[toc]

༸གོང་ས་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པ།(ཨང་དང་པོ)

ཨ་ཡུམ་སྐྱབས། གོ་པལ་པུར།

ཡུལ་གྱར་འཚོ་བའི་ཆ་རྐྱེན་ཞན་དུས་ཁྱེད་ནི་ཨ་ཐང་ཆད་མ་མྱོང། །
ཉམ་ཐག་བོད་མིས་མཐའ་ནས་བསྐོར་དུས་ཁྱེད་ཀྱི་འཛུམ་མདངས་ལྷོད་མ་མྱོང། །
འཛམ་གླིང་ཞི་བདེའི་དེད་དཔོན་བཀུར་ཡང་ཁྱེད་ནི་ཁེངས་པས་བསྒྱུར་མ་མྱོང།།
སྐྱབས་ཀྱི་དམ་པ་བསྟན་འཛིན་མཚན་ཅན་མི་འབྲལ་སྤྱི་བོའི་རྒྱན་དུ་མཆོད། །

མ་ཇག་དམག་གི་གདུག་རྩུབ་རྒོད་དུས་ཁྱེད་ནི་ཙོང་ཁའི་ཡུལ་དུ་བལྟམས།།
ནག་པོ་རྒྱ་ཡིས་བཙན་འཛུལ་བྱེད་དུས་ཁྱེད་ཀྱིས་ཆབ་སྲིད་ཐུགས་འགན་བཞེས།།
ཞི་བདེའི་རྩ་བ་སྲོག་ཏུ་བཟུང་ནས་མོའོ་ལ་ཕྱག་འཇུ་ཐེངས་གཅིག་བྱས། །
རྒྱ་ཡི་ཧམ་སེམས་དྲག་ཏུ་མཆེད་པས་དགོངས་གཞི་ཟབ་མོ་འགྲུབ་མ་བྱུང། །

མ་འོངས་ཕུཊ་འདུན་ཐུཊ་ལ་བཅངས་ཏེ་ནོར་གླིང་ཕོ་བྲང་བཙན་གྱིས་བསྐྱུར། །     
ཡར་ཀླུང་གཙང་པོའི་འགྲམ་བརྒྱུད་དེ་ནས་ཕྱིར་མིག་པོ་ཏ་ལ་རུ་འཕངས། །
ཇོ་མོ་གླང་མའི་ཉག་ཁ་དེ་ནས་ཁ་བའི་རང་དབང་ངས་འདྲེན་ཞེས། །
དམ་བཅའ་བརྟན་པོ་དགུང་དུ་བཏེཊ་ནས་བཙན་བྱོལ་བོད་གཞུང་ཐོག་མར་བཙུཊ།།

འདས་པའི་ལོ་རྒྱུས་རལ་པོའི་ཁྲོད་ནས་ཤེས་ཡོན་གོམ་ཁ་རིམ་གྱིས་སྤོས། །
སྐྱབས་བཅོལ་འཚོ་བའི་མེད་མུག་ནང་དུ་སློབ་གྲྭའི་ཁང་རྩེག་ཐོག་མར་བསྐྲུན། །
ཕ་མེད་མ་མེད་དྭ་ཕྲུག་ཀུན་ལ་འཛམ་གླིང་མཐོང་བའི་མིག་ཟུང་བྱིན། །
བོད་པའི་ལོ་རྒྱུས་དེབ་ཐེར་ངོས་ལ་སྔར་མེད་ཟིན་ཐོ་གསར་པ་བྲིས། །

ཁྱེད་ནི་གངས་རིའི་གཟི་བྱིན་ཡིན་སོང་ང་ཡི་བླ་མེད་སྐྱབས་མགོན་ལགས། །
ཁྱེད་ནི་ཁ་བའི་བླ་སྲོག་ཡིན་སོང་བསྟན་འཛིན་རྒྱ་མཚོའི་མཚན་སྙན་ཅན། །
ཁྱེད་ནི་ཞི་བདེའི་རུ་འདྲེན་ཡིན་སོང་ཁྲིམས་ལྡན་ཤཱཀྱའི་དགེ་སྦྱོང་གང། །
ཁྱེད་སྐུ་བརྟན་ཚེ་སེམས་རྩ་དྲོ་སོང་ཐུགས་རྗེའི་ལྕགས་ཀྱུ་མ་ལྷོད་ཀྱེ། །

མང་གཙོའི་ལམ་བཟང་གསར་དུ་བཏོད་ནས་བོད་ལ་སྐྱིད་པའི་ཉི་མ་བསུས། །
ཆོས་བརྒྱུད་མཛའ་བརྩེ་གསེར་ཟམ་བཙུཊ་ནས་བོད་པའི་ལག་རྡང་དམ་དུ་སྦྲེལ། །
ཞི་བདེ་གཟེངས་རྟཊ་བདག་གིར་བཞེས་ནས་བོད་པའི་སྙན་པ་སྲིད་ལ་བསྒྲགས། །
འཛམ་གླིང་མཁས་པའི་གཙུག་རྒྱན་གང་དེ་གདོང་དམར་བོད་པའི་བདག་པོ་ལཊ།།

དམར་པོའི་ངན་ཇུས་ཆེ་རུ་མཆེད་ཀྱང་ཁྱེད་ལ་ཁྲོ་བའི་སྐབས་མི་དམིགས། །
རྫུན་བཟོས་ཡིག་ཆ་ཕྱོགས་ཀུན་བཀྲམ་ཡང་ཁྱེད་ཀྱི་སྙིང་རྗེ་ལྷག་ཏུ་འཕྱུར། །
སྲོལ་བཟང་དབུ་མའི་ལམ་ཆེན་སྟེང་ན་ཁྱེད་ནི་ཟླ་མེད་དཔའ་བོ་ཞིག །
རྡ་སའི་རི་སྒང་ཆུང་ཆུང་འདི་ན་དགྲ་ལ་བྱམས་པའི་སངས་རྒྱས་ཤིག། །

འབྱོར་ལྡན་ཨ་རིའི་ཕོ་བྲང་ནང་ན་ཁྱེད་ནི་རི་དྭགས་རྒྱལ་པོ་བཞིན། །
ཉམ་ཐག་འགྲོ་བའི་མིག་ཀོང་ནང་ན་ཁྱེད་ནི་བྱམས་བརྩེ་བདག་ཉིད་ཅན། །
ངུར་སྨྲིག་འཛིན་པའི་དགེ་འདུན་སྡེ་ན་ཁྱེད་ནི་མགོན་པོ་མི་འཁྲུགས་པ། །
ཕ་ཡུལ་ཤོར་བའི་བོད་པའི་སེམས་ན་ཁྱེད་ནི་སེམས་ཀྱི་ལོག་མལ་ཡིན། །

གཞིས་ལུས་སྤུན་ཟླའི་སྡུག་བསྔལ་འོ་དོད་གནམ་སའི་བར་ལ་ཁྱབ་ཐེངས་རེར། །
བྱེས་འབྱོར་བ་ཡི་གཤོག་པ་རེ་རེ་ཨ་རིའི་གླིང་ལ་རྐྱོང་ཐེངས་རེར། །
བོད་པ་ཡིན་ཀྱང་བོད་དོན་བོར་ནས་རང་དོན་འབའ་ཞིག་གཞོལ་ཐེངས་རེར། །
གངས་རིའི་དགེ་སློང་ཁེར་རྐྱང་ལུས་ཀྱང་དམར་པོ་རི་དེ་བརྗེད་ཚོད་མེད། །

རྟེན་འབྱུང་ཆོས་ཉིད་ཟབ་མོ་འཆད་པས་ཁྱེད་ནི་མཚན་ཉིད་རིག་པ་བ། །
འདུས་བྱས་ཐམས་ཅད་མི་རྟག་གསུངས་པས་ཁྱེད་ནི་དུས་མཐའི་སངས་རྒྱས་དངོས།།
ཞི་བདེའི་རྩ་བ་སེམས་པ་ཡིན་ཞེས་ཁྱེད་ནི་བླ་མེད་ལྷ་རྗེ་སྟེ། །
ཡོངས་སུ་གཟིགས་པའི་ལྷ་མཆོག་ཁྱེད་ནི་འགྲོ་བའི་དོན་དུ་བྱོན་པ་ལེགས། །

ཁྱེད་ཀྱི་ཀུ་རེ་འཛུམ་མདངས་གྲོལ་དུས་འགྲོ་བའི་གདུང་བ་སེལ་བཞིན་ཡོད། །
ཁྱེད་ཀྱི་ཕྱག་ཟུང་ཐུགས་ཀར་སྦྱར་དུས་ཉམ་ཐག་འགྲོ་བ་འདྲེན་གྱི་ཡོད། །
ཁྱེད་ཀྱི་ཞབས་ཟུང་ཕྱོགས་བཞིར་བཀོད་དུས་ལས་སྨོན་རྩ་བ་འཛུགས་ཀྱི་ཡོད། །
ཁྱེད་ཀྱི་གསུང་དབྱངས་འཇོ་བའི་དུས་ན་སྡུག་གི་སྨག་ཆེན་འཁྲུད་ཀྱིན་ཡོད། །

བྱིས་དུས་རྩེད་མོར་གཡེང་ཁོམ་མ་བྱུང་ཁྱེད་ཀྱིས་ལུཊ་གཉིས་འགན་འཁྲི་བཞེས། །
ཨ་མའི་ནུ་ཞོར་རོལ་ཁོམ་མ་བྱུང་ཁྱེད་ནི་པོ་ཏ་ལ་རུ་ཁྲིད། །
ནོར་གླིང་ཚལ་ནས་འདུག་ཁོམ་མ་བྱུང་ཁྱེད་ནི་མི་ཡི་ཡུལ་ལ་འཁྱམས། །
མདོར་ན་ཉམ་ཆུང་བོད་པའི་ཆེད་དུ་ཁྱེད་ཀྱིས་མ་མྱངས་གཅིག་ཀྱང་མེད། །

བོད་ཀྱི་བདེ་སྡུག་ཐུགས་ལ་བཅངས་ནས་ནམ་ཡང་ངལ་གསོའི་ཁོམ་སྐབས་བྲལ།།
རིགས་འདི་མ་ཤི་གསོན་ན་སྙམ་ནས་ཁྱེད་ཀྱི་རྔུལ་ཆུ་སྐམ་མ་མྱོང། །
ལས་འདི་མི་རིང་དག་ན་སྙམ་ནས་ཁྱེད་ཀྱི་དཔའ་སེམས་ཞུམ་མ་མྱོང། །
ད་ནི་ལོ་རྒན་བདུན་ཅུ་ཡོལ་ཡང་ཁྱེད་ལ་ངལ་གསོའི་སྐབས་མི་འདུག །

རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱེད་པར་གནས་ལུཊ་བླང་དོར་མགུར་བཞིན་གསུངས།  །
རྩ་ཆེའི་སྲོག་ཆགས་མདེའུས་བསྒྱེལ་དུས་སྙིང་རྗེ་ཆེན་པོའི་རྩ་བ་གསུངས། །
འཁྱཊ་རོམ་ཕལ་ཆེར་ཚ་བས་བཞུ་དུས་ཁ་དབུཊ་བཙོག་པའི་འབྱུང་རྐྱེན་གསུངས།།
ཁྱེད་ནི་མི་ཡི་གཟུགས་སུ་ཤར་བའི་འཇིག་རྟེན་སྐྱོང་བའི་བདག་པོ་ལགས། །

ཁྱེད་ནི་བོད་པའི་རུས་སུ་འཁྲུངས་པ་བོད་འདི་ཅི་འདྲའི་སྐལ་ལྡན་ཞིག  །
ལས་དང་འབྲས་བུ་བསྒྱུར་དུ་མེད་པས་རང་ས་རང་ཡུལ་ཤོར་ན་ཡང། །
ཁྱེད་ཀྱི་བྱམས་བརྩེའི་ཐུ་འོག་འདི་ནས་མ་གྲང་མ་ལྟོགས་ཡབ་ཆེན་གང། །
ཁྱེད་ཉིད་བཞུགས་པའི་ལོ་ཟླ་འདི་དག་བོད་པའི་དབུ་འཕང་མཐོ་དུས་ཡིན། །

གཞིས་བཞུགས་པ་ཡིས་ཁྱེད་ཉིད་བསམ་ནས་རིགས་ཞེན་ལ་རྒྱ་ལྷོད་ཀྱི་མེད། །
སྨོན་ལམ་དྭངས་མ་རླུང་ལ་བསྐུར་ནས་ཁྱེད་ཀྱི་ལོག་ཕེབས་སྒུག་ནས་ཡོད། །
ནག་པོ་ལྕག་ཚན་ལུས་ལ་བྲབས་ཀྱང་ཁྱེད་ཀྱི་མཚན་ནས་འབོད་བཞིན་ཡོད། །
ད་ནི་མི་རིང་རུ་སྣ་དྲོངས་དང་ང་ཚོ་སྐྱིད་པའི་ཡུལ་ལ་འགྲོ  །

གང་གི་བཀའ་དྲིན་ཆ་ཤས་ཙམ་ཡང་སྟོང་གསུམ་ནོར་བུས་གཞལ་དུ་མེད། །
གང་གི་མཛད་རྗེས་གླེང་བར་བྱེད་ན་བསྐལ་པ་དུ་མར་བརྗོད་མི་ལང། །
གང་གི་བཀའ་དྲིན་སྙིང་ནས་དྲན་པའི་བདེན་ཚིག་མེ་ཏོག་ཆུན་པོ་འདི། །
གང་གི་ཞབས་པད་བསྐལ་བརྒྱར་བརྟན་པའི་སྨོན་དོན་འགྲུབ་པའི་རྒྱུར་གྱུར་ཅིག།།

རྩོམ་ཡིག་དཔྱད་མཆན།
ང་ཚོས་རྩོམ་ཡིག་འདི་ཀློག་ཐེངས་གཅིག་གིས་མཁྱེན་བརྩེ་ནུས་གསུམ་གྱི་བདག་པོར་གྱུར་བའི་སེམས་དཔའ་ཆེན་པོ་ཞིག་གི་སྐུ་ཚེའི་མཛད་འཕྲིན་མཐའ་དག་གློག་བརྙན་བཞིན་ཡིད་ངོར་འཆར་ཐུབ། དེ་ནི་འུ་ཅག་གི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༸གོང་ས་མཆོག་ཡིན། རྩོམ་ཡིག་འདིའི་བརྗོད་བྱའང་འདི་ལས་མ་འདས།
རྩོམ་ཡིག་འདིའི་མགོ་ནི་མཆོད་པར་བརྗོད་པ་དང་མཇུག་ནི་སྨོན་ཚིག་གིས་བསྡུས་པ་སོགས་བོད་རང་གི་སྲོལ་རྒྱུན་གྱི་རྩོམ་ཐབས་སྤྱད་ཡོད་པར་མ་ཟད། བར་བཅུག་དང་ཁ་གསབ་ཀྱི་བརྗོད་པ་སོགས་གང་ཡིན་ཀྱང་ལེགས་ཆ་མང་པོ་སྣང། ཁྱད་པར་དུ་བྱ་ཚིག་སྦྱོར་སྟངས་ལ་ཅུང་ཟད་བྱང་ཆ་ཡོད་པའི་ཉམས་སྣང་མངོན་གསལ་དོད་པོོར་འདུག གཞན་ཡང་དཔེ་གཟུགས་དང་རང་བཞིན་བརྗོད་པ་སོགས་སྒྱུ་རྩལ་གྱི་ཐབས་རྩལ་མང་པོ་ཞིག་གང་ལ་གང་འོས་ལྟར་སྦྱར་ཡོད་པ་དེ་ཡང་རན་པོ་འདུག་པས་རྗོད་བྱེད་ཀྱི་ཚིག་ཀློག་བདེ་ལ་གོ་སླ་བར་མ་ཟད་དེ་དང་མཐུན་པའི་དབྱངས་འགྲོས་ཤིག་ཀྱང་ངང་གིས་ཞུགས་ཡོད་པར་འདོད། ད་དུང་བསམ་བློའི་ཆ་ལའང་སྔོན་ཐོན་གྱི་རང་བཞིན་ལྡན་པས་དངོས་ནས་རྩོམ་ཡིག་ཡག་པོ་ཞིག་རེད་སྙམ།
འོན་ཀྱང། ཡུལ་ལམ་དུས། ཡང་ན་བྱ་བ་སོགས་གང་ལ་སྦྱར་བའི་གོ་རིམ་ལ་ངེས་གཏན་མེད་པས་སྒྲིག་གཞི་གོ་སྒྲིག་གི་ཐད་ཐུགས་སྣང་ཅུང་ཟད་བྱ་འོས་སྙམ། གང་ལྟར་རྩོམ་ཡིག་འདི་ནི་ཡིད་འགྱུར་མཚོན་པའི་སྙན་རྩོམ་མམ་ཡང་ན་དུང་སེམས་མཚོན་པའི་སྙན་ངག་གི་གྲས་སུ་བཞག་ཆོག་པ་འདྲ། བོད་ཀྱི་སྲོལ་རྒྱུན་རྩོམ་རིག་ལས་རྣམ་ཐར་རམ་རྟོགས་བརྗོད་རྩོམ་རིག་གི་ཁོངས་སུ་འདུ་བར་འདོད།

༸གོང་ས་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པ།(ཨང་གཉིས་པ)

ཞི་བདེ་ཟླ་བ། གོ་པལ་པུར་བོད་ཁྱིམ།

སྐུ་ཡི་མཚན་དཔེ་འོད་དུ་འཚེར་བས་སྐྱེ་དགུའི་སྙིང་ལ་ཞི་བསིལ་སྩོལ། །གསུང་གི་སྙན་འཇེབས་ཁུ་བྱུག་ལ་འགྲན་ཡིད་ཀྱི་བརྟན་པ་ཅིག་ཅར་འཕྲོག།།
ཐུགས་ཀྱི་བརྩེ་བ་ཡོངས་སུ་གཏམས་པས་འཛམ་གླིང་ཞི་བདེའི་དཔལ་དུ་འགུགས། །སྐྱབས་མགོན་རྒྱལ་བའི་ཐུགས་རྗེའི་བཀའ་དྲིན་བུ་ངའི་སྙིང་ནས་འདོར་ཐབས་མེད། །

༡། གོང་ས་མཆོག་གི་ཀུན་ཁྱབ་ཀྱི་འགན་འཁུར་དེ་རྗེས་སུ་དྲན་པ།

སྤྱིར་བཏང་བཤད་ན། འཛམ་གླིང་གོ་ལ་རིལ་བོའི་སྟེང་ནས་སྐྱེས་བུ་དམ་པ་གངྒཱའི་ཀླུང་གི་བྱེ་མ་བཞིན་གྲངས་མེད་ཅིག་བྱུང་ཡོད་ནའང། ལྷག་པར་དུ་༸གོང་ས་མཆོག་ནི་འཛམ་གླིང་ཞི་བདེ་ལ་ཐུགས་སྨོན་བླ་ལྷག་ཏུ་ཆེ་བ་ཡོད་པར་མ་ཟད། འཛམ་གླིང་སྤྱིའི་འགན་འཁུར་མཁན་གྱི་སྐྱེས་བུ་ཁྱད་དུ་འཕགས་པ་དེ་ཡིན་པ་སུས་ཀྱང་བསྙོན་དུ་མེད་པ་ཡིན།
ཕྱོགས་གཞན་ཞིག་ནས་བཤད་ན། འཛམ་གླིང་འདིའི་ནང་དུ་ཁོར་ཡུག་གི་དཀའ་ངལ་དང་ཆོས་ལུགས་ཀྱི་འགལ་ཟླ། འཇིགས་སྐུལ་རིང་ལུགས་ལ་སོགས་ཀྱིས་གཡུལ་འགྱེད་པའི་གདུག་རྩུབ་ཆེ་བའི་བྱ་སྤྱོད་དག་མཐར་གཏུགས་ནས་བསམ་བློ་ཞིག་བཏང་ན་ཀུན་ཁྱབ་ཀྱི་འགན་འཁུར་གྱིས་ཕོངས་པས་མ་ཡིན་ནམ།
དེ་བས་༸གོང་ས་མཆོག་གི་ཀུན་ཁྱབ་འགན་འཁུར་གྱི་ལྟ་གྲུབ་འདི་ནི་ནང་པའི་ཆོས་ཀྱི་རྟེན་འབྲེལ་དང་འཚེ་མེད་ཞི་བའི་གཞུང་ལུགས་ལས་འཕྲོས་པ་ཞིག་ཡིན་པས། དེ་ལ་རྣམ་དཀར་དགེ་བའི་བྱེད་ནུས་ཡོད་པ་ནི་སྨོས་ཅི་དགོས། དེར་བརྟེན། བརྒྱ་བཤད་ཚིག་གི་རྩ་བ། །སྟོང་བསྲུབས་འོ་མའི་མར་ལོ། །ཞེས་པའི་དཔེ་ལྟར་དུ་༸གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་དེ་འཛམ་གླིང་འགྲོ་བ་མི་ཡོངས་ཀྱིས་བསམ་ཤེས་དང་ཕྱིར་དྲན་བྱེད་པ་ནི་ང་ཚོའི་རྨི་ལམ་དང་མངོན་འདོད་ཡིན་པས་ཁོང་ནི་ནམ་མཁའི་མཐའ་ལྟར་མཉམ་པའི་འགྲོ་བ་ཀུན་སྡུག་བསྔལ་གྱི་རྒྱ་མཚོ་ལ་འབྱིང་བའི་སྐབས་བདེ་སྐྱིད་ཀྱི་ནོར་བུའི་གླིང་ཕྲན་དུ་འདྲེན་པའི་ལྷའི་ཕོ་ཉ་དེ་ཡིན་པས། གལ་སྲིད་ང་ཚོས་ཁོང་བརྗེད་པ་ཡིན་ན་ང་ཚོ་ནི་རྒྱུ་འབྲས་ཀྱི་ལོག་སྤྱོད་པ་དངོས་དེ་ཆགས་པ་མིན་ནམ།

༢། བཀའ་དྲིན་ཞུན་མར་འཁྱིལ་བའི་ཉི་མ་སེར་པོ།

བྱིས་པའི་དུས་སུ། ངའི་ཨ་ཕས་རྩྭ་ཐང་གི་སྦྲ་གུར་ནང་དུ་ཉི་རྩེ་ཤར་ཚེ་༸སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་ནི་ཉི་མ་སེར་པོ་འདི་ཡིན་པའི་སྐོར་བཤད་ཅིང། པན་ཆེན་རིན་པོ་ཆེ་ནི་ཟླ་བའི་བསྡུས་གཟུགས་ཡིན་པར་བཤད་སྟབས། དེ་ནས་བཟུང། རང་ཉིད་ཀྱིས་མི་མང་པོ་ཞིག་ལ་དྲི་བ་བཏོན་ཚེ་དམངས་ཁྲོད་དུ་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད་པར་མ་ཟད། རྒྱལ་བ་རྣམ་གཉིས་ནི་བོད་ཀྱི་ལོ་རྒྱུས་ནང་ནས་ཡོངས་གྲགས་ཀྱི་དབུ་ཁྲིད་རླབས་ཆེན་དེ་རེད། པན་ཆེན་རིན་པོ་ཆེ་ནི་རྒྱ་ནག་གི་རིག་གནས་གསར་བརྗེའི་སྐབས་སུ་བོད་མི་མང་གི་བདེ་སྡུག་གི་ཆེད་དུ་བཙོན་ཁང་གི་ནང་ནས་བགྲང་བྱ་བཅུ་ལྷག་ལ་རྒྱ་ནག་གིས་མནར་གཅོད་བཏང་ཡོད་པ་ཡིན་གཤིས། མཁས་དབང་ཟླ་བ་ནོར་བུའི་བོད་ཀྱི་མདུན་ལམ་ཞེས་པའི་ཕྱག་དེབ་དེའི་ནང་དུ་པན་ཆེན་རིན་པོ་ཆེ་ནི་སྐྱོ་གར་གྱི་དཔའ་བོ་ཞིག་ཡིན་ཞེས་ཁ་གསལ་པོར་བཤད་ཡོད་པ་རེད། དེ་མིན་རྒྱལ་བ་རིན་པོ་ཆེ་འདི་འདྲ་བ་ཞིག་ནི་བོད་ཀྱི་ལོ་རྒྱུས་ནང་བྱུང་མྱོང་མེད་པ་དང། རྒྱལ་དབང་རིམ་བྱོན་ནང་དུ་ད་ལྟ་འཚོ་བཞུགས་༸གོང་ས་མཆོག་ལྟ་བུ་ཧ་ལམ་བྱུང་མེད་པས། ང་ཚོ་རྟོགས་པ་སྔོན་ལ་སད་དེ་ནོར་བུའི་ནོར་ངོ་ཤེས་དགོས་ཏེ། རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་ནང་དུའང། ནོར་བུ་རང་ལ་ཡོད་དུས། །ནོར་བུའི་ནོར་ཉམས་མ་ཤེས། །ནོར་བུ་དགྲ་ལ་ཤོར་དུས། །སྙིང་རླུང་སྟོད་ལ་འཚང་བྱུང། །ཞེས་པ་ལྟར་ང་ཚོས་གཟབ་གཟབ་གནང་དགོས།
དེ་མིན་བརྡ་འཕྲིན་གྱི་དུས་རབས་འདིའི་ནང་དུ་༸གོང་ས་མཆོག་གི་བཀའ་དྲིན་བསམ་ཤེས་ཚོར་མཁན་ཡག་ཤོས་དེ་རྒྱ་རིགས་ཀྱི་རྩོམ་པ་པོ་ཝང་ལི་ཞུང་རེད་ཅེས་ངས་སྤོབས་པ་དང་ལྡན་པའི་སྒོ་ནས་ཞུ་ཐུབ་སྟེ། ཁོས་བོད་ནང་དུ་ལོ་ངོ་ཉི་ཤུ་ལ་འབྲི་ཆུ་དང་རྨ་ཆུ་བརྒྱུད་ནས་ཞིབ་འཇུག་བྱས་ཤིང། མཚོ་སྔོན་པོ་ནས་ལྷ་ས་བར་ཉིན་བརྒྱ་དང་བཅུ་གསུམ་ལ་གོམ་པ་སྤོས་ནས་དམངས་ཁྲོད་ཀྱི་འདུ་ཤེས་དང་ཆབ་སྲིད་ཀྱི་འཕེལ་འགྱུར་ལ་བསམ་གཞིགས་དང་རྟོག་ཞིབ་མཛད་དེ། མཐའ་མཇུག་ཏུ་<<བྱ་གཏོར ་ བོད་ཀྱི་ལས་དབང་>>ཞེས་པའི་ཕྱག་དེབ་རྨད་དུ་བྱུང་བ་ཞིག་བརྩམས་ཡོད་པར་མ་ཟད། ཁོས་ད་གཟོད་རྒྱལ་བ་རིན་པོ་ཆེ་ངོ་མ་ནི་གཏན་ཚིགས་དང་བདེན་དོན་ལས་རྙེད་པ་ཡིན་སྟབས། ༸གོང་ས་མཆོག་ནི་རྒྱ་བོད་གཉིས་ཀྱི་དཀའ་རྙོག་སེལ་བའི་ལྡེ་མིག་དེ་ཡིན་ཞེས་བརྗོད་ཡོད་པ་རེད། དེ་བས་ང་ཚོ་ཡང་རྨོངས་དད་དང་ལོག་ལྟའི་དབང་དུ་མ་སོང་བར་རྒྱལ་བ་རིན་པོ་ཆེའི་ཐུགས་རྗེའི་བཀའ་དྲིན་དེ་ཚོར་དགོས་པ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཡིན་ནོ། །

༣། བྱམས་བརྩེའི་བདག་ཉིད་ཅན་སྐྱབས་མགོན་ཏཱ་ལའི་བླ་མ།

འགྲོ་བ་མི་མེད་པ་ནས་ཡོད་པ་དང་ཡོད་པ་ནས་རང་བྱུང་གི་འཕེལ་རིམ་ཞིག་དང། ལྷག་པར་དུ་གྷི་རེ་སི་རྒྱལ་ཁབ་ནི་ཤེས་རིག་དར་སྔ་ཤོས་ཡིན་ཞིང། དེར་སྐུ་བལྟམས་པའི་སོ་ཁི་ར་ཏེ་ནས་རོམ་གྱི་དུས་སྐབས། དེ་མིན་ཡོ་རོབ་གྱི་རིག་རྩལ་བསྐྱར་དར་ནས་བློ་འབྱེད་ལས་འགུལ་བར་དུ་རྒྱལ་བ་རིན་པོ་ཆེ་ལས་ལྷག་པའི་ཤེས་རབ་ཅན་ཞིག་འཁྲུངས་མེད་པ་ལྟར་སྣང་ཞིང། ངོ་མ་བཤད་ན་སྐུ་མདུན་ནི་བྱམས་བརྩེའི་ས་བོན་འདེབས་མཁན་གྱི་སྟོན་པ་གཉིས་པ་ཡིན་ཞིང། ཆོས་ལུགས་ནང་ཁུལ་འཆམ་མཐུན་སྐྲུན་མཁན་གྱི་ཞི་བདེའི་ཟམ་པ་བརྟན་ཤོས་དེ་ཡིན་ནོ། །
ང་ཚོ་ནི་འགྲོ་བ་མི་ཞིག་ཡིན་སྟབས། བདག་ཅག་གི་རྒྱུད་ལ་རྒྱུ་འབྲས་ཀྱི་བློ་མིག་དེ་ངེས་པར་དགོས་ཏེ། དཔེར་ན། སོ་ཁི་ར་ཏེ་གྷི་རེ་སིའི་རྒྱལ་ཁབ་ནས་སྐུ་འཁྲུངས་ཤིང། བདེན་པ་དང་རྒྱུ་འབྲས་ནི་ཚེ་སྲོག་ལས་གལ་ཆེ་བར་དགོངས་ཏེ་ཁྲིམས་ཆད་ཀྱི་དུག་བཏུང་བ་རེད། གང་ལྟར་ཁོས་ཁོའི་མི་ཚེར་འདི་ལྟར་བདེན་དོན་གྱི་གད་རྒྱངས་ཤིག་བསྒྲགས་ནས་སོང། དེ་བས་བོད་མི་དང་འཛམ་གླིང་སྟེང་གི་འགྲོ་བ་མི་ཡོངས་ཀྱིས་ཡ་རབས་བཟང་སྤྱོད་དང་བཀའ་དྲིན་དེ་དཔྲལ་བའི་མིག་དང་ཁོང་གི་སྙིང་བཞིན་གཅེས་པར་ཟུངས་ཤིག། ལྷག་པར་དུ་རྒྱལ་ཞེན་དང་ལྷག་བསམ་དཀར་པོ་བྱེད་པ་གལ་ཆེན་པོ་ཡིན་སྟབས།
བོད་ཀྱི་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཞལ་ནས།
             རང་གི་རིགས་ལ་ཞེན་པ་དཀར་པོའི་མདངས། །རང་བྱུང་སྙིང་གི་དབུས་ན་གནས་པ་འདི། །
             ཁ་བ་ཅན་གྱི་བོད་མི་རྗེ་འབངས་ལ། །རང་གི་ནུས་པས་སྲི་ཞུ་ཅུང་ཙམ་བསྒྲུབས། །
ཞེས་བཤད་པ་ལྟར་རང་གི་རྒྱལ་ཁབ་ལ་བརྩེ་དུང་ཡོད་མཁན་གྱི་མི་དེ་དག་ཁྲི་ལོར་བརྟན་པར་ཤོག  བསྐལ་བརྒྱར་འཚོ་བར་ཤོག།   ། །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིར་༸གོང་ས་མཆོག་ནི་བཀའ་དྲིན་གཞལ་ཐབས་བྲལ་བ་ཞིག་ཡིན་པ་ལོ་རྒྱུས་ཀྱི་ངོས་དང་བསམ་བློའི་ངོས། མཛད་འཕྲིན་གྱི་ངོས་སོགས་གྲུ་དང་ཟུར་མང་པོ་ནས་རིག་པས་བསྒྲུབས་ཡོད་པ་ནི་རྩོམ་ཡིག་འདིའི་བརྗོད་བྱའི་སྙིང་པོ་ཡིན།
གྲུབ་མཐའ་དང་ཆོས་ལུགས་ཀྱི་ཕྱོགས་རིས་འཐེན་འཁྱེར་སོགས་ཡོངས་སུ་དོར་ཏེ་མཐུན་སྒྲིལ་དམ་ཟབ་དང། ལྷག་པར་དུ་འཛམ་གླིང་ཞི་བདེ་ཡོང་བའི་རླབས་ཆེན་གྱི་བྱ་གཞག་བསྒྲུབས་དང་སྒྲུབ་བཞིན་པ་ནི་རྩ་བ་དེད་ན་ནང་བསམ་བློའི་བྱམས་པ་དང་སྙིང་རྗེ་ལ་ཐུག་ཡོད་པ་སོགས་ཅུང་ཟད་གོ་རིམ་ལྡན་པའི་ངང་བསྒྲུབས་འདུག།
རྩོམ་ཡིག་གི་འགོ་མཇུག་གཉིས་ཀ་སྲོལ་རྒྱུན་གྱི་རྩོམ་སྟངས་ལྟར་ཤིས་བརྗོད་དང་སྨོན་ཚིག་གིས་བརྒྱན་པའང་འོས་ཤིང་འཚམས། རྗོད་བྱེད་ཀྱི་ཚིག་ཀློག་བདེ་ལ་གོ་སླ། བར་བར་དུ་སྒྱུ་རྩལ་གྱི་ཐབས་ལམ་སྤྱད་ཡོད་པའང་འབྲེལ་ཆགས་ཤིང་སྙན་ཆ་ལྡན།

༸གོང་ས་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པ།(ཨང་གསུམ་པ)

བསོད་ནམས་བཀྲ་ཤིས། ངྷ་སྟེང་བོད་ཁྱིམ།

ཐོག་མའི་གླེང་སློང་རགས་ཙམ།

ལོ་རྒྱུས་ཀྱི་བང་རིམ་དགུང་ལ་བསྙེགས་ཤིང་སྲོལ་རྒྱུན་གྱི་གཤིས་བཟང་རྒྱུད་ལ་འཇགས་པའི་ཉི་མ་དང་ཐག་ཧ་ཅང་ཉེ་བའི་མཐོ་སྒང་གི་མི་རིགས་འདིར། སྐྱེས་ཆེན་ནམ་མཁའི་སྐར་ཚོགས་བཞིན་བྱོན་མྱོང་ལ་ལྷག་པར་དུ་དུས་རབས་ཉེར་གཅིག་པ་སྟེ་བོད་མི་རིགས་ལ་བྱུང་བའི་ཆེས་མུན་ནག་དང་གཉན་འཕྲང་ཅན་གྱི་ལོ་རབས་འདིར་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་འཁྲུལ་མེད་མིའི་གཟུགས་སུ་བྱོན་པ། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་བོད་པ་གདོང་དམར་ཚང་གི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དམ་པ་༸གོང་ས་བསྟན་འཛིན་རྒྱ་མཚོ་མཆོག་གི་བཀའ་དྲིན་དང་མཛད་རྗེས་ནི་བརྗོད་ཀྱིས་མི་ལང་ལ་བཤད་ཀྱང་མི་ཚར་བའི་ངོ་མཚར་རྨད་དུ་བྱུང་བ་འབའ་ཞིག་ཡིན་ལ། གདོང་དམར་ས་ཡ་དྲུག་གི་སེམས་ཁོང་ན་ཁོང་ནི་གཟིམ་པ་མེད་པའི་མར་མེ་མཚན་འབར་བཞིན་ནམ་ཡང་ཁྲ་ལྷམ་མེར་འཚོ་ཞིང་གཞེས་ལ་འབར་ཞིང་འཚེར་བཞིན་ཡོད།

དང་པོ།

དུས་རབས་ཉི་ཤུ་པའི་དུས་དཀྱིལ་དུ། མདོ་སྨད་ལྟག་མཚེར་གཡང་ལྡན་ཕྱུག་མོའི་ཆར་གཏོགས་ཀྱི་ཁྱིམ་ཚང་དཀྱུས་མ་ཞིག་ན། ཁྱེའུ་ལྷ་མོ་དོན་གྲུབ་ཀྱིས་ཐོག་མའི་གསུང་གི་དབྱངས་རྟ་ཤུགས་ཀྱིས་གྱེར་ཞིང། སྔོ་ཞིང་ལྗང་བའི་སའི་གོ་ལའི་ཁྱིམ་གཞིས་ན་སྔར་མེད་པའི་སྐྱེས་ཆེན་ཞིག་གི་སྐུ་ཡི་མཚན་དཔེ་བཞད་ཟེར། དུས་དེ་ནས་ཁྱེད་ལྷ་མོ་དོན་གྲུབ་གདོང་དམར་བོད་པ་ཚང་གི་གཅེས་ཕྲུག་གསོན་པོ་དང་ཡོད་ཚད་ཀྱི་ཡོད་ཚད་དེ་གློ་སྙིང་གིས་རེ་བ་གཏོད་ས་ཡིན། ཡིན་ནའང་རྒྱ་དམར་གྱི་འདྲེ་ལག་ཐུ་བྷོད་ཚང་གི་སྒོ་ཁར་ཤུགས་ཀྱིས་རྐྱོང་དུས། ཆེན་པོ་ཚང་གི་སྐུ་ངོ་དང་སྐུ་དྲག་ཚོའི་བློ་སྟོབས་བག་ལ་ཞ་སྟེ་རེ་བའི་མིག་ཟུང་ཁྱེད་ལ་གཏོད། ལྷ་མེད་སྨྲ་བའི་དམར་དཔུང་གིས་དམར་གསོད་ཚད་མེད་དང་གཏོར་བཤིག་ཚད་མེད། རྡུང་རྡེག་ཚད་མེད་སོགས་ཀྱིས་ཇི་ལྟར་བཙན་གྱིས་བསྐུལ་ཀྱང། ཁྱེད་ཀྱིས་དཀྱེལ་ཡངས་ཀྱི་ཐུགས་ཀྱིས་འཚེ་མེད་རིང་ལུགས་ཀྱི་ལྟ་བ་ཐོད་ལ་བཅིངས་ནས། དྲང་ཚུགས་སུ་འགྲེང་ཞིང་ཞི་བདེ་དང་འཚེ་བ་མེད་པའི་གོ་ཆ་སྐུ་ལ་བསྣམས་ནས་འཆམ་མཐུན་གྱི་འདུན་པ་ནམ་ཡང་ཞིག་མ་མྱོང། མཐར་མི་རིགས་འདིའི་བདེན་དོན་འཐབ་རྩོད་ཀྱི་སླད་དུ་ཧི་མ་ལ་ཡའི་འགག་འཕྲང་བརྟོལ་ནས་རང་དབང་གི་ལུང་པར་བདེན་དོན་གྱི་ངར་སྒྲ་ཕྱོགས་བཞིར་བསྒྲགས། འདི་ནི་ཁྱེད་ཀྱིས་དུས་རབས་ཉི་ཤུ་པའི་ནང་བོད་མི་རིགས་ལ་གནང་བའི་ལེགས་སྐྱེས་རེད་ལ། ས་ཡ་དྲུག་གི་སེམས་ཁོང་ནས་ཆེས་བརྗེད་མི་འོས་ཤིང་དྲན་འོས་པའི་བཀའ་དྲིན་རེད།

གཉིས་པ།

དུས་དེར། མགོན་སྐྱབས་དང་དཔུང་གཉེན་བྲལ་བའི་སྤུན་ཟླ་ས་ཡ་གཅིག་ལྷག་གི་རྣམ་ཤེས་བར་དོའི་འཕྲང་ལམ་ན་འཚང། ཡིན་ནའང་ཁྱེད་ཀྱི་ཐུགས་ཀྱི་སྨོན་པ་རེ་རེས་ཁོང་རྣམས་ཀྱི་རྣམ་ཤེས་བདེ་བའི་ལམ་ཁར་བཅུག་ཡོད་པ་སྨོས་མེད་རེད། ལྷག་པར་དུ་ཁྱེད་ཀྱིས་ཞི་བདེ་ཡི་ལམ་བུ་འཛམ་གླིང་ཤར་ནུབ་གང་སར་བཏོད་ནས་མི་རིགས་ཀྱི་བདེ་སྡུག་ཞི་བདེ་དང་རང་དབང་ལ་དགའ་བའི་སྐྱེ་བོ་ཁྲི་ཕྲག་གི་རྣ་བར་གྱེར།  དུས་དེ་ནས་འདས་ཟིན་པའི་བདེ་སྡུག་ལ་རྗེས་དྲན་དང་འབྱུང་འགྱུར་མི་རབས་གསར་པའི་དཔུང་ཁག་ཚོར་འཐབ་རྩོད་ཀྱི་ལམ་ཁ་ཕྱེས། དེང་དུས་བོད་ཀྱི་གནད་དོན་ནི་རྒྱལ་སྤྱིའི་གནད་དོན་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་ལ། སྙན་གྲགས་ཀྱི་བ་དན་མཁའ་ན་འཕྱོ་མྱོང་བའི་བོད་ཀྱི་བཙན་པོ་རིམ་བྱོན་གྱི་ལོ་རྒྱུས། ལོ་པཎ་རིམ་བྱོན་གྱི་རྣམ་ཐར། ཞི་བདེ་དང་བག་ཕེབས་ལ་དགའ་བའི་མི་རིགས་ཀྱི་གོམས་གཤིས། རང་བྱུང་ཁོར་ཡུག་གི་གལ་ཆེའི་རང་བཞིན་སོགས་ཀྱིས་ཤར་ནུབ་མི་རིགས་ཁག་གི་ཡིད་ཀྱི་དབང་པོ་བླ་ལྷག་ཏུ་འཕྲོག་ཅིང་འདྲེན་བྱེད་དབང་པོའི་དོ་སྣང་བོད་མི་རིགས་ལ་སྲིང་མཁན་ཆུ་མིག་བརྡོལ་བ་བཞིན་མང་དུ་འགྲོ་བཞིན་པ་འདི་ཚོ་ཡོད་ཚད། ཁྱེད་བསྟན་འཛིན་རྒྱ་མཚོའི་དཀྱེལ་ཡངས་པའི་ཐུགས་གཤིས། གཞུང་དྲང་བའི་མཛད་འཕྲིན། འཚེ་བ་མེད་པའི་ལྟ་བ། འཛམ་གླིང་སྤྱི་ཁྱབ་ཀྱི་ཐུགས་འཁུར་སོགས་འགྲན་ཟླ་མེད་པའི་ཁྱེད་ཀྱི་མཛད་འཕྲིན་འབའ་ཞིག་ལས་བྱུང་བ་ཡིན། འདི་ནི་ཁྱེད་ཀྱིས་འཛམ་གླིང་སྤྱི་ལ་ཕུལ་བའི་ལེགས་སྐྱེས་རེད་ལ་སྐྱེ་འགྲོ་ཡོངས་ཀྱི་སེམས་ཁོང་ན་གསལ་བའི་བཀའ་དྲིན་རེད།

གསུམ་པ།

རང་ཡུལ་དགྲ་ལག་ཏུ་ཤོར་ནས་མིའིི་ལུང་པར་སློང་མོ་བའི་འཚོ་བར་རོལ་བའི་མཐོ་སྒང་གི་དཔུང་སྡེ་ཞིག་སྟེ་ངེད་བོད་པ་ཚང་གི་ཁྱིམ་མི་རྐྱང་རྐྱང་རེད། ཁྱེད་ཀྱིས་གང་ཡང་མི་ཤེས་པའི་ས་ཡ་དྲུག་གི་བདེ་སྡུག་ལ་ཁག་འཁུར་བྱས་ནས་དུས་རབས་ཕྱེད་ཀའི་དུས་ཡུན་ཧྲིལ་གྱིས་ཡོལ། ཁྱེད་ཀྱིས་མི་རིགས་ལ་བཅངས་པའི་ལ་རྒྱ་དང་ཤ་ཚ། ལྷག་བསམ་སོགས་ནི་བསམ་བརྗོད་ཀྱི་ཡུལ་ལས་འདས་ཤིང་བོད་མི་རིགས་འདི་འགྱེལ་ས་ནས་བསླངས་ཤིང་ཤི་ས་ནས་སོས་སུ་བཅུག ཁྱེད་ཀྱི་དབུ་སྐྲ་དུང་ལྟར་དཀར་ཞིང་ཞལ་རས་ཀྱི་གཉེར་རིས་ཇི་ལྟར་མཐུག་ཀྱང་བོད་ཀྱི་བདེན་དོན་ཐུགས་ཀྱི་དཀྱིལ་ངོས་ནས་ནམ་ཡང་གློད་མྱོང་མེད། གང་ལྟར་ཁྱེད་ནི་བོད་མི་རིགས་ཀྱི་ཡོད་ཚད་ཀྱི་བདག་པོ་རེད་ལ། ཡོད་ཚད་སྐྲུན་མཁན་གྱི་བྱེད་པོའང་ཁྱེད་ལས་གཞན་སུ་ཡང་མེད། འདི་ནི་༸གང་སྐུ་ལྷ་མོ་དོན་གྲུབ་ཀྱིས་མི་རིགས་ལ་ཕུལ་བའི་རླབས་ཆེན་གྱི་ལེགས་སྐྱེས་རེད་ལ། བོད་མི་རེ་རེའི་སེམས་ཁོང་ན་འགྱིང་བའི་བཀའ་དྲིན་རྗེས་དྲན་གྱི་རྡོ་རིང་རེད།

མཇུག་བསྡུ་བའི་གཏམ།

༸གོང་ས་མཆོག་གིས་བོད་མི་རིགས་ལ་གནང་བའི་བཀའ་དྲིན་ནི། ངོ་མ་ཨ་སྔོན་བཞིན་རྒྱ་ཆེ་ལ་རྒྱ་མཚོ་བཞིན་གཏིང་ཟབ། ཁོང་ནི་དུས་རབས་ཉེར་གཅིག་པའི་ཞི་བདེའི་དེད་དཔོན་ཆེན་མོ། ཡོད་ཚད་ཐུགས་དགོངས་ན་མངའ་བའི་མཁྱེན་པའི་བདག་པོ་ཁོ་ན་ཡིན་པས། ང་ཚོ་བོད་མི་ས་ཡ་དྲུག་གིས་ཁོང་གི་བཀའ་དྲིན་ནམ་ཡང་སེམས་བསམ་པའི་གཏིང་རིམ་ནས་དྲན་དགོས་ལ་བརྗེད་མི་རུང།
བཀའ་སློབ་ལམ་སྟོན་ཆུ་བུར་བཞིན་བརྡོལ་བའི། །དྲིན་ལན་འཇལ་འདོད་ནམ་ཡང་སེམས་ན་ཡོད། །
གསར་དུ་འབུས་པའི་རྗེས་རབས་བོད་མི་ཚོས། །དྲན་པའི་ངོས་སུ་བསྟན་འཛིན་རྒྱ་མཚོ་ཞོག  །
རྩོམ་ཡིག་དཔྱད་མཆན།
རྩོམ་འདིའི་ནང་དུ་༸གོང་ས་མཆོག་སྐུ་གང་དུ་བལྟམས་པའི་ཚུལ་དང་རྒྱ་ནག་གཞུང་དང་འབྲེལ་བ་གནང་སྟེ་འཆམ་མཐུན་ཡོང་བར་ཐུགས་རེ་བཅངས་ཚུལ། མཐར་བཙན་བྱོལ་དུ་ཕེབས་ཏེ་འཛམ་གླིང་ཞི་བདེའི་དེད་དཔོན་དུ་གྱུར་ཚུལ་སོགས་སྡེབ་ལེགས་པའི་ཚིག་གི་ཕྲེང་བར་བརྒྱུས་ཏེ་ང་ཚོའི་མིག་སྔར་བཤམས་ཡོད།
རྩོམ་ཡིག་འདིའི་འགོ་ཡི་གླེང་སློང་བའི་གཏམ་ནས་མཇུག་བསྡུ་བའི་བར་དུ་ཁྱད་ཆོས་ཀྱི་ཚིག་སྦྱར་བ་ལེགས་པས་ཀློག་བདེ་ལ་སྙན་ཆ་ལྡན། བར་བཅུག་དང་ཁ་གསབ། དཔྱད་བརྗོད་ཀྱི་ཚུལ་དང་གསལ་བྱེད་གྱི་རྣམ་པ་གང་ཡིན་ཀྱང་ཅུང་བཟང། ཡིན་ནའང་སྒྱུ་རྩལ་གྱི་ཐབས་ལམ་སྤྱད་པ་ཤུགས་ཆེ་བས་འདི་ནི་སྒྱུ་རྩལ་བརྩམས་ཆོས་ཀྱི་ཁོངས་སུ་བཞག་ན་འོས་སམ་སྙམ། འདི་ལྟར་བལྟས་ན། གླེང་སློང་བའི་གཏམ་དང་མཇུག་བསྡུའི་གཏམ་གྱི་ཁ་བྱང་དེ་གཉིས་མེད་ན་ལེགས་པར་འདོད།

མདུན་ཤོག

Menu