[toc]

བོད་མིའི་སློབ་སྦྱོང་གི་དམིགས་ཡུལ།(ཨང་དང་པོ)

ཚེ་རིང་དོན་འགྲུབ། སུ་ཇ་བོད་ཁྱིམ།

གླེང་བརྗོད།

ཐུ་བྷོད་ཚང་གི་འདས་པའི་ལོ་རྒྱུས་ལ་ཕྱིར་མིག་དང། ད་ལྟའི་གནས་བབ་ལ་དཔྱད་ཞིབ། མ་འོངས་པའི་ལམ་ཁ་ལ་བསམ་གཞིགས་བྱེད་ཐེངས་རེར། བློ་འགྱོད་ཐེངས་གཅིག་གི་སྔོན་བརྡ་ནི་འདས་པའི་ཐུ་བྷོད་ལ་སློབ་སྦྱོང་མེད་པའི་གནས་བབ་དང། སེམས་འཚུབ་ཐེངས་གཅིག་གི་སྟ་གོན་ནི་ད་ལྟའི་ཐུ་བྷོད་ལ་ཤེས་འཇོན་དབེན་པའི་དཀའ་ངལ། སྐྲག་སྣང་ཐེངས་གཅིག་གི་འཚོལ་སྙེག་ནི་མ་འོངས་ཐུ་བྷོད་ལ་སློབ་སྦྱོང་དགོས་པའི་དམིགས་ཡུལ་ཏེ། མདོར་བསྡུས་ན་མི་རིགས་རིང་ལུགས་ཀྱི་ངོ་བོ་དང། རྒྱལ་སྤྱིའི་རིང་ལུགས་ཀྱི་ངོ་བོ། སྔོན་ཐོན་རིང་ལུགས་ཀྱི་ངོ་བོ་བཅས་ཚང་དགོས་པའི་བོད་པ་ཞིག་གསོན་དགོས་ན་སློབ་སྦྱོང་ནི་ཁོ་བོའི་འཚོ་རྟེན་གྱི་ལག་ཆ་ཁོ་ནའོ། །

༡། མི་རིགས་རིང་ལུགས་ཀྱི་ངོ་བོའི་ཐད་ནས་སློབ་སྦྱོང་གི་དམིགས་ཡུལ།

ཐུ་བྷོད་ཚང་གི་ལས་དབང་ལ་དཔྱད་ཞིབ་བྱེད་ཐེངས་རེ་རེར། སྐྱོ་དགོས་པའི་གནས་ཚུལ་གཅིག་ནི་འཛམ་གླིང་དམག་འཁྲུག་གཉིས་པའི་རྗེས་ལ། གཞན་ལ་རང་དབང་གི་ཉི་མ་ཤར་དུས་འུ་ཚང་ལ་བཙན་འཛུལ་གྱི་རླུང་འཚུབ་ལྡང་བ་དེ་རེད། དེ་ཡང་ཞི་བདེ་དང་བག་ཕེབས་ལ་དགའ་བའི་ཐུ་བྷོད་ཚང་ལ་ཕན་ཚུན་འབྲེལ་འདྲིས་ཀྱི་གོམས་གཤིས་མེད་པ་དང། འཛམ་གླིང་སྤྱི་མཐུན་གྱི་ཤེས་ཡོན་མེད་པའི་རྒྱུ་མཚན་གྱིས་ད་ལྟ་འདི་ལྟར་གཞན་བརྟེན་རིང་ལུགས་ཀྱི་འཚོ་བར་འཇུག་དགོས་བྱུང། དེར་བརྟེན་འདི་ལྟར་གཞན་ཡུལ་ནས་འཚོ་དགོས་ཤིང་རང་ཡུལ་ནས་སྒུག་དགོས་པའི་ལས་དབང་འདི་མདོར་བསྡུས་ན་མི་རིགས་རིང་ལུགས་ཀྱི་ངོ་བོ་བསྐྱར་གསོ་དང་དར་སྤེལ་གཏོང་ཆེད་ཡིན་ལ། ལྷག་པར་ཐུ་བྷོད་ཚང་གི་སྲིད་འབྱོར་རིག་གསུམ་གྱི་རྩ་བ་ཇེ་རྒྱས་དང་ཡལ་ག་ཇེ་འཕེལ་གྱི་དམིགས་ཡུལ་ཁོ་ནའོ། །
དེ་ལྟ་བུའི་ངོ་བོ་ཞིག་སྲུང་འཛིན་བྱེད་དགོས་པ་ལ་ཐབས་ལམ་ཉག་གཅིག་མཆིས་པ་ནི་སློབ་སྦྱོང་རེད། སློབ་སྦྱོང་དེ་སྲོལ་རྒྱུན་དང་དེང་རབས་རིག་གནས་ཞེས་ཕན་ཚུན་དབྱེ་འབྱེད་ཀྱི་ལྟ་བར་མི་འཇུག་པར་ལེགས་ཉེས་བླང་དོར་གྱི་བློ་ཁ་ཕྱེས་ཏེ་གཅིག་ལ་གཅིག་ཕན་གྱི་ལམ་སྣེར་འབྲང་རྒྱུ་དང་གཅིག། དེ་བཞིན་བོད་པའི་རིག་གཞུང་ཁོ་ནར་བློ་ཡིད་ཚིམས་ཏེ་གཞན་གྱི་རིག་གཞུང་ལ་མི་འཇུག་པའི་བློ་ཁ་དོར་ཏེ་དེང་རབས་རིག་གནས་ལ་འཇུག་རྒྱུ་དང་གཉིས། ལྷག་པར་རང་གི་བློ་ཁ་ཕྱོགས་སྟངས་དང་ནུས་པ་འདོན་སྟངས་བཅས་ཀྱི་གནས་བབ་ལ་གཞིགས་ཏེ་མིང་དོན་མཚུངས་པའི་རིགས་གཅིག་རྐང་འཛིན་བྱེད་རྒྱུ་བཅས་ནི་མི་རིགས་རིང་ལུགས་ཀྱི་ངོ་བོ་སྲུང་འཛིན་དང་དར་སྤེལ་གྱི་དགོས་མཁོ་ཡིན་ལ་སློབ་སྦྱོང་གི་དམིགས་ཡུལ་ཡང་ཡིན།

༢། རྒྱལ་སྤྱིའི་རིང་ལུགས་ཀྱི་ངོ་བོའི་ཐད་ནས་སློབ་སྦྱོང་གི་དམིགས་ཡུལ།

༸གོང་ས་མཆོག་གིས་རྟག་ཏུ་འདབ་གཤོག་གཉིས་ལྡན་གྱི་ཤེས་ཡོན་པ་སྐྱེད་སྲིང་བྱེད་དགོས་ཞེས་གསུང་བཞིན་པའི་རྩ་བ་ནི་མི་རིགས་ཀྱི་ངོ་བོ་མ་བརླག་པ་ཞིག་དགོས་ན་རྒྱལ་སྤྱིའི་གར་སྟེགས་སྟེང་འགྲིམ་དགོས་པའི་བསླབ་བྱའོ། །རྒྱུ་མཚན་འདས་པའི་ལོ་རྒྱུས་ལས་གསལ་བཤད་བྱས་ཡོད་ལ། དེ་བཞིན་ང་དགུ་ལོའི་གོད་ཆག་མྱངས་པའི་སྐབས་སུ་༸གོང་ས་མཆོག་གིས་རྒྱལ་སྤྱིའི་མཉམ་སྦྲེལ་རྒྱལ་ཚོགས་ལ་ཞུ་ཡིག་ཐེངས་འགར་ཕུལ་མོད་འབྲས་བུ་གང་ཡང་མ་བྱུང།
དེ་ཡང་ཕྱོགས་གཅིག་ནས་ལྷོ་ཀོ་རི་ཡ་དང་བྱང་ཀོ་རི་ཡའི་དམག་འཁྲུག་གི་དཀའ་ངལ་ལོས་ཡིན་མོད། འོན་ཀྱང་ཕྱོགས་གཞན་ཞིག་ནས་ཐུ་བྷོད་ཚང་གི་གནས་བབ་ལ་རྒྱབ་སྐྱོར་དང་བསམ་གཞིགས་བྱེད་མཁན་གྱི་རྒྱལ་ཁབ་དབེན་པའི་གནས་སྟངས་ཀྱིས་ཡིན།
འོ་ན་རྒྱལ་སྤྱིའི་རིང་ལུགས་ཀྱི་ངོ་བོ་ཚང་བའི་སློབ་སྦྱོང་ཞིག་གནང་དགོས་ན་ཇི་ལྟར་བྱ་ཞེས་རང་ཉིད་ཀྱིས་རང་ཉིད་ལ་ནན་འདྲི་བྱེད་དུས། དེའང་གཙོ་བོ་དེང་རབས་རིག་གནས་ཏེ། ཚན་རིག་དང། ཁྲིམས་ལུགས། དཔལ་འབྱོར་རིག་པ་སོགས་ལ་ནང་བྱན་ཆུད་པའི་ཆེད་མཁས་པ་སྐྱེད་སྲིང་བྱེད་ཐུབ་ཚེ། མི་རིགས་ཀྱི་ཡ་ང་བའི་གནས་སྟངས་དང་དྲང་བདེན་མ་ཡིན་པའི་རྒྱ་ནག་གི་སྲིད་ཇུས་བཅས་ལ་འགྲེལ་བརྗོད་དང་བདེན་དཔང་བྱེད་ཐུབ་པར་མ་ཟད། རྒྱལ་སྤྱིའི་སྡིངས་ཆ་རུ་ཐུ་བྷོད་ཅེས་པའི་མིང་བྱང་ཞིག་གི་ངོ་བོ་མངོན་ཐུབ་པ་ཙམ་གྱིས་མ་ཡིན་པར་རྒྱལ་སྤྱིའི་མི་དམངས་ཀྱིས་ངེས་ཤེས་ཟིན་ཐུབ་པ་ཞིག་མངོན་ཐུབ། འདི་ནི་མདོར་བསྡུས་ན་འདས་པའི་ལོ་རྒྱུས་ལས་བསླབ་བྱ་བླངས་ཏེ་མ་འོངས་པར་འཚོལ་སྙེག་བྱེད་པའི་ལག་ཆ་དང་པོ་སྟེ་བོད་མིའི་སློབ་སྦྱོང་གི་དམིགས་ཡུལ་ཡང་ཡིན།

༣། སྔོན་ཐོན་རིང་ལུགས་ཀྱི་ངོ་བོའི་ཐད་ནས་སློབ་སྦྱོང་གི་དམིགས་ཡུལ།

སྤྱིར་བཏང་འཛམ་གླིང་གི་རྒྱལ་ཁབ་སོ་སོར་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་ཡོད་པ་རེད། དཔེར་ན། རྒྱ་ནག་ལྟ་བུར་མཚོན་ན་དཔལ་འབྱོར་གྱི་ཆ་ནས་འཛམ་གླིང་གི་ཨང་གཉིས་པ་ཡིན་རུང། རྒྱལ་སྤྱིའི་སྟེང་དྲག་པོའི་ལས་ཁོ་ནར་འཇུག་པའི་བཙན་རྒྱལ་རིང་ལུགས་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། དེ་བཞིན་འཇར་པན་ལྟ་བུར་མཚོན་ན་ཐོན་སྐྱེད་ཀྱི་རྒྱུ་ཆ་ཕུན་སུམ་ཚོགས་པའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་གནང་གི་ཡོད་པ་དང། དེ་མཚུངས་ཨ་རབ་ལྟ་བུར་མཚོན་ན། སྣུམ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད།
འོན་ཀྱང་ཐུ་བྷོད་ཚང་ལ་ཅི་ཡང་དབེན་ལ། ཐ་ན་རང་ཉིད་ཀྱི་རིག་གཞུང་རྩ་ཆེན་པོ་དེའང་བརླག་ལ་ཉེ། ལྷག་པར་འཚོ་ས་མཐོ་སྒང་ཡིན་རུང་སྙེག་ས་འཛམ་གླིང་གི་མཐའ་མ་རེད། རྒྱུ་མཚན་འདི་དག་ལ་བརྟེན་ནས་སྔོན་ཐོན་རིང་ལུགས་ཀྱི་ངོ་བོ་ཚང་བའི་རྒྱལ་ཁབ་ཅིག་གི་སླད་དུ་སློབ་སྦྱོང་བྱེད་དགོས།
དེ་ཡང་གཙོ་བོ་མི་རིགས་རིང་ལུགས་ཀྱི་ངོ་བོ་དང་རྒྱལ་སྤྱིའི་རིང་ལུགས་ཀྱི་ངོ་བོ་ལྡན་པའི་ཐོག་ནས་སློབ་སྦྱོང་གནང་ན་དེ་ལ་ད་གཟོད་སྔོན་ཐོན་རིང་ལུགས་ཞེས་བརྗོད་པ་ལས། མི་རིགས་ཀྱི་ངོ་བོ་བརླགས་ཏེ་རྒྱལ་སྤྱིའི་ངོ་བོར་འཇུག་པའམ། རྒྱལ་སྤྱིའི་ངོ་བོ་བརླག་ཏེ་མི་རིགས་ཀྱི་ངོ་བོ་ཁོ་ནར་འཇུག་ན་དེ་ལ་དོན་སྟོང་རིང་ལུགས་ཞེས་བརྗོད་པ་ལས་སྔོན་ཐོན་རིང་ལུགས་ཞེས་ནམ་ཡང་མི་བརྗོད། གནས་ལུགས་འདི་ལ་བསམ་གཞིགས་ཀྱིས་ཆ་ཡོངས་སུ་རྫོགས་པའི་ལམ་ཁ་ཞིག་ལ་འཇུག་དགོས་ན་ཁ་ཕྱོགས་དང་ཕུགས་འདུན་མ་ནོར་བ་གནང་རྒྱུ་ནི་སྔོན་ཐོན་རིང་ལུགས་ཀྱི་འགན་འཁྲི་ཡིན་ལ་བོད་མིའི་སློབ་སྦྱོང་གི་དམིགས་ཡུལ་ཡང་ཡིན།

མཇུག་གཏམ།

ཐུ་བྷོད་ཚང་ལ་སློབ་སྦྱོང་དབེན་པའི་དཀའ་ངལ་དང་རྒྱལ་ཁབ་གཞན་ལ་སློབ་སྦྱོང་ཐད་ཀྱི་རྙོག་དྲ་བཅས་མངོན་སུམ་མ་ཡིན་པའི་དཀའ་ངལ་གྱིས་ཡོད་ཚད་ལ་བརྡབ་གསིག་ཐེབས་བཞིན་ཡོད། འདི་དག་ལ་ཞིབ་འཇུག་བྱེད་ཐེངས་རེ་རེར། ལེགས་ཉེས་ཀྱི་ཆ་རེ་རེ་ཡོད་པ་ནི་སློབ་སྦྱོང་གི་དམིགས་ཡུལ་དང་དམིགས་ཡུལ་གྱིས་སྤྱི་ཚོགས་ལ་སྤྲོས་པའི་འབྲས་བུ་རེད། ལེགས་པའི་ཆ་ནི་སློབ་སྦྱོང་གི་འབྲས་བུ་རེད་ལ། ཉེས་པའི་ཆའང་སློབ་སྦྱོང་གི་འབྲས་བུ་རེད། རྒྱུ་མཚན་ཞིང་ལ་ས་བོན་ཁྱད་མེད་ཀྱང། །ལོ་ཏོག་ཁྱད་པར་ལྷག་ཏུ་མཛེས། །ཞེས་པ་ལྟར་སློབ་སྦྱོང་གི་འབྲས་བུ་ལས་ལེགས་པའི་ཆ་ནི་གཞན་ཕན་དང། ཉེས་པའི་ཆ་ནི་རང་ཕན་རེད། རང་ལྟ་མཁྲེགས་འཛིན་གྱི་ལས་ཀྱིས་སློབ་སྦྱོང་ལྡན་ཡང་བདེ་བ་དཀོན། གཞན་ཕན་ལྷག་བསམ་གྱི་ལས་ཀྱིས་སློབ་སྦྱོང་ལྡན་ལ་བདེ་བ་ལྡན། གནས་ལུགས་འདི་ལ་དཔྱད་ཞིབ་ཀྱིས་སློབ་སྦྱོང་གནང་དགོས་པ་ནི་ཧ་ཅང་གི་གལ་གནད་ཡིན་པར་མ་ཟད་བོད་མིའི་སློབ་སྦྱོང་གི་དམིགས་ཡུལ་ཡིན། །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིར་བོད་མིའི་སློབ་སྦྱོང་གི་དམིགས་ཡུལ་ནི་ཅི་ཞིག་ཡིན་པ་ཁག་གསུམ་དུ་བགོས་ཏེ་ཞིབ་བརྗོད་བྱས་ཡོད་པ་སྟེ། དེ་ནི་མི་རིགས་རིང་ལུགས་དང་རྒྱལ་སྤྱིའི་རིང་ལུགས། ད་དུང་སྔོན་ཐོན་རིང་ལུགས་སུ་འགྱུར་རྒྱུ་བཅས་ཀྱི་ཆེད་དུ་ཡིན་པར་རིག་པས་བསྒྲུབས་པའི་སྒྲུབ་རིམ་ཅུང་ཟད་འོས་ཤིང་འཚམས།
རྩོམ་ཡིག་འདིའི་སྒྲིག་གཞི་ལེགས་ལ་རྗོད་བྱེད་ཚིག་གི་སྡེབ་སྦྱོར་ཡང་བཟང་བས་ཀློག་བདེ་ལ་གོ་སླ་བའི་ཁྱད་ཆོས་ལྡན། འོན་ཀྱང་བསྒྲུབ་བྱ་བསྒྲུགས་པའི་བརྒྱུད་རིམ་ནང་གཏན་ཚིགས་དང་མི་མཐུན་པར་བཙན་ཚུགས་བྱས་པ་རེ་འགའ་མཆིས་པས་ཐུགས་གཟབ་ཡོང་བར་ཞུ།
སྤྱིར་རྩོམ་ཡིག་གི་བརྗོད་བྱའི་ནང་དོན་ཟབ་ཚད་དང་ཁྱབ་ཚད་གང་ལ་ལྟོས་ཀྱང་རྩོམ་པ་པོ་བོད་མི་རིགས་ཐོག་ཐུགས་ཁུར་དང་སེམས་ཤུགས་བཅོས་མིན་ཞིག་ཡོད་པ་གསལ་པོར་མངོན་འདུག
རྩོམ་ཡིག་འདི་འགོ་འཛུགས་སྟངས་དང་མཇུག་སྡུད་སྟངས་སོགས་ཕྱོགས་གང་ཐད་ནས་ལེགས་པོ་བྱུང་འདུག

བོད་མིའི་ཤེས་ཡོན་གྱི་དམིགས་ཡུལ།(ཨང་གཉིས་པ)

འབྲུག་ཐར་རྒྱལ། གོ་པལ་པུར་བོད་ཁྱིམ། 

མཐོ་མཐོ་འཛམ་གླིང་ཟླུམ་པོའི་ཡང་རྩེ་རུ། ། དཀར་དཀར་གངས་དཀར་ཕྱི་ཡི་ལྕགས་རི་དང། །
མཛེས་མཛེས་སྤང་ལྗོངས་ནགས་ཚལ་བརྒྱན་པའི་ལྗོངས། །ཤར་ནུབ་ཀུན་ལ་འབྲུག་ལྟར་ལྡིར་ལྡིར་གྲགས། །
ལོ་རྒྱུས་དྲང་མོའི་གླེགས་བམ་དཀར་ཆག་ངོར་། །སྲིད་འབྱོར་རིག་གསུམ་འོད་ཟེར་གླིང་བཞིར་ཁྱབ། །
མཁས་མཛངས་སློབ་དཔོན་ཐོན་མི་བོད་ལ་འཁྲུངས། །སྤུར་རྒྱལ་ཚང་གི་མུན་པའི་སྨག་རུམ་བཅོམ། །ཞེས་ང་ཚོས་གླེང་དགོས་ལ་འཚོལ་དགོས་པ་ནི་འདས་མ་ད་གསུམ་གྱི་ཤེས་ཡོན་གྱི་གནས་སྟངས། སློབ་སྦྱོང་གི་དམིགས་ཡུལ། ཤེས་ཡོན་གྱི་གྲུབ་འབྲས་དང་ཤེས་ཡོན་གྱི་འཐུས་ཤོར་རེད།

༡། འདས་པའི་ཤེས་ཡོན་གྱི་འཐུས་ཤོར།

ལོ་ངོ་སྟོང་ཕྲག་མང་པོའི་ཡར་སྔོན་ན་བཙན་པོའི་སྙིང་སྟོབས་ཀྱིས་སྟོད་རྒྱ་གར་འཕགས་པའི་ཡུལ་ནས་སྨད་རྒྱ་ནག་མཆོད་རྟེན་དཀར་པོ་ཙམ་མ་ཟད་ཨེ་ཤེ་ཡའི་གླིང་ཆེན་གྱི་བཅད་མཚམས་ཀྱིས་མ་ཁོགས་པར་ཨ་རབ་སོགས་ལའང་དབང་བསྒྱུར་བ་ནི་བོད་ཀྱི་རིག་གནས་ཀྱི་སྙིང་སྟོབས་དང་བྲལ་ཐབས་མེད། ཡིན་ནའང་བརྒྱུད་རིམ་དེ་དག་གི་ནང་ལ་བོད་ཀྱི་ཤེས་ཡོན་འདི་དགོན་སྡེ་ཁག་གི་ནང་ལ་གྲྭ་བཙུན་རྣམས་ཀྱིས་སློབ་གཉེར་བྱེད་པ་ལས་མང་ཚོགས་དཀྱུས་མའི་ནང་ཁྱབ་ཐུབ་མེད་པས་བོད་མི་བརྒྱ་ཆ་བརྒྱད་ཅུ་ཙམ་ཞིག་ཡིག་རྨོངས་ཡིན། དེ་བས་ལོ་ངོ་དེ་དག་གི་རིང་བོད་མི་རྣམས་ཀྱིས་རང་ལྟ་མཆོག་འཛིན་གྱི་རྒྱལ་ཁབ་གཞན་སུ་ལའང་འབྲེལ་བ་བཙུགས་མེད་ལ། བོད་ནང་གི་ཤེས་ལྡན་པ་དང་བསམ་བློ་ཅན་མང་པོ་ཞིག་བརྡུང་བ་སོགས་ཀྱི་བོད་ནང་ལ་འགྱུར་བ་གང་ཡང་བྱུང་ཐུབ་མེད། དེ་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་དང་རྩིས་དཔོན་ལུང་ཤར་པ། ༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་སོགས་ཀྱིས་བོད་རྗེས་ལུས་ཀྱི་མུན་པ་གྲོལ་འདོད་ནའང་མཐའ་མ་ཁོང་རྣམས་ཀྱང་བཀྲོངས་ཡོད། དེ་བས་ཕྱི་ཕྱོགས་ནས་བྲོས་བྱོལ་དུ་ཡོང་བའི་ནུབ་གླིང་པ་རེ་ཟུང་ལས་བྱུང་མེད། བརྒྱུད་རིམ་དེ་དག་ལས་ཚན་རྩལ་རིག་གནས་དང་གལ་གནད་ཆེ་བའི་ཤེས་བྱ་མང་པོ་ཞིག་ལ་ང་ཚོ་རྗེས་སུ་ལུས་ཡོད། འདི་ནི་འདས་པའི་ལོ་རྒྱུས་ལས་ང་ཚོའི་འཐུས་ཤོར་གྱི་བརྒྱུད་རིམ་ཁོ་ནའོ། །

༢།  ༸གོང་ས་མཆོག་གི་དགོངས་གཞི་དང་ཤེས་ཡོན་གྱི་དམིགས་ཡུལ།

དུས་ཚོད་ནི་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་བཞིན་གཅིག་རྗེས་གཉིས་མཐུད་ཀྱིས་བཞུར་བས་དུས་ཀྱི་འགྱུར་ལྡོག་དང་སྤྱི་ཚོགས་ཀྱི་འཕེལ་འགྲིབ་སྣ་ཚོགས་བར་ནས་རྒྱ་ནག་དམར་པོས་བཙན་འཛུལ་དང་གཉའ་གནོན། རྩ་གཏོར་གསུམ་གྱིས་ཕ་ས་བོར་ཞིང་ཕ་ཡུལ་དང་བྲལ་ནས་ང་ཚོའི་ཤེས་ཡོན་ཐོག་གསར་བརྗེ་ཆེན་མོ་ཞིག་བྱུང་ཡོད། ༸སྐྱབས་མགོན་རིན་པོ་ཆེ་མཆོག་རྒྱ་གར་ལ་ཕེབས་མ་ཐག་ཁོང་རང་ཉིད་ལ་བཞུགས་ཡུལ་སོགས་མཐུན་རྐྱེན་ལེགས་པོ་མེད་ནའང་རྒྱ་གར་སྲིད་བློན་ནེ་རུ་མཆོག་དང་མཇལ་འཕྲད་གནང་སྟེ་ཆེས་ཐོག་མར་བོད་ཕྲུག་རྣམས་ལ་ཤེས་ཡོན་གྱི་བསྟི་གནས་ཤིག་འཛུགས་ཐབས་གནང་ཡོད། དུས་དེར་སྲིད་བློན་མཆོག་གིས་ཁྱེད་རང་གི་ཕྲུ་གུ་རྣམས་རྒྱ་གར་གྱི་སློབ་གྲྭ་ལེགས་གྲས་ནང་ལ་བཏང་ན་འགྲིགས། ཁྱེད་རང་ཚོའི་སློབ་མ་རྣམས་ལ་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་གོམས་སྲོལ་ཤིན་ཏུ་གལ་ཆེན་པོ་ཡིན་ཡང་དེ་བས་དེང་རབས་ཀྱིི་ཚན་རྩལ་རིག་གནས་སོགས་དེ་བས་གལ་ཆེ་སོགས་ནེ་རུ་མཆོག་གིས་གསུངས་ཡོད། བརྒྱུད་རིམ་འདི་ལས་ང་ཚོས་རྟོགས་ཐུབ་པ་ནི་བོད་པའི་ཤེས་ཡོན་གྱི་དམིགས་ཡུལ་ནི། ༡) མི་རིགས་ཤིག་འབྱུང་འགྱུར་གང་འདྲ་ཞིག་ལ་འགྱུར་མིན་ནི་འཚར་ལོངས་འབྱུང་བཞིན་པའི་ན་ཆུང་སློབ་གཉེར་བ་རྣམས་ལ་རག་ལས་པས་དེ་ཡང་རང་མི་རིགས་ཀྱི་ཆོས་དང་རིག་གཞུང། ཡུལ་སྲོལ་གོམས་གཤིས། རང་རེའི་སྐད་ཡིག་སོགས་ལ་བྱང་ཆུབ་ཅིང་མི་རིགས་ཤིག་གི་ལས་དབང་ལ་བསམ་གཞིགས་བྱེད་ཐུབ། ཕྱིའི་རིག་གནས་ཀྱི་ལེགས་ཆ་དང་མ་ལག་མང་པོ་ཞིག་ནང་འདྲེན་ཐུབ། ༢) དེང་དུས་ཀྱི་ཤེས་ཡོན་ལྡན་པ། བྱ་ཞིག་ཡིན་ཚེ་གཤོག་པ་ཡ་གཅིག་གིས་འཕུར་མི་ཐུབ་པ་བཞིན། རང་མི་རིགས་ཀྱི་སྐད་ཡིག་དང་ལེགས་བྱང་ལ་ཤེས་རྒྱ་ཆེ་ཞིང། དེང་རབས་ཀྱི་ཤེས་ཡོན་སྤྱི་དང་བྱེ་བྲག་སྟེང་ལ་སྦྱངས་པ་ཆེ་ཞིང་རང་ཉིད་ཀྱི་རིགས་གཅིག་རྐང་འཛིན་གྱི་ལམ་བུར་ཞུགས་ནས་འཛམ་གླིང་མཁས་པ་སྤྱི་དང་དཔུང་པ་མཉམ་གཤིབས་ངང་བསྐྱོད་ཐུབ་པ། ཕྱིའི་རིག་གནས་གལ་ཆེན་མང་པོ་ཞིག་རང་རེའི་སྐད་ཡིག་ནང་ལ་ཁ་གསབ་བྱེད་དགོས་པ་རེད། ༣)  ཀུན་སྤྱོད། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། སྟོན་པ་གཉིས་པར་གྲགས་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་མཆོག་གིས་གསུངས་པ་ལྟར་སློབ་གཉེར་བྱེད་པའི་ཕུགས་འདུན་གཙོ་བོ་ཞིག་ནི་སྤྱིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གནད་དོན་ཇི་ལྟར་ཡང་གཙོ་བོ་ཚུལ་ཁྲིམས་དང་ཀུན་སྤྱོད་རིག་པ་སོགས་བྲལ་ཐབས་མེད་པས་ཤེས་ཡོན་གྱི་དམིགས་ཡུལ་གཙོ་བོ་ཡང་དེ་ལྟར་ཡིན་པར་སྨོས་ཅི་དགོས།

༣། འདས་པའི་ལོ་ངོ་ལྔ་བཅུའི་སློབ་སྦྱོང་གི་དམིགས་ཡུལ་ཕྱོགས་ཀྱི་འཐུས་ཤོར།

༡ སྲོལ་རྒྱུན་ཤེས་ཡོན་གྱི་འཐུས་ཤོར།
འདས་པའི་ལོ་ངོ་བཅུ་ཕྲག་ལྔ་ཙམ་གྱི་རིང་ལ་གཞན་དབང་སྟབས་བསྟུན་གྱིས་རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་ལས་བོད་རང་གི་ཤེས་ཡོན་སྲིད་བྱུས་གསར་བཟོ་བྱེད་ཐུབ་མེད། རྒྱ་གར་ལ་མཚོན་ན་རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་འདི་དབྱིན་ཇི་གཞུང་གིས་བཟོས་ཏེ་རྒྱ་གར་རྩ་གཏོར་འགྲོ་བའི་ཕུགས་འདུན་བཅངས་ཡོད། དེ་བས་ང་ཚོ་བོད་ཕྲུག་མང་པོ་ཞིག་རང་རེའི་སྐད་ཡིག་དང་ལེགས་བྱང་རྣམས་དང་ཐག་ཇེ་རིང་ནས་ཇེ་རིང་ལ་གྱུར་ཞིང་མཐའ་མར་བོད་ཕྲུག་རང་ཉིད་ཀྱིས་རང་རེའི་སྐད་ཡིག་སྦྱངས་པའི་བསྐལ་བ་མེད་པ་ཆགས་ཡོད། ད་ལྟའི་ཆར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་ཚར་ནའང་གཞི་རིམ་སློབ་གྲྭ་ཁག་མང་པོ་ཞིག་གི་ནང་ལ་ལག་བསྟར་བྱེད་མ་ཐུབ་པའམ་བྱེད་འདོད་མེད་པས་ངང་ཁེར་རྐྱང་དུ་ལུས་བཞིན་ཡོད། མཁས་དབང་ཆེན་མོ་སི་ཏ་ལིན་གྱིས་གསུངས་པ་བཞིན་མི་རིགས་ཤིག་ལོ་རྒྱུས་སྟེང་ལ་གནས་དགོས་ན། མི་རིགས་དེའི་སྐད་ཡིག་བཀོལ་སྤྱོད་ཀྱི་ཁྱབ་ཁོངས་ཡངས་པོར་བསྐྲུན་དགོས་པ་དང་དེ་ལས་ལྡོག་སྟེ་མི་རིགས་ཤིག་རྩ་མེད་བཟོ་དགོས་ན་ཐོག་མར་མི་རིགས་དེའི་སྐད་ཡིག་རྩ་མེད་བཟོ་དགོས་གསུངས་པ་བཞིན་སྐད་ཡིག་གིས་མི་རིགས་སྲུང་ཞིང་མི་རིགས་ཀྱིས་སྐད་ཡིག་ངེས་པར་དུ་སྲུང་དགོས། འབྱུང་འགྱུར་ལོ་འགའ་ཤས་ནང་ལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་པར་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱ་རྒྱུ་ནི་ཤིན་ཏུ་གལ་གནད་ཆེ།
༢ རིགས་གཅིག་རྐང་འཛིན་གྱི་འཐུས་ཤོར།
ལོ་ངོ་དེ་དག་གི་ནང་ལ་བོད་ཕྲུག་སྟོང་ཕྲག་སོ་གསུམ་ནས་སོ་ལྔ་དབར་མཐར་ཕྱིན་ཡོད་ནའང་ད་ལྟའི་ཆར་ང་ཚོའི་སྤྱི་ཚོགས་ནང་ལ་རིགས་གཅིག་རྐང་འཛིན་དང་འདབ་གཤོག་གཉིས་ལྡན་ནི་མཛུབ་མོས་བགྲང་རྒྱུ་ཙམ་ལས་མི་འདུག་ཅེས་ཤེས་ཡོན་པ་དང་རྩོམ་པ་པོ་མང་པོ་ཞིག་གིས་གསུང་བཞིན་ཡོད། ང་ཚོའི་རིགས་གཅིག་རྐང་འཛིན་པ་མང་པོ་ཞིག་གསོ་སྐྱོང་བྱས་ཏེ་འཛམ་གླིང་མཁས་པའི་དཀྱིལ་འཁོར་ལ་དཔུང་པ་མཉམ་གཤིབས་ངང་བསྐྱོད་ཐུབ་པ་དང་འཛམ་གླིང་འགོ་ཁྲིད་ནས་མདུན་སྐྱོད་ཐུབ་པ་མང་དག་ཅིག་དགོས། འདི་ནི་ང་ཚོའི་འཐུས་ཤོར་ཆེ་ཤོས་ཤིག་ཡིན།
༣། ཤེས་ཡོན་བརྗེ་ལེན་དང་ནང་འདྲེན་གྱི་འཐུས་ཤོར།
ད་ལྟའི་ཆར་བོད་ཕྱི་ནང་གཉིས་ལ་ཤེས་ལྡན་པ་ནམ་མཁའི་སྐར་ཚོགས་ལྟར་མཆིས་ནའང་འཛམ་གླིང་གི་ཤེས་ཡོན་གལ་གནད་ཅན་མང་དག་ཅིག་ནང་འདྲེན་བྱེད་མ་ཐུབ་པ་དང་གཅིག  ཤར་ནུབ་ཀྱི་ཤེས་ཡོན་མང་པོ་ཞིག་ཞིབ་སྡུར་དང་ཕྱོགས་སྡོམ་བྱེད་མ་ཐུབ་པ། དེ་བས་གནད་དོན་མང་དག་ཅིག་ལ་ང་ཚོས་ཁ་གསབ་བྱ་དགོས་པའི་སྟོང་ཆ་མང་པོ་ཞིག་ཡོད། དེ་དག་ཀྱང་ང་ཚོས་འབྱུང་འགྱུར་ཡིད་གཟབ་བྱེད་དགོས་པའི་གནད་དོན་ཞིག་རེད་སྙམ།
༤། མང་ཚོགས་ཤེས་ཡོན་ཅན་ལ་གྱུར་པ།
ལོ་ཟླ་འགའི་སྔོན་ལ་ང་ཚོར་རྗེས་ལུས་དང་རྨོངས་དད། ཀླ་ཀློ་ཞེས་འབོད་མཁན་ཡང་བྱུང་མྱོང་ཡོད། འོན་ཀྱང་དེ་རིང་གི་ང་ཚོ་བོད་མི་བརྒྱ་ཆ་དགུ་ཅུ་ཙམ་ཞིག་ཤེས་ཡོན་ཅན་ལ་གྱུར་ཡོད་ལ། མང་ཚོགས་ཤེས་ཡོན་གྱིས་དེང་རབས་ཕྱོགས་སུ་ཁ་ལོ་བསྒྱུར་ཐུབ་ཡོད། དེང་རབས་ཀྱི་ལམ་བུ་ན་དགོད་སྒྲ་དང་སྤྲོ་སྣང་ངང་མདུན་སྐྱོད་བྱེད་མཁན་ཞིག་ལ་གྱུར་ཡོད།
༥། ང་ཚོའི་རིག་གནས་འཛམ་གླིང་གི་རིག་གནས་སུ་གྱུར་ཡོད།
དེ་རིང་དུས་རབས་ཉེར་གཅིག་པའི་ནང་བོད་ཀྱི་ནང་དོན་རིག་པ་གཙོས་བཅུ་ཕྲག་རིག་གནས་དེ་དག་འཛམ་གླིང་གི་རིག་གནས་མ་ལག་གལ་ཆེན་ཞིག་ཏུ་གྱུར་ཡོད། ༸གོང་ས་མཆོག་གིས་ཀྱང། དུས་རབས་འདིར་ང་ཚོའི་རིག་གནས་ཀྱིས་ཏན་ཏན་གཞན་ལ་ཕན་ཐོགས་འབྱུང་གི་རེད་ཅེས་གསུངས་པ་བཞིན་ཤར་ནུབ་ཀུན་ལ་བོད་ཀྱི་རིག་གནས་སྦྱོང་མཁན་ཇེ་མང་ནས་ཇེ་མང་དུ་གྱུར་ཞིང་རིག་གནས་དེ་དག་གིས་གཞན་ལ་བློ་སྐྱེད་མང་པོ་སྟེར་ཐུབ་ཀྱི་ཡོད།

མཇུག་གི་གཏམ།

ལར་ཞེན་སྟོབས་ཕྱུག་པའི་ཕ་བཟང་བུ། །ཤ་ཁྲག་གདོང་རྒྱུད་གཅིག་པའི་སྤུན་གྲོགས་ཚོ། །
བོད་མིའི་སློབ་སྦྱོང་དམིགས་ཡུལ་ཕུགས་འདུན་ལ། །ཕྲན་གྱི་རིག་པའི་དཔྱད་དེ་རྩོམ་འདི་བྲིས། །
རྒྱལ་དབང་དམ་པའི་བཀའ་དགོངས་ཐུགས་རེ་བཞིན། །ཤེས་བྱའི་ཐང་ནས་རིག་པའི་རྟ་ལ་བཅིབས། །
མི་རིགས་འདི་ཡི་འབྱུང་འགྱུར་མདུན་ལམ་དེ། །ང་ཚོ་མི་རབས་གསར་པའི་ལག་ན་ཡོད། །

རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིར་གཙོ་བོར་འདས་ཟིན་པའི་དུས་ཀྱི་འཐུས་ཤོར་སྐོར་གླེང་ཡོད། སྲོལ་རྒྱུན་རྩོམ་རིག་གི་རྩོམ་སྟངས་ལས་ཤིས་པར་བརྗོད་པའི་ཚིགས་བཅད་ཀྱིས་རྩོམ་འགོ་གླེང་སྟེ་རིམ་གྱིས་བརྗོད་གཞི་དངོས་ཏེ་འདས་པའི་ལོ་རྒྱུས་སྟེང་གི་འཐུས་ཤོར་དང་བར་བར་དུ་ཁ་གསབ་དང་བར་བཅུག་གི་ཐབས་ལ་བརྟེན་ནས་བོད་མིའི་སློབ་སྦྱོང་གི་དམིགས་ཡུལ་གང་ཡིན་པ་གསལ་པོར་བརྗོད་ཡོད།
རྩ་བའི་ས་བཅད་ལྔ་དང་གླེང་གཞི་དང་མཇུག་གཏམ་སོགས་གསལ་པོར་དབྱེ་ཡོད་པ་ནི་དཔྱད་རྩོམ་གྱི་རྣམ་པ་མངོན་གསལ་དོད་པོར་བྱས་པའི་ཁྱད་ཆོས་སུ་བགྲང་ཆོག། བརྗོད་བྱའི་ནང་དོན་རྒྱ་ཆེ་ཞིང་གནད་ལ་ཁེལ་བ་དང་བསམ་བློའི་འཁོར་རྒྱ་ཡངས་པ།  དེ་བཞིན་རྗོད་བྱེད་ཚིག་ཀྱང་ཀློག་བདེ་ལ་གོ་སླ། འོན་ཀྱང་བསྒྲུབ་བྱ་གང་ཞིག་སྒྲུབ་པའི་རིམ་པ་དང་སྒྲུབ་བྱེད་ཡོད་ཚད་འཐད་ལྡན་དུ་བརྩི་རྒྱུ་ཁག་པོར་སྣང་། ད་དུང་དུམ་མཚམས་རེའི་ཁ་བྱང་དང་བརྗོད་དོན་གཉིས་ཀྱི་བར་ནའང་བར་ཐག་ཅུང་འདུག་སྙམ།

བོད་མིའི་སློབ་སྦྱོང་གི་དམིགས་ཡུལ།(ཨང་གསུམ་པ)

པད་མ་རྒྱ་མཚོ། གོ་པལ་པུར།

གཅིག།

ས་སྒང་རིལ་མོ་འདིའི་སྒང་དུ་འཚོ་སྡོད་བྱེད་བཞིན་པའི་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་ནི་དཔྱིད་ཀ་ནས་དབྱར་ཁ་དང་སྟོན་ཁ་ནས་དགུན་ཁར་རེས་མོས་ཀྱིས་མགྲོན་པོ་ཇི་བཞིན་འཁོར་སྐྱོད་བྱེད་པ་ལྟར་དར་རྒུད་ཀྱི་བརྒྱུད་རིམ་ཞིག་གི་འགྲོ་ལུགས་ཤིག་ཡོད་པ་རེད། རང་ཅག་གི་མི་རིགས་འདི་ལ་མཚོན་ན་རང་བྱུང་ཁམས་ལ་འཐབ་རྩོད་བྱས་པའི་འབྲས་བུའི་ས་བོན་ཡོངས་སུ་སྨིན་ནས་ཡོད་པ་ཞིག་ཡིན།
བོད་མིའི་སློབ་སྦྱོང་གི་དམིགས་ཡུལ་ནི་ཐོག་མཐའ་བར་གསུམ་ཀུན་ཏུ་མི་རིགས་རིང་ལུགས་ཀྱི་ལྟ་བའི་འགག་མདོ་ནས་བརྒལ་མི་རུང་བར་སེམས། ད་སྔ་ང་ཚོའི་མིག་མདུན་དུ་ལྷགས་པའི་སློབ་སྦྱོང་གི་དམིགས་ཡུལ་ནི་མི་རིགས་རིང་ལུགས་ཀྱི་འདུ་ཤེས་ཕྲ་མོ་ཕྱོགས་མི་འདྲ་བ་དང་ཟུར་མི་འདྲ་བ་མང་པོ་ཞིག་ནས་མི་སེམས་ལ་འཇོག་དགོས་རྒྱུ་དེ་རེད། ལྷག་པར་དུ་མི་རིགས་ཤིག་གི་སློབ་སྦྱོང་གི་དམིགས་ཡུལ་གྱི་སྟེང་ནས་བཤད་ན་མི་རིགས་རིང་ལུགས་ཀྱི་འདུ་ཤེས་འདི་གཙིགས་སུ་འཛིན་དགོས་པ་དང་འདུ་ཤེས་འཛིན་སྟངས་འདིས་མིའི་རིགས་ཀྱི་འཚོ་བའི་གྲུབ་ཆ་མང་པོ་ཞིག་ལ་ཚོད་འཛིན་བྱེད་ཀྱི་ཡོད་པས་ཡིན།
བོད་མིའི་སློབ་སྦྱོང་གི་དམིགས་ཡུལ་ནི་དངོས་ཡོད་སྤྱི་ཚོགས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་གཞི་ལ་བཞག་སྟེ་བཤད་དགོས་པ་ཞིག་ལས་འོལ་ཚོད་ཀྱིས་ཧོལ་རྒྱུག་ཁོ་ན་བྱེད་མི་རུང་ངོ་། །འཛམ་གླིང་གི་ཡུལ་གྲུ་གང་སར་ཤེས་བྱའི་གནས་ལ་གོ་རྒྱ་གཅོད་པའི་ལམ་ལུགས་མི་འདྲ་བ་དང།  བྱེད་ཐབས་མི་འདྲ་བ། དམིགས་ཡུལ་མི་འདྲ་བ་མང་པོ་ཡོད་ནའང་བོད་མིའི་སློབ་སྦྱོང་གི་དམིགས་ཡུལ་ནི་མི་རིགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ལས་གསེག་མི་ཉན་ཞིང་གནས་སྟངས་འདྲ་མིན་སྣ་ཚོགས་དང་རྒྱུ་མཚན་འདྲ་མིན་སྣ་ཚོགས་ལ་སྦྱར་ཡང་འདུ་ཤེས་འཛིན་སྟངས་འདི་ལས་གྲོལ་མི་ཉན་པ་ནི་འདས་པའི་ལོ་རྒྱུས་ཀྱི་བསླབ་བྱའི་ངོས་དང་མ་འོངས་བསམ་གཞིགས་ཀྱི་རེ་ལྟོས་གཉིས་ལ་བལྟས་ཀྱང་ཤེས་ཐུབ་ལ། ད་ལྟའི་གནས་སྟངས་སྐྱོ་བོ་འདིའི་ཁ་སྟབས་འོག་གི་བོད་མིའི་ཤེས་ཡོན་ནམ་སློབ་སྦྱོང་གི་དམིགས་ཡུལ་ལ་བལྟས་ཀྱང་ཤེས་ཐུབ་པ་ཞིག་ཡིན།
ང་ཚོ་ལ་སློབ་སྦྱོང་གི་དམིགས་ཡུལ་བརྟན་པོ་ཞིག་དང་འཚོ་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཡིན་པའི་སློབ་སྦྱོང་གི་ལམ་ལུགས་མེད་པས་ན་ད་གཟོད་སློབ་སྦྱོང་གི་དམིགས་ཡུལ་འཚོལ་དགོས་བྱུང་ཞིང་དམིགས་ཡུལ་གང་དེ་ལེགས་ལམ་དུ་བཀྲི་བའི་བྱེད་ཐབས་འཚོལ་དགོས་བྱུང་བ་རེད།

གཉིས།

མིའི་རིགས་ཀྱིས་མ་ཤེས་པ་དེ་ཤེས་པར་བཟོ་བ་ལ་ཤེས་བྱའི་དགོས་མཁོ་གང་མང་ཞིག་གསར་གཏོད་བྱས་ཏེ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ནའང། ཤེས་བྱ་ཇི་སྙེད་ཅིག་གི་གནས་ལུགས་ཀྱི་ངོ་རྟགས་གསལ་པོ་བྱས་མེད་པ་ནི་ཆོས་ལུགས་དང་ཚན་རིག་ཟུང་སྦྲེལ་བྱེད་དགོས་པའི་རྒྱུ་མཚན་གྱིས་ཡིན་ལ། རིགས་ལམ་གང་མང་ཞིག་ལ་ཕུ་ཐག་ཆོད་པའི་བརྡར་ཤ་གཅོད་ཐུབ་ཀྱི་མེད་པའང་གནས་ལུགས་རྒྱུ་མཚན་འདི་འདྲ་ཞིག་ཡོད་པས་ཡིན།
བོད་མིའི་སློབ་སྦྱོང་གི་དམིགས་ཡུལ་ནི་བོད་རང་གི་ད་ལྟའི་དངོས་ཡོད་ཀྱི་འཚོ་བའི་དགོས་མཁོ་གཞི་ལ་བཞག་སྟེ་མི་རིགས་ཀྱི་གནད་དོན་དང་དགོས་མཁོ་མང་པོ་ཞིག་ལ་ཁ་གསབ་བྱས་ཏེ་མི་རིགས་ཀྱི་གནད་དོན་དང་འཐབ་རྩོད་ལ་ཕྱོགས་པ་དང་མཐར་གཏུགས་ན་མི་རིགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་དེ་བོད་མིའི་སློབ་སྦྱོང་གི་དམིགས་ཡུལ་གྱི་ལྟེ་བར་འཇོག་དགོས་པ་རེད། མིའི་རིགས་དང་མི་རིགས་ཆེ་གེ་མོ་ཅི་འདྲ་ཞིག་ཡིན་ཡང་མིའི་རིགས་ཀྱི་འདུ་ཤེས་དང་མི་རིགས་རང་ག་བའི་འདུ་ཤེས་ཡོད་པ་ལས་ད་གཟོད་འཚོ་སྡོད་ཀྱི་དགོས་པ་རྟོགས་ཀྱི་ཡོད་པ་རེད་ལ། མི་རིགས་ཡུན་གནས་ཀྱི་རྩ་བའི་བསམ་བློ་ཡང་ཡོད་པ་རེད།
བོད་མིའི་སློབ་སྦྱོང་གི་དམིགས་ཡུལ་འཛིན་སྟངས་ཀྱང་ཐོག་མར་རང་ཉིད་བོད་མི་ཞིག་ཡིན་པའི་ངོས་དང། བོད་རང་གི་གནས་སྟངས་དང་དཀའ་ངལ་ངོས་འཛིན། མི་རིགས་ཀྱི་འཚོ་བའི་གྲུབ་ཆའི་མ་ལག་རྣམས་ལ་ངེས་ཤེས་འདྲོང་རྒྱུ་དང། ལོ་རྒྱུས་ཀྱི་ལེགས་ཆ་དང་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས་པ་སོགས་ནི་མི་རིགས་རང་གི་སློབ་སྦྱོང་གི་དམིགས་ཡུལ་འཛིན་སྟངས་དེའི་ཐབས་ལམ་ཡིན་པ་ལས་ང་ཚོས་རང་ཉིད་ཀྱི་ལྟ་ཚུལ་དེ་མི་གཞན་པ་ལ་སྐྱེ་དགོས་པའི་གསལ་འདེབས་ནམ་ཡང་བྱེད་མི་ཉན་པས་ཡིན།

གསུམ།

བོད་མིའི་ཤེས་ཡོན་སྒྲུབ་པའི་དོན་སྙིང་ཡང་རང་གཞན་གཉིས་ཀྱི་རྩ་བའི་ཕན་ཡོན་གཙིགས་སུ་འཛིན་གྱི་ཡོད་པ་དང། མི་རིགས་རང་གི་ཁེ་ཕན་གྱི་ཆ་དེ་གཞི་ལ་བཞག་པའི་ཐོག་ནས་མི་རིགས་ཀྱི་གནད་དོན་ཐག་གིས་གཅོད་དགོས་པ་དེ་རེད་ལ། མི་རིགས་ཀྱི་གནད་དོན་ཐག་གཅོད་པ་ལ་ཤེས་བྱ་ཡོན་ཏན་གལ་ཆེན་པོ་དང་ལག་ཆ་ཡག་ཤོས་དེ་ཡིན། སློབ་སྦྱོང་གི་འབྲས་བུ་གང་འདྲ་ཞིག་ཡོང་མིན་དེའི་བྱེད་ཐབས་ལ་རག་ལས་ཤིང་བྱེད་ཐབས་མི་འདྲ་བའི་ངོས་ཀྱི་ཆ་རྐྱེན་ཡང་ཐད་ཀར་སློབ་སྦྱོང་གི་འབྲས་བུའི་བཟང་ངན་ལ་རག་ལས་པ་ཞིག་ཡིན།
མི་རིགས་གང་འདྲ་ཞིག་ཡིན་ཡང་མི་རིགས་དེའི་སྲོལ་རྒྱུན་བསམ་བློའི་འདུ་ཤེས་ཀྱི་སྟེང་ནས་སློབ་སྦྱོང་གི་དམིགས་ཡུལ་འཚོལ་དགོས་པ་དང་དེའི་དམིགས་ཡུལ་དེ་གཞི་ལ་བཞག་པའི་སྟེང་ནས་ཐབས་ལམ་མི་འདྲ་བ་རེ་འཚོལ་གྱི་ཡོད་པ་ནི་འཛམ་གླིང་སྤྱིའི་འགྲོ་ལུགས་ཤིག་ལས་མ་འདས་ན་རང་ཅག་བོད་པའི་སློབ་སྦྱོང་གི་དམིགས་ཡུལ་དང་བྱེད་ཐབས་ཀྱང་འགྲོ་ལུགས་འདིའི་རྗེས་སུ་འབྲངས་དགོས་པར་སེམས། བོད་པའི་བསམ་བློའི་ངོས་ཀྱི་སློབ་སྦྱོང་ནི་གཞུང་ལུགས་གང་ཞིག་བློ་ན་ཡོད་མེད་དང་གཞུང་དེ་ལ་འགྲེལ་བ་རྒྱག་ཐུབ་མིན་ཙམ་དང་སུམ་རྟགས་དག་གསུམ་གྱི་ཡིག་སྡེབ་ཙམ་ཤེས་ན་སློབ་སྦྱོང་གི་གནས་ཚད་མཐོན་པོ་ཞིག་ཡོད་པ་རེད་བསམ་གྱི་ཡོད་མོད། དོན་དེ་ལྟ་བུ་ཞིག་གིས་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་ཟེར་བ་དང་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་སློབ་སྦྱོང་ཟེར་བ་ཡེ་ནས་མེད་པ་ཞིག་རེད།

བཞི།

བོད་མིའི་སློབ་སྦྱོང་གི་དམིགས་ཡུལ་དང་བྱེད་ཐབས་ནི་སྲོལ་རྒྱུན་གྱི་སློབ་སྦྱོང་ཁོར་ཡུག་ནས་དུས་དང་མཐུན་པར་ཁ་ཕྱོགས་དགོས་ཤིང་དེ་ཡང་མི་རིགས་ཀྱི་གནད་དོན་ལ་ཕྱོགས་ཡོངས་ནས་ཕན་ཐོགས་དང་ནུས་པ་འདོན་དགོས་པ་ཞིག་རེད། ད་ལྟའི་གནས་སྟངས་འདིའི་སྒང་ནས་བལྟས་ཚེ་ཤེས་ཡོན་ལམ་ལུགས་ཀྱི་སྐྱ་རིས་ཡང་དག་ཅིག་སྤྱི་ཚོགས་ནང་ཚོགས་པ་སྒེར་སུ་ཞིག་གིས་ཀྱང་གསལ་སྟོན་བྱས་མེད་པར་མ་ཟད་བཙན་བྱོལ་གཞུང་གིས་གཏན་འབེབས་བྱས་པའི་ཤེས་ཡོན་སྲིད་བྱུས་ལ་ཡང་ཁ་ཡ་མི་བྱེད་པར་གནས་ཡོད་པ་འདི་དང། བོད་གཞིས་བྱེས་གཉིས་ཀྱི་ཤེས་ཡོན་ལམ་ལུགས་དང་དམིགས་ཡུལ། དགོས་པ་སོགས་ནི་ཕྱོགས་ཡོངས་ནས་མཐུན་གྱི་མེད་པ་འདི་དག་ནི་བོད་མིའི་སློབ་སྦྱོང་གི་དམིགས་ཡུལ་ངེས་གཏན་མེད་པ་དང་གཞུང་གིས་གཏན་འབེབས་བྱས་པའི་ལམ་ལུགས་ལག་བསྟར་བྱེད་མི་ཐུབ་པའི་རྒྱུ་རྐྱེན་དང་གནས་ལུགས་སོགས་ནི་མི་རིགས་ཤིག་གི་སློབ་སྦྱོང་གི་དམིགས་ཡུལ་གྱི་ངོས་ནས་ཧ་ཅང་འདོར་ཐབས་མེད་པའི་གསལ་བཤད་ཀྱི་ཆ་ཡིན་པ་དང། རྒྱུ་མཚན་དང་གནས་ལུགས་འདི་འདྲའི་དབང་གིས་བོད་མིའི་ཤེས་ཡོན་གྱི་དམིགས་ཡུལ་དེ་མི་རིགས་ཀྱི་རྩ་དོན་དང་མི་རིགས་རང་གི་འདུ་ཤེས་འཛིན་སྟངས་ཐད་སྒུལ་ཤུགས་དང་ངར་ཤུགས་ཀྱི་ཆ་ཆགས་པ་ལས་འགོག་རྐྱེན་གྱི་གནས་སུ་མི་འགྲོ་བའི་ངེས་པ་ཡེ་ནས་མེད། ལར་ནས་བོད་མིའི་སློབ་སྦྱོང་གི་དམིགས་ཡུལ་ནི་མི་རིགས་ཀྱི་རྩ་དོན་འཐབ་རྩོད་དང་ཁ་ཐག་ཉེ་བ་ཞིག་དང་།    བོད་མིའི་རྩ་དོན་གྱི་འཐབ་རྩོད་ལ་ཕྱོགས་ཡོངས་ནས་རམ་འདེགས་ཐུབ་པ་ཞིག་དགོས་པ་ལས་བོད་མིའི་འཐབ་རྩོད་ལ་འགོག་རྐྱེན་བཟོས་ན་དེ་ནི་བོད་མིའི་སློབ་སྦྱོང་གི་དམིགས་ཡུལ་མ་རེད་ལ། ཉེན་ཁའི་གནས་སུ་ལྷུང་བའི་མི་རིགས་ཤིག་གི་ཤེས་ཡོན་སློབ་སྦྱོང་གི་དགོས་པ་ཡང་མ་རེད།
མདོར་བསྡུས་ན། བོད་མིའི་སློབ་སྦྱོང་གི་དམིགས་ཡུལ་ནི་མི་སེམས་རེ་རེའི་སྟེང་ལ་མི་རིགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་འགོས་འཇུག་རྒྱུ་དེ་རེད་ལགས།

ལྔ།

ཆོས་ལུགས་པའི་ཆོ་ག་བྱེད་ཚུལ་ལས་ཁ་འདོན་དཔེ་སྐྱོར་གྱི་རིགས་དང་གླེགས་བམ་བློ་འཛིན་གྱི་ལས་ནི་སློབ་སྦྱོང་གི་དམིགས་ཡུལ་དང་མི་མཐུན། དེས་འཚོ་གནས་འཕེལ་རྒྱས་ལ་རོགས་རམ་བྱེད་པ་ལས་འགོག་རྐྱེན་བཟོ་ཡི་ཡོད་པ་དང་དེ་མཚུངས་ཀྱི་ཆོས་ལུགས་སྒྲུབ་སྟངས་དང་ཆོ་ག་ཕྱག་ལེན་མང་པོ་ཞིག་གིས་མི་རིགས་ཀྱི་སློབ་སྦྱོང་གི་དམིགས་ཡུལ་དང་དགོས་པ་སོགས་དང་འགལ་བ་ལྟག་སྤྲོད་ཆགས་ཀྱི་ཡོད་པ་རེད། མི་རིགས་ཤིག་གི་ཤེས་ཡོན་ལམ་ལུགས་དང་སློབ་སྦྱོང་གི་ཁ་ཕྱོགས་སོགས་ནི་མི་རིགས་དེའི་དངོས་ཡོད་གནས་སྟངས་ལ་གང་ལ་གང་འཚམས་ཀྱིས་དཔྱད་ཞིབ་བྱས་ཏེ་ལམ་ལུགས་གང་འདྲ་ཞིག་གི་ཐོག་ནས་དམིགས་ཡུལ་གང་འདྲ་ཞིག་འཛིན་དགོས་མིན་སོགས་རོབ་ཚོད་ཀྱིས་རྟོགས་ཐུབ་པས་ན་སློབ་སྦྱོང་གི་དམིགས་ཡུལ་ངེས་གཏན་ཞིག་ཡོང་བར་ལམ་ལུགས་གང་འདྲ་ཞིག་ལག་ལེན་བྱེད་མིན་ལ་རག་ལས་པ་ཞིག་སྟེ། དམིགས་ཡུལ་གྱི་ཕྱོགས་སུ་ཤེས་ཡོན་ལམ་ལུགས་གང་ཞིག་གི་འགྲོ་ལུགས་བརྒྱུད་དགོས་པ་སོགས་ནི་དམིགས་ཡུལ་བཟུང་བའི་སྟེང་ལ་འགྲོ་ཐུབ་མིན་ལ་ཐུག་ཡོད།

དྲུག།

གནའ་རབས་ཀྱི་བོད་མིའི་སློབ་སྦྱོང་གི་ཁོར་ཡུག་དང་མཐུན་རྐྱེན། དམིགས་ཡུལ་སོགས་ལ་ད་ལྟའི་དུས་སུ་ཐོད་རྒལ་བྱེད་དགོས་ཤིང་། གནའ་རབས་ཀྱི་ལམ་ལུགས་དང་དམིགས་ཡུལ་གཞིར་བཟུང་ཚེ་ང་ཚོ་རྗེས་ལུས་ནས་རྗེས་ལུས་དང་རྒུད་པ་ནས་རྒུད་པའི་འོབས་སུ་ལྷུང་རྒྱུ་ནི་ཚོད་དཔག་བྱེད་ཐུབ་པ་ཞིག་དང་གནའ་རབས་ཀྱི་ལམ་ལུགས་དང་དམིགས་ཡུལ་གྱིས་ད་ལྟའི་དམིགས་ཡུལ་དང་ལམ་ལུགས་ཀྱི་ཚབ་བྱེད་མི་ཐུབ་པ་ནི་དགོན་པ་གྲྭ་ཚང་དང་བཤད་གྲྭ་ཁག་གི་སློབ་སྦྱོང་གི་ལམ་ལུགས་ལས་ཤེས་ཐུབ་ལ། དེ་དག་གི་དཔེ་དེབ་དང་སྦྱང་བྱས་ཀྱང་ད་ལྟའི་དུས་ཀྱི་སྦྱང་བྱ་དང་སློབ་ཚན་གྱི་ཚབ་བྱེད་མི་ཐུབ་པ་ནི་དངོས་ཡོད་ཡིན་པ་ང་ཚོས་གནད་དོན་དེ་ཤེས་པའི་ཐོག་ནས་དུས་སྐབས་དང་འཚམ་པའི་མི་རིགས་རང་གི་སློབ་སྦྱོང་གི་དམིགས་ཡུལ་དང་ལམ་ལུགས་གདམ་གསེས་བྱེད་ཤེས་པ་དགོས་ཞེས་སྨྲ་བར་སྤོབས།
མི་རིགས་ཤིག་གི་སློབ་སྦྱོང་གི་དམིགས་ཡུལ་དང་ལམ་ལུགས་ལོག་ལམ་དུ་ཕྱིན་ཚེ་མི་རིགས་དེའི་དར་རྒུད་ཀྱི་ཕྱོགས་གསལ་པོར་མཚོན་ཐུབ་པར་མ་ཟད། མི་རིགས་དེའི་ཤེས་ཡོན་སློབ་སྦྱོང་གི་འཐུས་ཤོར་ཡང་ཡུན་རིང་པོ་ཞིག་ལ་ཁ་གསབ་གཏོང་རྒྱུ་ཁག་པོ་ཡིན། དཔེ་མཚོན་ཙམ་བཀོད་ན། གནའ་བོའི་ཡོ་རོབ་གླིང་གི་རོམ་རྒྱལ་རབས་དུས་འཐོར་འཁྱམ་བྱུང་བའི་ཨི་སི་རལ་རྣམས་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ནས་ཡུལ་གྱར་གྱི་འཚོ་བར་རོལ་ན་ཡང་ཁོང་ཚོ་རང་མི་རིགས་དེ་ལ་དགའ་ཞེན་དང་མི་རིགས་ཀྱི་འདུ་ཤེས་ཡོད་པས་མི་ལོ་སྟོང་ཕྲག་གཉིས་སོང་ཡང་རྩ་མེད་དུ་མ་སོང་བར་གནས་ཐུབ་པ་བྱུང། མི་སྒེར་ཞིག་ལ་སྒོར་གཅིག་བྱུང་ན་དེ་ནི་ཁྱིམ་ཚང་གི་སྤྱི་དངུལ་དུ་འཇོག་པ་དང་། ཁྱིམ་ཚང་ཞིག་ལ་སྒོར་གཅིག་ཡོད་ན་དེ་ནི་རྒྱལ་ཁབ་ཀྱི་སྤྱི་ནོར་དུ་འཇོག་ཐུབ་པའི་བསམ་བློ་ཡོང་ས་གཙོ་བོ་ནི་ཁོང་ཚོའི་སློབ་སྦྱོང་གི་ལམ་ལུགས་ཡིན་པ་ཀུན་གྱིས་སྨྲ།
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིར་བོད་མིའི་སློབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི་ཕྱོགས་གང་ནས་བལྟས་ཀྱང་རང་མི་རིགས་ཀྱི་འདུ་ཤེས་རྣལ་མ་ཞིག་བསྐྲུན་རྒྱུ་དེ་ཡིན་པར་རིག་པ་དང་དཔེ་མཚོན་དུ་མས་བསྟན་འདུག།
སྤྱིར་ན་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ནི་འདྲ་མིན་སྣ་ཚོགས་ཤིག་མཆིས་ཀྱང། བོད་མི་རིགས་ལ་མཚོན་ན། འདས་ཟིན་པའི་ལོ་རྒྱུས་དང་ད་ལྟའི་གནས་བབ། མ་འོངས་པའི་ཁ་ཕྱོགས་བཅས་ཕྱོགས་གང་ལ་བལྟས་ཀྱང་སློབ་སྦྱོང་གི་དམིགས་ཡུལ་ནི། གཙོ་ཆེ་ཤོས་མི་རིགས་ཀྱི་འདུ་ཤེས་རྣལ་མ་ཞིག་བསྐྲུན་རྒྱུ་དེ་ཡིན་པར་རིག་པ་དང་དཔེ་ཡིས་བསྒྲུབས་པའི་སྒྲུབ་རིམ་དང་སྒྲུབ་བྱེད་ཅུང་ཟད་ལེགས། འོན་ཀྱང་བསྒྲུབ་བྱ་སྟེ་བོད་མིའི་སློབ་སྦྱོང་གི་དམིགས་ཡུལ་ཞེས་པ་ནི་དེ་ལས་ཀྱང་རྒྱ་ཆེ་སར་དམིགས་དགོས་པའམ་དམིགས་ཆོག་པ་ཞིག་ཡིན་པས་ན། ལྟོས་འཇོག་གིས་བཤད་ན་ཅུང་ཟད་ཁྱབ་ཆུང་བའི་སྐྱོན་དུ་སྣང།
གང་ལྟར་རྩོམ་ཡིག་གི་འགོ་འཛུགས་སྟངས་དང་མཇུག་སྡུད་སྟངས་སོགས་སྒྲིག་གཞི་དང་རྗོད་ཚིག་ལེགས་ལ་ཀློག་བདེ་ཞིང་གོ་སླ་བའི་ཁྱད་ཆོས་ལྡན་པ་སོགས་ལེགས་ཆ་དུ་མ་ཞིག་འདུག་པས་བསྔགས་འོས་སུ་གྱུར།

མདུན་ཤོག

Menu