རོལ། །
མཐའ་ཡས་སྤང་ལ་རྩྭ་ཆུ་འཛོམས་པས་སྒོ་ཕྱུགས་ཤ་ཤེད་ལྷག་ཏུ་རྒྱས། །
ཨ་ཅེ་འབྲོག་མོས་དུས་ཚིགས་བཞི་པོར་ལས་ལ་འབད་པའི་ངང་ཚུལ་བརྟན། །
ཨ་ཕོ་ཞིང་པས་ཁྲག་དང་རྔུལ་ཆུས་ཁྱིམ་གཞི་སྐྱོང་བའི་སྙིང་སྟོབས་བཅས། །
གངས་ལྗོངས་ཕྱཱ་དང་གཡང་གི་ར་བར་ལྷམ་མེར་འཁྱིལ་བའི་ནོར་མཆོག་ལགས། །
ངུར་སྨྲིག་དར་གོས་སྐུ་ལ་མནབས་ནས་ཤཱཀྱའི་རིང་ལུགས་སྤེལ་ལ་རངས། །
བྱམས་དང་སྙིང་རྗེའི་ཆོས་ཀྱི་དུང་སྒྲ་ཡུལ་གྲུ་ཀུན་ལ་ཆེས་ཆེར་བསྒྲགས། །
བརྗིད་ཆགས་དགོན་སྡེ་སྟོང་ཕྲག་མང་པོ་ཐོས་བསམ་སྒོམ་པའི་ལས་ལ་བྲེལ། །
སྟོན་པ་མཆོག་གི་བདུད་རྩིའི་གསུང་གིས་གདུལ་བྱ་རྒྱ་མཚོ་རྣམ་ཀུན་སྐྱོང། །
མ་ཎི་དབྱངས་རྟ་ངག་ལ་གྱེར་བའི་ཨ་མ་རྒན་མོའི་ཆོས་སེམས་དང། །
ཕྱག་དང་ཕྲེང་བས་ལག་ཟུང་བྲེལ་བའི་ཕ་རྒན་སེམས་ཀྱི་དད་པ་དག །
ཉི་ཟླ་ཟུང་གིས་དབུ་རྩེར་བརྒྱན་པའི་མཆོད་རྟེན་དཀར་པོའི་མཐའ་འཁོར་ན། །
རྟག་བརྟན་རྡོ་རྗེ་ཕ་ལམ་གཤིས་སུ་རིང་ནས་གྲུབ་པ་ཡི་རངས་གནས། །
གཞན་ཕན་བྱམས་བརྩེས་སྙིང་ཆུང་བརླན་པས་འདོད་ཆུང་ཆོག་ཤེས་ནོར་གྱིས་ཕྱུག། །
གཉོམ་ཆུང་སེམས་པས་གནོད་པ་མི་བསྐྱལ་བབ་ཆགས་གཤིས་ཀ་ཞི་ཞིང་དུལ། །
བརྩོན་པ་བསྐྱེད་དེ་ལས་ལ་འཇུག་རྒྱུར་ཆོད་སེམས་བརྟན་པོས་ཡོངས་སུ་བཅིངས།།
ཕན་ཚུན་བརྩེ་བས་དམ་དུ་སྦྲེལ་ནས་འཆམ་མཐུན་མཉམ་གནས་སྡོད་རྒྱུར་དགའ། །
ཞི་བདེའི་བསྟི་གནས་ཁོར་ཡུག་བཟང་པོར་བག་ཡངས་ངང་ནས་འཚོ་ཞིང་སྡོད། །
མཐོ་སྒང་མྱུལ་བའི་གཡག་རོག་ཧར་སྒྲས་འབྲོག་ཕྲུག་རྨི་ལམ་ཁད་ཀྱིས་དཀྲོགས། །
གསེར་ལྡན་དུས་སུ་ལོ་ཏོག་བཟང་པོས་སོ་ནམ་པ་ཡི་འཛུམ་མདངས་འཚེར། །
སྔོན་བསགས་ལས་ཀྱི་བཀོད་སྒྲིག་འོག་ན་རང་རང་སྐལ་ལ་ལོངས་སུ་སྤྱོད། །
གླང་ཆེན་འཕྲེད་ཉལ་དམར་པོ་རིའི་སྟེང་པོ་ཏ་ལ་ཡི་གཟི་འོད་འཕྲོ། །
ཇོ་མོ་ཚེ་རིང་མཆེད་ལྔའི་དབུས་ན་ཡུམ་བུ་བླ་སྒང་ཀྲོང་ངེར་འགྱིང། །
ཧས་པོ་རི་ཡི་ཐང་ཆེན་གཞོངས་སུ་བསམ་ཡས་གཙུག་ལག་ཁང་ཆེན་བརྗིད། །
མེས་པོའི་ངོ་མཚར་བློ་གྲོས་མཐོང་དུས་ཡིད་ཀྱི་རི་རབ་ཡོམ་ཡོམ་འགུལ། །
བྲེ་སེར་འབྲོང་གི་རྭ་རྩེར་མཆེད་པའི་ས་མཐོའི་ཡུལ་ལྗོངས་མཛེས་ཤིང་སྡུག། །
རྐྱང་རྒོད་ཁྱུ་ཡི་བང་རིམ་གཤར་ཚེ་རི་རྒྱུད་བཀོད་པ་ཡིད་དུ་འོང། །
གཙོད་དང་དགོ་སོགས་མཆོང་རྒྱུག་གར་གྱིས་མིག་གི་དབང་པོ་ཅིག་ཅར་འགུག།།
གཅན་གཟན་རི་དྭགས་ཕ་སའི་པང་ན་རང་དབང་དཔལ་ལ་ཅི་དགར་སྤྱོད། །
གངས་ཀྱི་ཆུ་མོའི་རླབས་རྒྱུན་རིང་མོ་ལྷུང་ལྷུང་ངང་དུ་རྒྱ་མཚོར་འབབ། །
དྲག་ཏུ་གཡོ་བའི་རྒྱ་མཚོའི་རྦ་རླབས་ནམ་ཡང་དུས་ལས་ཡོལ་བ་མེད། །
དགུ་ཚིགས་རིང་མོ་ས་ལ་ལྷུང་འདྲའི་གཙང་ཆེན་ཁ་འབབ་རྣམ་བཞིའི་རྒྱུན། །
ཨེ་ཤ་གླིང་གི་སྐོམ་པའི་གདུང་བ་གངས་ཅན་ཆུ་བོས་ཡོངས་སུ་སེལ། །
རྔམ་བརྗིད་ལྡན་པའི་རི་རབ་ལྷུན་པོ་འཛིན་མའི་ལྟོ་བར་ཟིལ་གྱིས་འགྲེངས། །
མཐོ་སྔོན་གནམ་གྱི་ཀ་བར་བཏགས་པའི་རི་རྣམས་གཅིག་ལས་གཅིག་བརྗིད་ཅིང།།
སྤྲིན་གྱི་བང་རིམ་ཡོངས་སུ་བརྟོལ་བའི་ངོ་མཚར་ལྟད་མོ་ཅི་ཡང་སྣང། །
གང་མཐོ་གང་བརྗིད་མིག་ཟུང་འཕྲུལ་བས་མི་སེམས་དོགས་པའི་རྒྱ་རུ་ཚུད། །
རིན་ཆེན་ནོར་བུས་ས་གཞི་བཀང་བའི་བཀྲག་མདངས་མཐོན་པོའི་དབྱིངས་སུ་འཕྲོས།།
གསེར་དངུལ་ཟངས་ལྕཊ་གཏེར་ཁ་འཕེལ་བས་འདོད་པའི་ཧམ་སེམས་ཁེཊ་པར་གྱུར། །
འོད་སྟོང་ལྡན་པའི་གཏེར་གྱི་བང་མཛོད་ཁ་བ་རི་བོའི་ཡུལ་ན་མཆིས། །
འཛམ་བུ་གླིང་གི་ཡང་རྩེར་ཆགས་པའི་བདག་གི་ཕ་ཡུལ་ཕྱཱ་གཡང་མཛོད། །
ཕྱི་ནང་སྣོད་བཅུད་ཕུན་སུམ་ཚོགས་པ་འཇིག་རྟེན་སྲིད་པའི་རྒྱན་གྱུར་པ། །
གཞན་སྨོན་འགྲམ་ཆུ་ཁ་སྒོར་ལྡང་བས་བཙན་འཕྲོག་ལས་ངན་སྦྱོར་བར་བརྩམས། །
ཞི་དུལ་གཉོམ་ཆུང་འབངས་མི་དཀྱུས་མ་ཁྲག་གི་མཚོ་མོར་བསྒྲེས་པ་ན། །
ཁྲག་གི་ཚོས་པའི་དར་ཆ་དམར་པོ་པོ་ཏ་ལ་ཡི་རྩེ་ན་གཡོ། །
འདོད་པའི་དངོས་པོ་བཙལ་ཀྱང་མི་རྙེད་མི་འདོད་སྡུག་གིས་དེད་ནས་ཡོང། །
འཕྲུལ་ཆས་སྣ་ཚོགས་དུག་རྫས་འདྲ་མིན་ལག་ཆར་སྤྱད་ནས་ཕྱི་ནང་སློག། །
རིན་ཆེན་གཏེར་ཁ་སྔོག་འདོན་བྱས་ཏེ་མཛེས་ལྗོངས་མྱ་ངམ་ཐང་དུ་བསྒྱུར། །
བདག་ཡིད་འཕྲོག་པའི་ཕ་སའི་མཛེས་སྡུག་མངལ་ཤོར་སྦྲུམ་མའི་ཟླ་ལ་ཆས། །
ཕྱིར་དྲན་ཀློང་ནས་དགའ་སྐྱོ་གཉིས་ཀ་ཕན་ཚུན་འགྲན་པའི་ཚུལ་གྱིས་འཕེལ། །
ཡ་ཆུང་སྙིང་ནས་ཡང་ཡང་དྲན་པའི་བདག་གི་ཕ་ཡུལ་གངས་ཅན་ལྗོངས། །
མིག་ཆུས་བྲིས་པའི་སྙན་ངག་ཅིག་གི་བརྗོད་བྱར་ཡོངས་སུ་གྲུབ་པ་ན། །
དྲན་པའི་གླུ་ཆུང་ངག་ལ་གྱེར་ནས་ཕ་ཡུལ་ཕྱོགས་ལ་རིང་ནས་བསྐུར། །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདི་ནི་དུང་སེམས་མཚོན་པའི་སྙན་རྩོམ་གྱི་གྲས་སུ་བཞག་ཆོག། རྩོམ་ཡིག་གི་འགོ་ནི་ཕྱི་སྣོད་ཀྱི་བཀོད་པ་ཞིབ་བརྗོད་བྱས་ཏེ་རིམ་གྱིས་ནང་བཅུད་ཀྱི་སེམས་ཅན་སོགས་ཞིབ་བརྗོད་བྱས་ཡོད།
རྩོམ་ཡིག་འདིར་གངས་ལྗོངས་ཡུལ་གྱི་བཀོད་པ་དང། ནང་བཅུད་ཀྱི་སེམས་ཅན། རོང་འབྲོག་གི་འཚོ་བ། མིའི་གཤིས་ཀ་དང་གོམས་གཤིས་སོགས་སྡེབ་ལེགས་པའི་ཚིག་གི་ཕྲེང་བར་བརྒྱུས་ཤིང་རང་ཉིད་དེ་ལ་དུང་སེམས་ལྷད་མེད་ཅིག་ཡོད་པ་མཚོན་པར་བྱས་ཡོད།
དཔེ་འཇོག་དང་གཟུགས་སུ་འགོད་པ་སོགས་སྒྱུ་རྩལ་གྱི་ཐབས་ལམ་སྣ་ཚོགས་ཀྱིས་རྩོམ་ཡིག་འདིའི་འགོ་མཇུག་བར་གསུམ་དུ་བརྒྱན་ཡོད་པ་ནི་འོས་ཤིང་འཚམས་མོད། སྒྲིག་གཞིའི་ཐད་ནས་གོ་རིམ་སྒྲིག་སྟངས་ཡུལ་དུས་ངེས་མེད་དུ་སྣང་བས་ཅུང་ཟད་ཞན་ཆ་ཡོད་པར་སེམས། འོན་ཀྱང་། ཀློག་བདེ་ལ་སྙན་ཆ་ཡོད་པ་ནི་རྩོམ་ཡིག་འདིའི་ཐུན་མིན་གྱི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡིན།
དྲན་གླུ(ཨང་གཉིས་པ)
སེང་གདོང་སྐྱབས། སུ་ཇ་བོད་ཁྱིམ།
རང་བྱུང་གི་འཇིགས་པའི་ཁྲོད་འདས་ཟིན་པའི་སྐྱེ་དགུའི་གཅེན་གཅུང་ཚང་མར་བྲིས།
ཞོགས་པར་རྩྭ་མགོའི་ཟིལ་བ་མ་འཐོར་གོང། །
ཉི་གཞོན་གསར་པའི་འོད་སྣང་མ་འཕྲོས་གོང། །
ནང་མི་ལྷན་འཛོམས་ཞོགས་ཇ་མ་འཐུང་གོང། །
ས་ཆེན་ཁྲོས་པའི་གཡོ་འགུལ་ཤུགས་ཀྱིས་ལྡེམ། །
ཚེ་སྲོག་གསོན་པོ་ནས་སྐྱ་རྔོད་རྔོད་བྱས། །
རྣམ་ཤེས་འཁྱམས་པོ་སྟོན་གྱི་ཤིང་བལ་འདྲ། །
དྭ་ཕྲུག་ཡུགས་སའི་ངུ་དབྱངས་དབྱར་རྔ་འདྲ། །
འདྲ་འདྲ་ཚང་མ་སྡུག་གི་དམིགས་པ་འདྲ། །
ས་ཡོམ་ཟེར་བ་གོ་ན་འཇིགས་ཡེར་བ། །
བསྐལ་བརྒྱའི་གོད་ཆག་ཐོལ་གྱིས་འཕོ་བ་བཞིན། །
གནམ་སའི་མགོ་རྟིང་གཏན་དུ་སློག་འདྲའི་ཉམས། །
གང་ཞིག་ཉེས་སམ་ཅི་ཞིག་འཛོལ་བས་ལན། །
ཨ་མའི་འཚོ་བའི་རྨི་ལམ་རྡུལ་གྱི་མུན། །
བུ་ཆུང་རེ་བའི་ཕུགས་བསམ་རྫ་ཡི་གཡང། །
ཐམས་ཅད་སྐད་ཅིག་ཡལ་བའི་གཞན་དབང་མཐུ། །
བཏང་སྙོམས་བཟོད་པ་སྒོམ་མཁས་དམ་པ་སུ། །
ཕུ་ནུའི་རྐང་ལག་རུས་རྐང་བརྡུངས་ནས་ཡོད། །
གཅེན་གཅུང་དོན་ལྔ་སྣོད་དྲུག་གཅུར་ནས་ཡོད། །
ལྟ་བས་མི་བཟོད་བསམ་ཡང་མི་ཕོད་པའི། །
རང་གི་ཁྱིམ་གཞི་འཇིགས་རུང་དུར་ས་ཡིན། །
ཡུལ་ལྷ་གཞི་བདག་ཟེར་བའི་ལོང་བ་གཅིག། །
སྐྱབས་གནས་དཀོན་མཆོག་ཟེར་བའི་འོན་པ་གཉིས། །
སླུ་མེད་རྒྱུ་འབྲས་ཟེར་བའི་སྐྱག་རྫུན་གསུམ། །
ད་ནི་ཁྱེད་ནི་ཁྱེད་དང་ང་ནི་ང། །
རྒྱ་དམར་བོད་ལ་འཁོར་བ་རྒྱུ་ཡི་དོན། །
བྱ་རྒོད་རོ་ལ་འཁོར་བ་ལྟོ་ཡི་དོན། །
དམིགས་པ་སྲོག་གི་ཆེད་དུ་མ་ཡིན་ཡང། །
མདོར་ན་འདུས་པ་ཐམས་ཅད་སྒེར་གྱི་དོན། །
གཤིན་རྗེ་རྔ་ལམ་འགག་པའི་བསྐལ་ངན་དུས། །
ལས་མཁན་བྲེལ་བས་བཀའ་ཡི་དབང་བསྐུར་བའི། །
འདི་ཕྱི་མཉམ་བསྲེས་བློ་ཡུལ་འགོངས་དུས་འདིར། །
སྐྱབས་འགྲོའི་སྨོན་ལམ་མཐུ་ཡིས་ཅི་བྱར་ཡོད། །
རི་མགོའི་བ་ཁ་ལྟ་བུའི་འཚོ་བ་སྐྱུར་མོ། །
ཐ་མག་འདྲ་བའི་སྙིགས་མའི་དུས་ངན་ནག་པོ། །
མི་ཡུལ་རྡུལ་ལ་བརྫུས་ནས་ངར་གྱིས་སླེབས་པ། །
བཟློག་པའི་ཐབས་དང་མཐུ་ནུས་གང་ན་ཡོད། །
ཁ་ནས་མྱུར་སྐྱོབ་ཟེར་བའི་དགྲ་དམག་དང། །
བརྫུ་བག་ཐལ་མོ་སྦྱར་བའི་ཧོོའོ་མིང་སོགས། །
ཕྱི་ནས་མྱ་ངན་ཡོད་མདོག་བསྟན་ན་ཡང། །
ནང་སེམས་དགའ་མགུ་རླབས་ཕྲེང་ཤུགས་ཀྱིས་རྩེན། །
འདི་ནས་རྒྱང་ཐག་རིང་བའི་སྐྱེ་རྒུ་མདོ། །
སྨོན་ལམ་ཕྱག་རྒྱས་སྙིང་ལ་སྒོམ་ནས་ཡོད། །
ཚེ་འདས་ཀུན་དང་ཤུལ་ལུས་སྤུན་ཟླ་ཡོངས། །
འདི་ཕྱི་གང་དུའང་ང་ཚོ་ལྷན་དུ་ཡོད། །
ཉེས་མེད་བཀའ་ཆད་རླུང་གིས་འཁུར་དུས་དེར། །
འཇོམས་མེད་ཁྲིམས་ཆད་གཉའ་རུ་ལྷུང་དུས་དེར། །
མུན་ནག་ཡོལ་བས་ས་གཞི་བཀབ་དུས་དེར། །
བཙན་པོའི་རྒྱུད་ལ་གོད་ཆག་ལྕི་འདི་སྐྱོ། །
ཨ་མ་ཟེར་ནས་འབོད་ཁོམ་མེད་དུས་ཤིག། །
བུ་ཆུང་ཟེར་ནས་བཙལ་ས་མེད་དུས་ཤིག། །
རེ་བའི་མིག་ཟུང་ཁྲག་གིས་ཁེངས་པ་ཡི། །
ང་ཡི་ཕ་ཡུལ་དམྱལ་ཁམས་བསྒྱུར་འདི་ཅི། །
དཀའ་སྡུག་རྔུལ་ཆུས་ལན་བརྒྱར་བསྐྲུན་པ་ཡི། །
དྲོན་མོའི་ཁྱིམ་དང་རྩ་ཆེའི་དངོས་ཟོག་སོགས། །
ཐལ་བའི་རྡུལ་ལ་འཐིམ་པའི་ངང་ཚུལ་དག།།
བསམ་ཞིང་བསམ་ན་སུ་ཡི་བཀའ་ཆད་ཡིན། །
དམར་པོ་ཁྲག་གི་མཚོ་མོ་འཁྱིལ་བ་གཅིག། །
མི་རོ་ཐང་མར་བརྡལ་བའི་འཇིགས་རྔམ་གཉིས། །
མཐོང་བའི་ལམ་ལ་མངོན་སུམ་སྣང་བ་འདི། །
འཛམ་གླིང་འཁྲུག་ཆེན་གང་གི་གཡུལ་ས་ཡིན། །
སྔོན་ཆད་རྨི་ལམ་ནང་དུ་མ་འཁོར་བ། །
ཕྱིན་ཆད་དྲན་པའི་ཀློང་ནས་མི་བརྗེད་པའི། །
གོད་ཆག་སྟོང་འདུས་དུས་ངན་ཡ་ང་བ། །
མཐོང་ན་གཤིན་རྗེ་ལས་མཁན་ཡིན་ཡང་འཇིགས། །
སིལ་མ་བཅུ་གཉིས་འདས་པོའི་བཙན་པོའི་རྒྱུད། །
ཆོལ་གསུམ་ཡོངས་ལ་ཁྱབ་པའི་བོད་རིགས་ཀུན། །
དགའ་ན་དགའ་བའི་དགོད་སྒྲ་ལྷན་དུ་ཡོད། །
སྡུག་ན་སྡུག་གི་མཆི་མའང་བསྡོངས་ནས་ཡོད། །
དགའ་བ་སྐྱེ་རྒུ་ཟེར་བའི་དུར་ཐང་ན། །
ཆོལ་གསུམ་ཀུན་ནས་འདུས་པའི་རུས་ཞེན་ཅན། །
ཕ་ཤུལ་བུ་འཛིན་དམ་བཅའ་བླངས་ནས་ནི། །
གཅིག་སྒྲིལ་ལས་ལ་བརྩོན་འདི་ཨེ་མ་རྨད། །
བསྟན་འཛིན་སྐྱེ་བོ་གྲྭ་བ་བཙུན་མའི་ཚོགས། །
སྡུག་གི་མུན་པས་གནམ་ས་བཀང་དུས་དེར། །
རིགས་རུས་གཅིག་པའི་འདུ་ཤེས་ཟབ་མོ་ཡིས། །
གཞན་ཕན་སྒྲུབ་ལ་དཔའ་འདི་ཨེ་མ་མཚར། །
ལས་འབྲས་གོ་ལྡོག་དྲག་ཆར་བབས་གྱུར་ཀྱང། །
བག་འཁུམས་བློ་ཡིས་གཉའ་ནི་མ་ཞུམ་པར། །
གཅིག་སེམས་གཅིག་གིས་གསོ་བའི་བརྩེ་འདང་གིས། །
སྐྱིད་སྡུག་མཉམ་མྱོང་བྱེད་འདི་དགའ་བའི་གཞི། །
སྙིང་སྟོབས་དགུ་འགྱུར་སྲོག་གི་དབང་པོ་ལ། །
རྣམ་དཔྱོད་རིག་པའི་བློ་གྲོས་ཆེར་བསྐྱེད་ནས། །
བོད་ས་ཕྱི་ནང་ལྷན་དུ་འཛོམས་བྱས་ཏེ། །
མགྲིན་དབྱངས་གཅིག་གིས་སྨོན་ལམ་བཏབ་སྟེ་མཆོག། །
༸གོང་ས་མཆོག་དང་རྒྱལ་བ་ཀརྨ་པ། །
ཐུགས་སྨོན་དྲག་པོས་འདས་པའི་གཤིན་པོ་ལ། །
ཆོས་ཀྱི་རྫོངས་པ་ཤུལ་ལུས་མི་དམངས་ལ། །
མཁོ་རྒུ་བསྩལ་ནས་སྡུག་བསྔལ་དྲུངས་ནས་ཕྱུང། །
འཛམ་གླིང་ཤར་ནུབ་ཀུན་གྱི་གངས་ཅན་རིགས། །
མ་གྲོས་གཅིག་མཐུན་དང་བླང་ལས་བྱས་ཏེ། །
ཤོག་དངུལ་ཕོན་ཆེན་ལྷན་དུ་བསྡུས་ནས་ནི། །
བོད་གསར་སྐྱོང་ལ་བྲེལ་བའི་ལས་འདི་འཚེངས། །
ཁ་སང་འདས་པའི་ང་ཡི་སྙིང་གི་སྤུན། །
སྡུག་གི་མུན་པ་གཏན་དུ་སངས་གྱུར་ཏེ། །
ཕྱི་མའི་ཡུལ་ནས་ལན་གཅིག་ཕྱིར་གཟིགས་དང། །
ཤུལ་ལུས་ཁྱིམ་གཞི་སླར་གསོ་བྱེད་ལ་བྲེལ། །
སྟོན་གྱི་སྡོང་ལོ་ཟགས་པའི་དུས་ཚིགས་དེ། །
མི་རྟག་ཆོས་ཉིད་སྟོན་པའི་བརྡ་དོན་ཡིན། །
ས་ཡོམ་དྲག་པོའི་གཏོར་བཤིག་མཐའ་དག་ཀྱང། །
སྔོན་བསགས་ལས་ཀྱི་འབྲས་བུར་བསམ་པར་རིགས། །
ཡུན་རིང་འགྲོགས་ན་ཚེ་འདིའི་བྱ་བཞག་ཀུན། །
མི་སྐྱོ་བྱ་བ་གཅིག་ཀྱང་ཡོད་མ་ཡིན། །
དགེ་ཆོས་དམ་པས་ལུང་དུ་བསྟན་པ་འདི། །
སྡུག་བསྔལ་བྱུང་བའི་མི་ལ་སྨན་དུ་བསྔགས། །
སྐྱེ་རྒ་ན་འཆི་སུས་ཀྱང་ལྡོག་ཐབས་མེད། །
འདུས་བྱས་ཐམས་ཅད་མི་རྟག་ཆོས་ཉིད་ཡིན། །
དུས་ཀྱི་སྔ་རྗེས་མ་གཏོགས་ནམ་ཞིག་ཚེ། །
བསགས་པའི་དངུལ་དང་གཅེས་པའི་སྲོག་ཀྱང་འདོར། །
བསམ་ཞིང་བསམ་ན་འཇིག་རྟེན་མི་ཡུལ་འདིར། །
སྐྱིད་སྡུག་འཚོ་བ་རླབས་ཀྱི་རེས་མོས་བཞིན། །
ཚེ་ཐུང་མི་ཚེར་སྟར་ཕྲེང་བསྒྲིགས་པ་ཡི། །
དགའ་སྐྱོ་མི་རྟག་རྩྭ་མགོའི་ཟིལ་བ་འདྲ། །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདི་ནི་ 4.14 ཡུལ་ཤུལ་གྱི་ས་ཡོམ་ལ་ཆེད་དུ་བྲིས་པའི་མྱ་ངན་གྱི་ཞུ་ཡིག་གམ་སྙན་ངག་ཅིག་ཡིན། ས་ཡོམ་བྱུང་བ་ནས་དོན་དག་ཐམས་ཅད་ལྟོས་བཅས་ཀྱིས་ཞི་འཇགས་སུ་སོང་བའི་བར་གྱི་བརྒྱུད་རིམ་མཐའ་དག་སྒྱུ་རྩལ་གྱི་ཉམས་ཀྱིས་ཕྱུག་པའི་ཚིག་གི་ཕྲེང་བར་སྤེལ་ཡོད། འདི་ནི་རྩོམ་ཡིག་འདིའི་བརྗོད་བྱའང་ཡིན།
རྩོམ་གྱི་མགོ་ནི་གློ་བུར་བའི་ས་ཡོམ་དེ་བྱུང་བའི་ཉམས་སྣང་དང་དེ་ནས་ས་གནས་སུ་བྱུང་བའི་དགའ་སྐྱོ་ཟུང་གི་ཚོར་བ་སྤྲོད་པའི་བྱ་འགུལ་སྣ་ཚོགས་སྤེལ་དང་སྤེལ་བཞིན་པ་ཅུང་ཟད་བརྒྱུད་རིམ་ལྡན་པའི་ངང་ཞིབ་འབྲི་དང་བཅས་ཏེ་མཇུག་མཐར་སྐྱིད་སྡུག་རེས་མོས་སུ་འཁོར་བའི་འཇིག་རྟེན་འདིར་རང་ཉིད་ཀྱིས་ཇི་ལྟར་ལྟ་བའི་སྡོམ་ཚིག་ཅིག་གིས་མཇུག་བསྡུས་ཡོད།
སྙན་རྩོམ་འདིར་བཀོད་པའི་རྒྱན་དང་ཚིག་གི་སྡེབ་སྦྱོར་སོགས་གཞུང་ལུགས་དང་མཐུན་ཤོས་ཆེ་བས་ཀློག་བདེ་ལ་སྙན་ཆ་ལྡན་པར་མ་ཟད་གོ་སླ་བའི་ཁྱད་ཆོས་ཀྱང་ལྡན་པར་འདོད། ཚིགས་བཅད་ཁ་ཤས་ཚིག་སྡུད་ཤས་ཆེ་བས་སྡེབ་སྦྱོར་ལ་བཙན་ཚུགས་ཀྱི་ཉམས་ཀྱང་སྣང། གང་ལྟར་ལོ་ཆུང་དུས་ནས་འདི་འདྲའི་རྩོམ་ཡིག་འབྲི་ཐུབ་ན། མ་འོངས་པར་རེ་བ་ཡོད་པར་གདོན་མི་ཟ་བས་ད་དུང་མུ་མཐུད་ནས་འབད་བརྩོན་ཡོང་བའི་རེ་འདུན་ཞུ།
དྲན་གླུ(ཨང་གསུམ་པ)
གཅོད་པ་སྐྱབས། སུ་ཇ་བོད་ཁྱིམ་སློབ་གྲྭ།
བདག་ནི་ལྷ་ཡུལ་ལྟ་བུའི་རྒྱལ་ས་ལ་གནས་ཀྱང། །
ཕ་ཡུལ་དྲན་པའི་འདུན་པ་འགོག་ཐབས་རང་མི་འདུག། །
དོན་གྲུབ་རྒྱལ་གྱི་ཚིག་གཡར་བ།
༡། ལས་དབང་དྲན་གླུ།
འཛིན་ཁང་གྲུ་བཞི་འདི་ཡི་མདུན་ཅོག་གི་སྟེང་ནས། །
སེམས་པ་ལྷོད་ལ་བབས་ནས་དྲན་གླུ་འདི་བྲིས་ཏེ། །
ལས་དབང་གཅིག་ཏུ་སྦྲེལ་བའི་གངས་ཕྲུག་གི་ཚོགས་ལ། །
ཀློག་ན་ཚོར་བ་ལྡན་པའི་སྙན་ངག་ཅིག་འབྲི་འདོད། །
རང་དབང་ལྡན་པའི་རྒྱ་གར་རྒྱལ་ཁབ་ན་གནས་ཀྱང་། །
རང་ཡུལ་དྲན་པའི་སེམས་པ་ལྷོད་དབང་རང་མི་འདུག། །
མཛེས་པའི་ཕ་ཡུལ་གངས་ལྗོངས་དྲན་སྣང་དུ་ལྷུང་ན། །
རང་ཉིད་འདི་རུ་མི་སྡོད་སེམས་ཐག་རང་བཅད་ཡོང། །
དྲིན་ཅན་ཕ་མ་སོགས་ཀྱི་གྱེས་གཏམ་དེ་དྲན་ཚེ། །
ཨུ་ཚུགས་བྱས་ཏེ་སྡོད་ལས་འགྲོ་དབང་ཞིག་མི་འདུག། །
ཚ་གྲང་བཏང་སྙོམས་དབེན་པའི་གནས་ལམ་འདིར་བསྡད་ན། །
ཕྱི་ཡི་དཀའ་ངལ་ཞིག་གིས་དེད་ནས་ཀྱང་སླེབས་ཡོང། །
ལམ་གྱི་དཀའ་ངལ་དེ་ལ་ཕྱིར་མིག་ཅིག་བལྟས་ན། །
འབད་པའི་ལས་དེ་འདི་ནས་སྒྲུབ་དགོས་རང་བསམ་ཡང། །
རྒྱ་གར་མི་ཡི་བྲོ་བ་ངན་པ་དེ་ཚོར་དུས། །
བོད་པའི་ཞག་རྩི་དེ་ཡི་རང་མདངས་ཀྱང་དྲན་ཡོང། །
གར་འགྲོ་ངེས་གཏན་མེད་པའི་གུང་གསེང་དེ་སླེབས་དུས། །
ཕ་མ་སྤུན་མཆེད་དྲན་ནས་འགོག་ཐབས་རང་མི་འདུག། །
འོན་ཀྱང་ལག་ལ་དངུལ་ཤོག་ཏོག་ཙམ་རེ་རེག་དུས། །
ཕ་ཡུལ་ཕ་མ་སོགས་ཀྱང་ཡིད་སེམས་ན་མི་འདུག། །
དཀའ་ངལ་འཕྲད་དུས་དྲིན་ཅན་ཕ་མ་སོགས་དྲན་པ། །
དེང་རབས་གཞོན་སྐྱེས་རྣམས་ཀྱི་འགྲོ་སྟངས་ཤིག་ཡིན་ཡང། །
རང་ས་རང་དབང་མེད་པའི་རང་ཁྱིམ་དེ་བསམ་ན། །
བོད་པའི་གཞོན་སྐྱེས་ཚོ་ལ་ལ་རྒྱ་ཞིག་ལོས་དགོས། །
དྲིན་ཅན་པཎ་ཆེན་བཀྲོངས་པའི་རྒྱ་ནག་གི་ལྐོག་གཡོ། །
མི་རབས་གསར་པའི་སེམས་ན་རྡོ་རིང་བཞིན་གསལ་ཡོད། །
བོད་ས་མགོ་རྟིང་སློག་པའི་དུས་ངན་གྱི་ལོ་ཟླ། །
ཁ་ཞེ་གཉིས་ཀྱི་བར་ནས་བརླག་ཐབས་རང་མི་འདུག། །
མགྲོན་པོ་དགྲ་རུ་འཛིན་པའི་ནུབ་ལུགས་འདི་རིག་ན། །
སེམས་པ་གཏིང་ནས་ཆད་དེ་སྙིང་རྗེ་རེ་སྒོམ་ཞོར། །
མགྲོན་པོ་འཛུམ་གྱིས་བསུ་བའི་རང་ཁྱིམ་དེ་དྲན་ནས། །
བོད་པའི་ལུགས་བཟང་དེ་ལ་མགོ་བོ་ཞིག་སྒུར་འདོད། །
བྱིས་པ་འདི་ཚོའི་སྣང་མེད་བྱེད་སྟངས་སོགས་མཐོང་དུས། །
ཆེ་བཀུར་ཆུང་བྱམས་ལྡན་པའི་ཡུལ་སྲོལ་དེ་དྲན་ནས། །
སེམས་པ་ན་ཟུག་ཅིག་གིས་དེད་ནས་རང་ཡོང་བ། །
ཕ་ཡོད་དྭ་ཕྲུག་གྱུར་བའི་ལོ་ཟླ་དེ་དྲན་ཡོང། །
སྲིད་ཇུས་ངན་པ་དེ་ཡི་སྟངས་འཛིན་གྱི་འོག་ན། །
བོད་རིགས་མི་ངན་ཞིག་གིས་རང་མི་སོགས་བསད་པ། །
མཐོང་ཐོས་མྱོང་གསུམ་སོགས་ཀྱི་གོ་རིམ་གྱི་མཐའ་ན། །
མིག་ཆུ་དམར་པོ་ཞིག་གི་འགྱོད་བཤགས་ལས་ཅི་ཡོད། །
སྒེར་ལངས་ཆེན་མོ་དེ་ཡི་བརྒྱུད་རིམ་གྱི་ཁྲོད་ནས། །
ང་ཡི་སྤུན་ཟླ་བསད་པའི་མྱ་ངན་གྱི་ངུ་སྐད། །
མི་ཡུལ་ས་མཐའ་འདི་ནས་མཐོང་ཐོས་སོགས་བྱུང་དུས། །
ལུས་སེམས་གཉིས་ཀ་མྱ་ངན་རི་བོ་ཡིས་མནན་སོང། །
༢། ཡུལ་ལྗོངས་དྲན་གླུ།
ཚ་གྲང་འགྱུར་ལྡོག་ཆེ་བའི་གནམ་གཤིས་འདི་བསམ་ན། །
ཡོན་ཏན་སྦྱོང་བའི་སྐལ་བ་རྒྱང་རིང་དུ་དོར་ཏེ། །
ཚ་གྲང་གཅིག་ཏུ་སྙོམས་པའི་གངས་ལྗོངས་ཀྱི་ཡུལ་ལ། །
དཔེ་ཁུག་སྟོང་པ་འཁུར་ནས་ལོག་འདོད་རང་བྱུང་སོང། །
དབྱར་ཁར་སྔོ་ཞིང་ལྗང་བའི་རྩྭ་ཐང་གི་གཞི་ན། །
རྟ་ནོར་ལུག་གསུམ་རང་དབང་རང་ས་ན་ཡོད་དེ། །
རྩྭ་ཆུ་གང་དུ་འཛོམས་པའི་ཡུལ་གྲུ་དེར་དེད་ནས། །
རང་ཟས་རང་གིས་འཚོལ་བའི་དུས་བཟང་དེ་དྲན་ཡོང། །
སྦྲ་ནག་གྲུ་བཞིའི་ཆོན་ཐག་ཕྱོགས་བཞི་རུ་བརྒྱངས་ཏེ། །
ཨ་ཁུ་རྒན་པོས་ཚ་བའི་རྔུལ་ནག་རང་ཕྱིས་ཞོར། །
ཨ་ཅེ་འབྲོག་མོས་བཞོ་བའི་གདངས་དབྱངས་སོགས་ཚོར་བའི། །
རང་དོན་རང་གིས་སྒྲུབ་པའི་འབྲོག་ཐང་དེ་དྲན་ཡོང། །
སྟོན་འབྲས་ལོ་ལེགས་སྨིན་པའི་བསྐལ་བ་དེ་ཤར་དུས། །
ཞིང་པ་ཕོ་མོ་རྒན་གཞོན་བྲེལ་འཚུབ་ལ་ཆས་འགྲོ། །
དགའ་བའི་གླུ་དབྱངས་ལེན་ཞོར་བསྡུ་རུབ་ལ་གོམས་པའི། །
ཨ་ཁུ་ཞིང་པ་རྒན་པོའི་འཛུམ་མདངས་དེ་དྲན་ཡོང། །
ཞིང་འབྲོག་རྒན་གཞོན་མེད་པར་རི་སྒང་ལ་ཆས་ནས། །
དབྱར་རྩྭ་དགུན་འབུ་འཐུ་བའི་གོ་རིམ་ལ་བྲེལ་དུས། །
ཕྱི་ཡི་ལུས་པོ་དེ་ལ་ན་ཟུག་རང་བྱིན་ཡང། །
སེམས་ཀྱིི་དགའ་སྣང་འཕེལ་བའི་ཚོར་བ་དེ་དྲན་ཡོང། །
ཁ་བ་ལྷབ་ལྷུབ་འབབ་པའི་གངས་ལྗོངས་ཀྱི་ཡུལ་འདི། །
སེམས་ཅན་སྣ་མང་འདུས་པའི་གནས་མཆོག་ཅིག་ཡིན་རུང། །
སྙིང་རྗེ་བྲལ་བའི་རྒྱ་དམར་སླེབས་པ་ནས་བཟུང་སྟེ། །
དུད་འགྲོ་ལ་ཡང་འགྲོ་བདེ་འདུག་བདེ་ཞིག་མ་བྱུང། །
དགུན་ཁར་ཁ་བ་འབབ་པའི་གྲང་ངར་དེ་བསམ་ན། །
ཡུལ་འདིར་བསྡད་ན་གྲང་ནས་འཁྱགས་ཤི་ཡང་ཐེབས་སྙམ། །
འོན་ཀྱང་ཉི་མ་གཞོན་ནུས་དྲོད་ཁོལ་རང་སྦྱིན་པའི། །
ལུས་སེམས་བདེ་དགས་ཁེངས་པའི་སྣང་བ་དེ་དྲན་ཡོང། །
དཔྱིད་འགོ་དྲོད་ཀྱིས་བསུ་བའི་ས་གཞི་དེ་དྲན་ཚེ། །
རང་གི་སེམས་པ་དེ་ཡང་ལྷོད་ཡངས་ཤིག་བྱིན་ནས། །
རྩྭ་གསར་འབུས་པའི་མགོ་བོར་ལག་པ་ཞིག་འཆང་ནས། །
དགའ་བའི་གླུ་དབྱངས་ལེན་པའི་སྐྱིད་སྣང་དེ་དྲན་ཡོང། །
བོད་པའི་ཁ་ཟས་ཚང་མ་འབྱུང་བ་ལ་བརྟེན་པས། །
གྲོ་མ་བརྐོ་བའི་མོ་གསར་རྣམ་པ་ཚོ་བསམ་ན། །
ངལ་བའི་སེམས་དེ་བསམ་པའི་རྩ་བ་ནས་བརླགས་ཏེ། །
གཅིག་རེ་གཉིས་རེ་འཐུ་བའི་ངང་ཚུལ་དེ་དྲན་ཡོང། །
མདོ་སྔགས་བསྟན་པ་དར་བའི་ཆོས་ལྡན་གྱི་ཞིང་ཁམས། །
སྙིང་རྗེ་ཅི་ཡང་མེད་པའི་རྒྱ་དམར་གྱི་འོག་ནས། །
དུས་རབས་ཕྱེད་ཀ་འགོར་བའི་སྡུག་བསྔལ་དེ་བསམ་ན། །
འདུག་པའི་དུས་ཤིག་མ་རེད་གངས་ཅན་གྱི་སྤུན་ཟླ། །
འབྱུང་བ་ལྔ་ལས་གྲུབ་པའི་འཇིག་རྟེན་གྱི་ཁམས་འདིར། །
སྐྱིད་སྡུག་རེས་མོས་ཡིན་པ་ཆོས་ཉིད་རང་ཡིན་ཡང། །
རྒྱང་ཐག་རིང་བའི་ཕ་ཡུལ་ཡུལ་ཤུལ་རང་བསམ་ན། །
བཞུར་བའི་མིག་ཆུ་འགོག་ཐབས་རྩ་བ་ནས་མི་འདུག། །
བོད་ཀྱི་མཁའ་དབུགས་གཙང་མ་ཁྱོད་ཀྱིས་ཀྱང་དྲན་ཞིང། །བོད་ཀྱི་ཁ་ཟས་མངར་མོ་ང་ཡིས་ཀྱང་དྲན་པས། །
བོད་མི་ཡོད་དོ་ཅོག་གིས་དཔུང་བ་རང་གཤིབས་ནས། །བོད་ཀྱི་བདེན་མཐའ་སེལ་བར་འབད་བརྩོན་རང་བྱོས་ཤིག།།
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདི་ནི་བྱེས་པ་ཞིག་གིས་ཕ་ཡུལ་དྲན་པའི་སེམས་ཀྱི་ཁ་དོག་ཅིག་ཡིན། ལོབས་དཀའ་བའི་གཞན་ཡུལ་གྱི་གནམ་གཤིས་དང་ཡུལ་སྲོལ་གོམས་གཤིས་སོགས་རང་གིས་མཐོང་ཐོས་མྱོང་གསུམ་དུ་གྱུར་བ་མང་པོ་ཞིག་གིས་རྐྱེན་བྱས་ཏེ་ད་གཟོད་ཕ་ཡུལ་གད་པ་ཡིན་རུང་སྐྱིད་ཅེས་པ་ལྟར་རང་གི་ཕ་ཡུལ་གྱི་ཡོད་ཚད་ལ་གཞན་དང་མི་མཚུངས་པའི་རིན་ཐང་ཡོད་པ་སྒྱུ་རྩལ་གྱི་ཐབས་ལམ་ལ་བརྟེན་ནས་མཚོན་པར་བྱས་ཡོད།
རྩོམ་ཡིག་འདིའི་མགོ་ནི་སྲོལ་རྒྱུན་རྩོམ་རིག་ལས་རྩོམ་པར་དམ་བཅའ་བའི་རྩོམ་ཐབས་ཀྱིས་འགོ་བཙུགས་ཤིང་རིམ་གྱིས་བརྗོད་གཞི་སྟེ་རང་ཉིད་ཀྱིས་ཕ་ཡུལ་གྱི་ཅི་ཞིག་རྐྱེན་ཅི་འདྲ་ཞིག་ལ་བརྟེན་ནས་ཇི་ལྟར་དྲན་པའི་ཚུལ་གསལ་ཞིང་རྒྱས་པར་བྲིས་ཡོད། ད་དུང་བར་བར་དུ་སྤྱི་ཡིས་བྱེ་བྲག་མཚོན་ཐབས་དང་བྱེ་བྲག་གིས་སྤྱི་མཚོན་པའི་ཐབས་ཀྱང་སྤྱད་དེ་རང་ཉིད་ཀྱི་ཕ་ཡུལ་དྲན་དྲགས་ནས་སློབ་སྦྱོང་བསྐྱུར་འདོད་དང་སྡུག་བསྔལ་ཡོད་དུས་ཕ་མ་དྲན་པ་དང་སྒོར་མོ་རེག་དུས་བརྗེད་འགྲོ་བའི་ངང་ཚུལ་བརྗོད་པ་སོགས་འདུག
ཚིག་གི་སྡེབ་ལེགས་ཤིང་ཀློག་བདེ་ལ་གོའང་སླ་མོད། ལྟོས་བཅས་ཀྱིས་དུམ་མཚམས་གཉིས་ལ་ཁ་བྱང་རེ་བཏགས་པ་ཅུང་མི་རན་པར་སྣང། གཞན་ཡང་ཡུལ་དུས་བྱ་བ་སོགས་ཀྱི་གོ་རིམ་ལ་ངེས་པ་མེད་པས་སྒྲིག་གཞི་བཀོད་སྒྲིག་ཐད་ཐུགས་སྣང་དགོས་སྙམ། ཡིན་ནའང་སྐྱོན་མེད་པ་ཞིག་སུས་ཀྱང་འབྲི་དཀའ་བས་སྔར་བཞིན་རྩོམ་འབྲིའི་བྱ་བར་འབད་བརྩོན་བྱས་ན་གཡུར་དུ་ཟ་བའི་གྲུབ་འབྲས་འབྱུང་ངེས་པ་ནི་ཆོས་ཉིད་རང་ཡིན་ནོ། །