[toc]

འཕགས་བོོད་གཉིིས་ཀྱིི་ཐུན་མོོང་མ་ཡིིན་པའིི་འབྲེེེལ་ལམ།(ཨང་དང་པོ)

ཕུན་ཚོགས་ཆོས་འཕེལ། མ་སུ་རི་བོད་ཁྱིམ་སློབ་གྲྭ།

ཤེས་རིག་མེ་ཏོག་བཀྲ་བའི་དབྱིག་འཛིན་གྱི་མངལ་དུ། །ཐོལ་གྱིས་སྦྲུམ་པའི་ཐག་རིང་འཕགས་ཡུལ་གྱི་ས་དང། །
འཛམ་གླིང་རྩེ་མོར་ཆགས་པའི་གངས་ལྗོངས་ཀྱི་ས་གཉིས། །ཕན་ཚུན་མི་གཅིག་ཡུལ་ལུང་ཐ་དད་དུ་སྣང་ཡང། །
འཇིག་རྟེན་བྱུང་བ་བརྗོད་པའི་ལོ་རྒྱུས་ཀྱི་དེབ་ནང། །འཕགས་བོད་གཉིས་ནི་མ་གཅིག་སྤུན་གཉིས་ཀྱི་ནང་བཞིན། །
མཛའ་བརྩེ་ཟབ་མོའི་གསེར་ཟམ་ཡངས་མོ་ཡི་སྟེང་དུ།  །སྔ་མའི་དུས་ནས་གོམ་ཁ་ལྷན་ཅིག་ཏུ་སྤོས་ཤིང། །
སྔོན་བྱོན་མེས་པོ་དམ་པ་དགེ་འདུན་གྱི་ཆོས་འཕེལ། །ཆོས་དང་རིག་གནས་སློབ་གཉེར་ཁོ་ན་ཡི་སླད་དུ། །
ངོ་མཚར་ཞབས་ཀྱི་དཀྱིལ་འཁོར་ས་འཛིན་འདིར་སྤོས་མྱོང། །དེ་ལྟ་ནའང་རང་རིགས་སྐད་ཡིག་ལ་དུངས་པའི། །
མགྲིན་བཟང་ཁོ་བོས་འཕགས་བོད་ཐུན་མིན་གྱི་འབྲེལ་བ། །དབྱངས་གསལ་སོ་བཞིའི་ཡི་གེའི་ཕྲེང་བ་ལ་བརྒྱུས་ནས། །
གཡོ་ལྷད་མེད་པའི་ལྷག་བསམ་ཟབ་མོ་ཡི་གཞུ་ལ། །དྲང་བདེན་ཚིག་གི་མདའ་མོ་སྐད་ཅིག་ཏུ་སྦྱར་ཏེ། །
ཐུགས་རྒྱ་ཡངས་པའི་གཟུར་གནས་མཁས་པ་ཡི་སྤྱན་ལ། །མྱུར་དུ་འཕོག་པའི་གསོལ་བ་སྙིང་ཁོང་ནས་འདེབས་སོ། །

འཕགས་བོད་ཐུན་མོང་གི་འབྲེལ་བ་ཟབ་མོའི་ཉིང་བཅུད་ཙམ་ཞིག་ཚིགས་བཅད་ཀྱི་སྟར་ལ་བརྒྱུས་ནས་གོ་ལའི་ཡང་རྩེར་གནས་པའི་ཐུ་བྷོད་སྤྱི་ཚོགས་ཀྱི་གནས་དང་གོ་ལ་ཟླུམ་པོའི་དམའ་སར་ཆགས་པའི་འཕགས་པའི་ཡུལ་ལུང་གཉིས་ཀྱི་བར་ལ་གནའ་ནས་ད་ལྟའི་བར་འབྲེལ་བ་ཅི་ཙམ་བྱུང་ཡོད་མེད་དཔྱིས་ཕྱིན་པ་ཞིག་ཕྲན་གྱིས་རྟོགས་ཐབས་བྲལ་ན་ཡང། དེ་རིང་བཅོལ་ཆུང་ངས་ཆུང་བྱིས་པའི་དུས་ནས་ནར་སོན་པའི་བརྒྱུད་རིམ་ཞིག་གི་སྲུབས་ཀ་ནས་རང་ཉིད་ཀྱི་ཐོས་འཛིན་གྱི་བུ་ག་དང་ཆུ་བུར་མིག་གི་གང་མཐོང་ཐོས་བྱུང་བ་རྣམས་ལྷུག་པོར་བརྗོད་ཀྱི་ཡིན།     དེ་ཡང་ཐུ་བྷོད་སྤྱི་ཚོགས་འདི་ད་ལྟ་ནང་བཞིན་གྱི་རྒྱལ་ཁབ་ཁྱོན་ཡོངས་དང་མཉམ་འགྲོས་ཀྱི་བང་རྩལ་མ་རྒྱས་གོང་གདོང་དམར་བོད་མི་ཡི་ཁྱིམ་གཞི་ཆེན་མོ་འདི་རེ་ཞིག་ཁེར་རྐྱང་དུ་གནས་ན་ཡང་། རིམ་བཞིན་མི་ཡི་བསམ་པའི་དཔལ་ཡོན་མདུན་སྐྱོད་བྱ་འདོད་ཀྱི་འདུན་པ་དྲག་པོ་ཞིག་རྒྱས་ནས་སྔར་གྱི་རི་དྭགས་བསེ་རུ་ལྟར་གཅིག་པུར་འདུག་པའི་སྲོལ་རྒྱུན་རྙིང་པའི་བསམ་བློ་འདི་རྒྱང་དུ་དོར་ནས་འཛམ་གླིང་གི་ཡུལ་གྲུ་གཞན་དང་ཆོས་སྲིད་དཔལ་འབྱོར་སོགས་ཀྱི་འབྲེལ་བ་བྱ་རྒྱུར་མཛའ་གཅུགས་ཀྱི་གསེར་ཟམ་ཐོག་མ་དེ་འཕངས་པ་རེད། དེའི་ནང་ནས་སྔ་ཤོས་སུ་གྲགས་པའི་ཡུལ་ལུང་ནི་རྒྱ་གར་འཕགས་པའི་ཡུལ་ལུང་འདི་ཡིན་ཅིང་ཕན་ཚུན་བར་མ་གཅིག་གི་མངལ་ལས་སྐྱེས་པའི་སྤུན་ལྟར་གུས་བཀུར་དང་མཛའ་འབྲེལ་ཧ་ཅང་ཟབ་ལ་ད་ལྟ་ང་ཚོས་ལོ་རྒྱུས་དེབ་ཐེར་ཆེན་མོའི་ནང་བལྟས་ཀྱང་བོད་དང་རྒྱ་གར་གྱི་འབྲེལ་བ་ནི་མི་འཇིག་རི་རབ་ལྷུན་པོ་བཞིན་དུ་བརྟན་ལ། འབྲེལ་བ་འདི་ད་ལྟ་ཡང་ཟམ་མ་ཆད་པར་གནས་ཡོད་པ་དང་ཡར་ངོའི་ཟླ་བ་བཞིན་དུ་ད་དུང་གོང་ནས་གོང་དུ་འཕེལ་བཞིན་མཆིས། ད་ལྟ་བོད་ཕྱི་ནང་གཉིས་ལ་ཚན་རིག་དང་མཐུན་པའི་ཡར་རྒྱས་ཀྱི་གོམ་སྟབས་གང་འཚམ་ཞིག་ཕྱིན་ཡོད།
 སྔོན་བྱོན་མེས་པོ་དམ་པའི་རྣམ་དཔྱོད་ཀྱི་འོད་ཟེར་ལས་ལེགས་པར་བལྟམས་པའི་བོད་ཁམས་ལོ་རྒྱུས་ཁག་ལ་བསྲེགས་བཅད་བརྡར་གསུམ་གྱི་སྒོ་ནས་ཞིབ་འཇུག་བྱས་ན། ཕལ་ཆེར་འཕགས་བོད་གཉིས་ཀྱི་བར་འབྲེལ་བ་ཟབ་ཤོས་ནི་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སུ་བྱུང་ཡོད་པའི་ངེས་པ་ཅུང་ཙམ་མཆིས། རྒྱལ་ཐོག་འདིར་རྒྱ་གར་གྱི་སྨན་པ་གྲགས་ཆེན་བི་ཕྱི་དགའ་བྱེད་དང་བི་ལྷ་དགའ་མཛེས་སོགས་ཕོ་བྲང་དུ་གདན་དྲངས་ནས་བོད་ཡུལ་གྱི་ཧ་ཅང་ཉམ་ཐག་པའི་རིག་གནས་ཀྱི་ཞིང་ས་ཆེན་མོར་གསོ་རིག་གི་མྱུ་གུ་ཐོག་མར་འབུས། འདི་ནི་བོད་དང་རྒྱ་གར་གཉིས་ཀྱི་བར་མཛའ་གཅུགས་ཀྱི་འབྲེལ་བ་བྱུང་སའི་ཐོག་མའི་ལྡེ་མིག་ལྟ་བུ་ཞིག་ཆགས་ཡོད་ལ་བོད་མི་རིགས་དང་རྒྱ་གར་མི་རིགས་གཉིས་ཀྱི་འབྲེལ་བ་སྔ་ཤོས་དེ་ཆགས་ཡོད།

ཀ  འཕགས་བོད་ཀྱི་ཆོས་ཕྱོགས་ཀྱི་འབྲེལ་བ་མི་ཤིགས་མཛའ་བརྩེའི་མདུད་པ།

ལོ་ཟླའི་འགྲོས་དང་བསྟུན་པའི་བརྒྱུད་རིམ་རིང་མོའི་ཁྲོད་འཕགས་ཡུལ་དང་བོད་ལྗོངས་གཉིས་ཀྱི་བར་ཆོས་ཕྱོགས་ཀྱི་འབྲེལ་བ་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་བྱུང་ཡོད། དེ་ཡང་སྲོང་བཙན་སྒམ་པོའི་དུས་སྐབས་སུ་ནང་པའི་ཆོས་ཀྱི་བསྟན་པ་དབུ་བརྙེས་པ་འདི་འཕེལ་རྒྱས་གསར་པ་ཞིག་བྱུང་བ་ནས་རི་བོའི་གཏོས་དང་མཉམ་པའི་ནང་ཆོས་ཀྱི་གླེགས་བམ་དུ་མ་ཞིག་རྒྱ་གར་ལེགས་སྦྱར་སྐད་ནས་བོད་སྐད་དུ་བསྒྱུར་གནང་མཛད་ནས་ནང་ཆོས་ཀྱི་དགེ་མཚན་འདི་བོད་ཁམས་ཡོངས་ལ་ཀུན་གསལ་ཉི་མ་ལྟ་བུ་ཁྱབ་པ་བྱུང། ང་ཚོ་བོད་རིགས་རྣམས་བྱང་སེམས་ཆེ་བའི་མི་རིགས་ཤིག་དང་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་སྲོང་བཙན་གྱི་གདུང་རྒྱུད་ཅིག་ཏུ་གྱུར་པ་ནི་ཆུ་མགོ་གངས་ལ་ཐུག་པ་བཞིན་དུ་འཕགས་པའི་ཡུལ་དང་འབྲེལ་བ་དམ་པོར་བཙུགས་པའི་བཀའ་དྲིན་ཉག་ཅིག་ཡིན་པ་དང་༸གོང་ས་མཆོག་གིས་ཀྱང་དུས་རྒྱུན་དུ་འཕགས་བོད་གཉིས་ནི་དགེ་སློབ་ཀྱི་འབྲེལ་བ་ཡིན་གསུངས་པའི་བདེན་ཚིག་འདི་ཡང་འཕགས་བོད་གཉིས་ལ་གཅེན་གཅུང་ལྟ་བུའི་འབྲལ་ཐབས་མེད་པའི་ལྷད་མེད་ཀྱི་བརྩེ་དུངས་ཤིག་ཡོད་པ་ལོ་རྒྱུས་ཀྱིས་གསལ་པོར་ར་འཕྲོད་པ་ཞིག་བྱེད་ཐུབ་ཀྱི་ཡོད།

ཁ། སྐྱེས་ཆེན་དམ་པ་རྣམས་འཕགས་ཡུལ་དུ་བསྐྱོད་པའི་ངལ་བ་དང་དམིགས་ཡུལ།

རྒྱ་གར་དང་བོད་གཉིས་ས་ཁམས་དང་མི་རིགས། སྐད་ཡིག་སོགས་མི་འདྲ་བའི་ཁྱད་པར་ནམ་མཁའི་སྐར་ཚོགས་ལྟ་བུ་ཞིག་ཡོད་ན་ཡང་། ཡུལ་ལུང་འདི་གཉིས་བར་འདི་ལྟ་བུའི་འབྲེལ་བ་ཟབ་ཤོས་ཤིག་བྱུང་བའི་རྒྱུ་མཚན་སུ་གང་ལ་དྲིས་ཀྱང་འདི་ནི་ནམ་ཡང་ལེན་འདེབས་རྒྱུ་མེད་པའི་དྲི་རྟགས་དམར་པོ་ཞིག་ཏུ་འགྱུར་ངེས་ཡིན། འོན་ཏེ་ང་ཚོས་བསམ་བློ་ཞིབ་ཏུ་བཏང་ཚེ་ཡུལ་ལུང་འདི་གཉིས་ཀྱི་འབྲེལ་བ་ནི་ལས་སླ་པོའི་ངང་བྱུང་བ་ཞིག་གཏན་ནས་མ་ཡིན་གྱིས། འདི་ནི་བོད་ཀྱི་སྔོན་བྱོན་སྐྱེས་ཆེན་དམ་པ་ཚོས་སེན་གཏིང་རྣག་དང་སེན་མགོ་ཁྲག་གི་དཀའ་སྤྱད་སྡུག་རུས་ཀྱིས་ས་དོག་མོ་གདན་དང་གནམ་སྔོན་པོ་གོས་སུ་བྱས་ནས་རི་ལུང་སྟོང་ཕྲག་མང་པོ་སྤོབས་པས་གཤགས་ཏེ་སྡུག་བསྔལ་ཡོད་ཚད་ཐོད་ལ་བླངས་པས་གཞི་ནས་འཕགས་བོད་གཉིས་ཀྱི་འབྲེལ་བ་ཟབ་མོ་འདི་འཛུགས་ཐུབ་པ་བྱུང་།                                                     བོད་ལ་རང་གི་ཡི་གེ་མ་དར་བའི་གོང་དུ་སློབ་དཔོན་ཐོན་མི་ཡིས་དཀའ་བ་བརྒྱ་ཕྲག་དུ་མ་ཁྱད་དུ་བསད་ནས་རྒྱ་གར་བྲམ་ཟེ་ལི་བྱིན་ཀ་ར་སོགས་ནས་ལེགས་སྦྱར་གྱི་སྐད་ཡིག་ཟས་བརྗེད་གཉིད་བཅག་གིས་སྦྱངས་པའི་མཐུ་ལས་ད་ལྟ་ང་ཚོའི་དབྱངས་གསལ་སོ་བཞིར་འབོད་པའི་ཡི་གེ་འདི་བྱུང་བ་ཡིན་ཅིང་འདི་ནི་ཐོན་མི་གཅིག་པུའི་བཀའ་དྲིན་མ་ཡིན་པར་རྒྱ་གར་དང་འབྲེལ་བ་དམ་ཟབ་བསྐྲུན་པའི་བཀའ་དྲིན་ཡང་ཡིན་ནོ། །
དེར་བརྟེན་ཡུལ་ལུང་འདི་གཉིས་ཀྱི་འབྲེལ་བ་དང་དེ་ལས་བྱུང་བའི་མཚན་སྙན་སྲིད་པའི་ཁྱོན་ཡོངས་ལ་འབྲུག་སྒྲ་ལྡིར་བ་ལྟ་བུ་ཡོད་པ་དང།         དེང་སང་ཕྱི་རྒྱལ་མིག་ལྗང་སྐྱེ་བོ་ཚོས་བོད་དེ་ཕྱི་ལ་འབྲེལ་བ་འཛུགས་མཁན་གྱི་རྒྱལ་ཁམས་ཤིག་མིན་པའི་སྡོམ་ཚིག་འདི་ཁྱི་རྒན་རྒྱ་བོས་སྐར་མར་ཟུག་པའི་དཔེ་བཞིན་དུ་ཅུང་ཙམ་ཐལ་དྲགས་འདུག་སྙམ་པའི་བསམ་བློ་ཞིག་རང་བཞིན་གྱིས་འཁོར་འོང་གིན་རེད། ཐུ་བྷོད་ཚང་འདི་གནའ་ནས་བཟུང་བློ་གྲོས་དང་རྣམ་དཔྱོད་ཀྱི་མཐུ་ནུས་ལ་བརྟེན་ནས་ཕྱི་རྒྱལ་ཡུལ་གྲུ་གཞན་དང་འབྲེལ་བ་དམ་ཟབ་བསྐྲུན་ཅིང། ཁྱད་པར་དུ་རྒྱ་གར་ཡུལ་ལ་ཆོས་ཕྱོགས་ཀྱི་འབྲེལ་བ་བློ་ཡུལ་ལས་འདས་པ་ཞིག་བཙུགས་གནང་མཛད་ནས་ད་ལྟ་ཡང་བོད་དང་རྒྱ་གར་གཉིས་བར་ཐུན་མོང་གི་མཛའ་བརྩེ་ཟབ་མོ་ཞིག་སྦྲུམ་ནས་ཕན་ཚུན་ལག་གདང་སྦྲེལ་བཞིན་དུས་རབས་གསར་པའི་སྐྱ་རེངས་ཀྱི་འོད་ཟེར་བསུ་བའི་སྟ་གོན་བྱེད་བཞིན་ཡོད།

ག འཕགས་བོད་ཀྱི་འབྲེལ་ལམ་མུ་མཐུད་ཡར་རྒྱས་ཡོང་ཐབས་ཀྱི་བསམ་གཞིགས།

དུས་རབས་མང་པོའི་རིང་བོད་དང་རྒྱ་གར་གཉིས་བར་ཕྲག་དོག་དང་སྐྱོན་བརྗོད། ད་དུང་ཟུར་ཟའི་ཚིག་གིས་མཛའ་བརྩེ་ཡི་རྡོ་རིང་བརྗིད་པོ་འདི་གཏོར་བརླག་ཏུ་གཏོང་རྒྱུའི་ཐད་དམར་པོའི་སྲིད་གཞུང་གི་བྱུས་ངན་རབས་དང་རིམ་པ་སྤེལ་ན་ཡང་།    ད་དུང་ཁོ་ཚོར་དགོས་པའི་གཡུར་ཟའི་གྲུབ་འབྲས་བྱེ་མ་བཙིར་ནས་མར་ཁུ་འདོན་ཐབས་བྱེད་པའི་ལྐུགས་པའི་ཨུ་ཚུགས་ཤིག་ལ་གྱུར་ཡོད། རྒྱ་དམར་གཞུང་ནས་བོད་དང་འཕགས་ཡུལ་བར་གྱི་འབྲེལ་ལམ་དང་འབྲེལ་བའི་ལོ་རྒྱུས་ཀྱི་ཤོག་ལྷེ་ཇི་སྙེད་ཅིག་ཕྲག་དོག་དང་གདུག་རྩུབ་ཀྱི་མེ་ལྕེ་ཐོལ་གྱི་འབར་བའི་ནང་བསྲེགས་ཀྱང་སྒྱུར་བཅོས་གཏོང་ཐབས་ཡེ་ནས་བྲལ། འཕགས་ཡུལ་ནི་རང་བཞིན་གྱིས་ང་ཚོའི་མ་ཡུམ་ལྟ་བུ་ཞིག་ཆགས་ཡོད་ལ་ཁོ་མོའི་བྱམས་བརྩེས་བོད་མི་རིགས་གང་མང་ཞིག་པང་དུ་བླངས་ཡོད་པ་དང་ཟས་གོས་གནས་མལ་སོགས་ཕྱི་ནང་གི་མཐུན་རྐྱེན་སྦྱར་ཏེ་འཚར་ལོངས་རིམ་བཞིན་བྱུང་ཡོད་པས་ང་ཚོའི་བོད་རིགས་ཚོས་མ་ཡུམ་རྒྱ་གར་བའི་བཀའ་དྲིན་གཞལ་ཐབས་མེད། ་དེ་བས་ང་ཚོ་གཞོན་སྐྱེས་ཚོས་ཡབ་མེས་ནས་བཞག་པའི་ཐུན་མིན་གྱི་འབྲེལ་བ་དང་མཛའ་བརྩེ་ལ་གདེང་འཇོག་དང་བརྩི་བཀུར་བླ་མེད་ཞུས་ཏེ་མི་རབས་ནས་མི་རབས་བར་འབྲེལ་བ་འདི་རྒྱུན་འཁྱོངས་བྱ་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན་ནོ། །

ང། འཕགས་བོད་གཉིས་ཀྱི་འབྲེལ་ལམ་དང་བོད་ཀྱི་གནས་སྟངས།

འདི་ལྟར་ལོ་རྒྱུས་ཀྱི་ཕྲེང་ཐག་མ་ཆད་པར་མི་རིགས་འདི་གཉིས་རྩ་བའི་ཆོས་ཕྱོགས་ཀྱི་འབྲེལ་བའི་རྨང་གཞི་བཏིང་ནས་ལོ་ངོ་མང་པོ་ཞིག་སོང་ཡོད་ལ་འབྲེལ་ལམ་འདི་ད་དུང་ཡང་གནས་མུས་རེད། འོན་ཀྱང་ཕན་ཚུན་འབྲེལ་ལམ་བྱས་པའི་བརྒྱུད་རིམ་ཁྲོད་རྒྱ་གར་འདི་སྔོན་དུ་ཕྱོགས་པའི་མི་རིགས་ཤིག་དང་ཐུ་བྷོད་སྤྱི་ཚོགས་འདི་རུས་སྦལ་གྱི་འགྲོས་བཟུང་ནས་རྗེས་སུ་ལུས་ཡོད། རྒྱ་གར་འདི་དེང་རབས་ཅན་གྱི་འཛུགས་སྐྲུན་གྱི་མ་ལག་ཡོངས་སུ་རྒྱས་ནས་ཕྱི་ཡི་རྒྱལ་ཁབ་གྲངས་ལས་འདས་པ་ཞིག་ལ་འབྲེལ་བ་བཙུགས་ཚར་ཡང་ང་ཚོས་རྒྱ་གར་གྱི་ས་གཞི་ཆེན་པོའི་སྟེང་དུ་འཕགས་བོད་གཉིས་འབྲེལ་བ་ཡག་པོ་ཡོད་ཅེས་པའི་སྟོང་བཤད་ཀྱི་གད་རྒྱངས་ནམ་མཁའ་དབྲལ་བ་ལྟ་བུ་ཞིག་བསྒྲགས་ཀྱང་སོས་དལ་ངང་ཉིན་ཞག་འཕུད་ཐབས་བྱས་ནས་བསྡད་ན་གྱོང་གུད་ལས་མེད་པས། ང་ཚོ་སྲོང་བཙན་གྱི་མི་རྒྱུད་འདིས་རྒྱ་གར་གྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་ཀྱི་ལེགས་ཆ་བླངས་ནས་སོ་སོའི་རྒྱལ་ཁབ་ཀྱི་མ་འོངས་པའི་འཛུགས་སྐྲུན་ཆེད་དུ་འབད་པ་ལྷོད་མེད་བྱེད་དགོས་སོ། །  

ཅ། མཁས་དབང་རྣམས་ཀྱི་འཕགས་ཡུལ་ལ་ལམ་བགྲོད་ཀྱི་སྡོམ་ཚིག

དྲིན་ཅན་གྱི་སློབ་དཔོན་ཐོན་མི་སམྦྷོཊ་ནས་དུས་རབས་ཉི་ཤུ་པའི་ནང་བྱུང་བའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་བར་མཁས་གྲུབ་མང་པོ་འཕགས་ཡུལ་དུ་ཡང་ནས་ཡང་དུ་འགྲུལ་བཞུད་བྱེད་དགོས་དོན་གཙོ་བོ་ནི་མཐར་གཏུགས་ནས་བཤད་ན། རྒྱ་གར་ནི་ངེས་པ་དོན་གྱིས་ཤེས་རིག་གི་འབྱུང་ཁུངས་ཁྱད་དུ་འཕགས་པ་ཞིག་ཡིན་པས་རེད།

ཆ། མཇུག་བསྡུའི་གཏམ་གྱི་རོལ་མོ།

དེས་ན་ང་ཚོས་འཕགས་བོད་གཉིས་ཀྱི་འབྲེལ་ལམ་གྱི་ལོ་རྒྱུས་འདི་གཞོན་སྐྱེས་ཀུན་ལ་སློབ་ཏུ་བཅུག་ནས་མ་འོངས་པར་ཡང་གནའ་ནས་ད་ལྟའི་བར་གྱི་འབྲེལ་ལམ་འདི་མུ་མཐུད་གནས་ཐབས་ལ་འབད་པ་ཧུར་ཐག་བྱ་རྒྱུ་གལ་འགངས་ཆེ།               
སྨྲས་པ།
    དྲི་མ་མེད་པའི་ཤོག་བུ་དཀར་པོ་ཡི་སྟེང་དུ། ། ཤར་མར་བྲིས་པའི་དབྱངས་གསལ་སོ་བཞི་ཡི་ཡི་གེ །
    ལར་ཞེན་ཟབ་པའི་གངས་དཀར་སེམས་ཁོང་གི་རྫིང་ལས། །ཐོལ་གྱིས་བཞུར་བའི་ཆུ་མིག་དྭངས་མོ་ཡི་བཅུད་ཡིན། །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིའི་ནང་དུ་རྒྱ་གར་དང་བོད་གཉིས་གནའ་སྔ་མོ་ནས་གསོ་རིག་དང་ནང་ཆོས་སོགས་ཕྱོགས་མང་པོའི་ཐད་ནས་འབྲེལ་བ་རྒྱུན་མ་ཆད་པར་བྱུང་ཡོད་པ་དང། ཆོས་དང་རིག་གནས་ཀྱི་ཐད་ནས་གླེང་ན་དགེ་སློབ་ཀྱི་འབྲེལ་བ་ཡོད་པ་སོགས་ལུང་དང་རིག་པ་དུ་མས་བསྒྲུབས་པ་ཅུང་ལེགས།
རྩོམ་ཡིག་འདིའི་འགོ་ནི་སྲོལ་རྒྱུན་གྱི་རྩོམ་སྟངས་ལྟར་ཚིགས་སུ་བཅད་པ་དུ་མས་གླེང་སྟེ་རིམ་གྱིས་བརྗོད་གཞི་སྟེང་བབས་ཏེ་བར་བཅུག་དང་དཔྱད་གླེང་སོགས་ཀྱི་རྣམ་པས་ཞིབ་བརྗོད་བྱས་པ་བཟང་བརྗོད་སྙིང་འཕགས་བོད་གཉིས་ཀྱི་འབྲེལ་བ་དེ་སྒྲིག་གཞི་རིམ་པ་དུ་མར་བཀྲམ་སྟེ། དོན་ཚན་སོ་སོའི་ནང་ཐུན་མོང་མ་ཡིན་པའི་དགོས་དམིགས་ལྡན་ཞིང། རྗོད་ཚིག་སྔ་ཕྱི་འབྲེལ་ཆགས་ཤིང་གནས་ལུགས་འགྲེལ་བརྗོད་ཀྱི་ནུས་པ་ཐོན་པ། ད་དུང་རྗོད་བྱེད་ཚིག་ལ་སྙན་ཆ་དལྡན་པ་བཅས་ཀྱི་ཁྱད་ཆོས་ཀྱང་མི་དམན་པ་འདུག 

འཕགས་བོོད་གཉིིས་ཀྱིི་ཐུན་མོོང་མ་ཡིིན་པའིི་འབྲེེེལ་བ།(ཨང་གཉིས་པ)

པད་མ་དཔའ་དབྱངས། སེ་ལ་ཀུལ་བོད་ཁྱིམ།

གླེང་བརྗོད།

འདིར་ངས་འཕགས་བོད་གཉིས་ཀྱི་ཐུན་མོང་མ་ཡིན་པའི་འབྲེལ་བའི་སྐོར་འབྲི་བར་རྩོམ་སྐབས། ང་རེ་ཞིག་ཐམ་ཐོམ་ངང་ལུས་སོང། རྒྱུ་མཚན་ནི། ངས་བོད་ཀྱི་བཙན་པོའི་གདུང་རྒྱུད་དང་བོད་ཀྱི་ནང་པའི་ཆོས། བརྡ་སྤྲོད་པའི་གཞུང། བོད་ཀྱི་གསོ་བ་རིག་པ་སོགས་སྔར་འདས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཁག་དེ་དག་ལ་ཕྱིར་འདང་ཞིག་དང་། ད་ལྟ་མཐོང་ཆོས་སུ་ཡོད་པའི་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབ་སོགས་གང་ཅིའི་ཐད་ལ་བསམ་གཞིགས་བྱེད་ཚེ་བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱི་བརྒྱུད་རིམ་གཙིགས་ཆེ་བ་ཚང་མའི་ཁྲོད་རྒྱ་གར་གྱི་ཞབས་རྗེས་མེད་པ་ཞིག་ཕལ་ཆེར་མེད་ཅེས་བརྗོད་ཆོག།
དེས་ན། ངས་རྡོ་རྗེ་བྲག་རི་ལས་ཀྱང་བརྟན་པའི་འཕགས་བོད་གཉིས་པོའི་འབྲེལ་བཟང་དེ་རིག་ཚེ་སེམས་དགའ་ཞིང་སྣང་བའང་ཤིན་ཏུ་སྐྱིད། ལར་ནས་ངས་གཏམ་སྣེ་གང་ནས་འཇུ་དགོས་པའང་ཐེ་ཚོམ་ཡིན་མོད། འོན་ཀྱང་། ངས་ཀློག་པ་པོའི་ཀློག་བདེ་བའི་ཆེད་དོན་ཚན་བཞིའི་སྒོ་ནས་གླེང་རྒྱུ་ལགས།

༡། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལས་འཕགས་བོད་ཀྱི་འབྲེལ་ལམ་སྐོར་ཅུང་ཙམ་གླེང་བ།

སྤྱིར་ང་ཚོས་རྒྱ་གར་དེ་ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་ཙམ་དུ་བརྩི་ཡང་ཆོག། ཡིན་ནའང། ང་ཚོས་རྒྱལ་རབས་ལོ་རྒྱུས་ཁག་ལ་ལྟ་ཀློག་བྱས་ཚེ། ད་གཟོད་གཞི་ནས་རྒྱ་གར་འཕགས་པའི་ཡུལ་དེ་ཁྱིམ་མཚེས་རྒྱལ་ཁབ་ཅིག་ལས་ལྷག་པ་ཞིག་ཡིན་པའི་ངེས་པ་རྙེད་ངེས།
སྔར་བོད་ཀྱི་དཔལ་ཡོན་དར་རྗེས་ཀྱི་བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོའི་བྱུང་རབས་ལས་ཡོངས་གྲགས་སུ་ཡོད་པ་དེ་ལས་ང་ཚོས་བོད་ཀྱི་བཙན་པོའི་གདུང་རྒྱུད་དེ་ཕལ་ཆེར་འཕགས་ཡུལ་དང་འབྲེལ་བ་ཡོད་པ་དཔོག་ཐུབ། རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་སྐབས་ཀྱི་གཉེན་པོ་གསང་བ་བྱུང་བ་ནས་བརྩིས་པའི་རྒྱལ་པོ་དེའི་རྒྱལ་ཐོག་ལྔའི་རྗེས་ཀྱི་སྲོང་བཙན་སྐབས་སུ། རྒྱ་གར་འཕགས་ཡུལ་གྱི་ཡི་གེར་དཔེ་བླངས་ནས་ཐོན་མི་སམྦྷོཊས་བོད་ཀྱི་ཡིག་གཟུགས་གསར་གཏོད་མཛད་ཐུབ་པ་བྱུང་ཡོད་ལ་བོད་དུ་ནང་པའི་ཆོས་ཐོག་མར་ཁྱབ་སྤེལ་ཕྱིན་ཡོད།
ཡང་བཙན་པོ་ཁྲི་སྲོང་སྐབས་རྒྱ་གར་ནས་མཁན་ཆེན་ཞི་བ་འཚོ་དང། སློབ་དཔོན་པད་མ་འབྱུང་གནས་སོགས་སྔ་རྗེས་བར་གསུམ་ལ་བོད་ནང་ལོ་ཙཱ་བ་དང་མཁས་དབང་བསམ་གྱིས་མི་ཁྱབ་པ་མང་པོ་ཞིག་འཕགས་ཡུལ་ནས་བོད་དུ་བྱོན་ཞིང། དུས་ད་ལྟ་ཡིན་ནའང། བོད་ཡོངས་རྫོགས་ལ་མུན་པ་འཐིབ་དུས་རྒྱ་གར་ངོས་ནས་གདུང་སེམས་མཉམ་སྐྱེད་བྱས་ཏེ་མཐུན་འགྱུར་རོགས་རམ་སྔར་ལས་ཀྱང་བཟང་བ་ཞིག་རྩོམ་མུས་ཡིན།

༢། བོད་ཀྱི་ཆོས་འབྱུང་ལས་འཕགས་བོད་ཀྱི་འབྲེལ་བའི་སྐོར།

གོང་དུ་ངས་ཅུང་ཟད་བརྗོད་ཟིན་པ་ལྟར། འཕགས་ཡུལ་ལས་བོད་ཀྱི་ད་ལྟའི་ནང་པའི་ཆོས་དེ་དར་རྒྱས་བྱུང་བ་ཞིག་རེད། བཙན་པོ་སྲོང་བཙན་གྱིས་བཀའ་མངགས་ལྟར་ཐོན་མིས་རྒྱ་གར་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་སོགས་བསྒྱུར་གནང་མཛད་པའི་དྲིན་ལ་བརྟེན་ནས་བོད་པའི་སྤྱི་ཚོགས་ཡོངས་ཀྱི་ཉིན་རེའི་འཚོ་བའི་ཁྲོད་ནང་པའི་ཆོས་ཀྱི་གསོན་ཉམས་ཤིག་རྒྱུན་དུ་གནས་ཡོད། ནང་ཆོས་དར་བའི་རྒྱུ་མཚན་དེ་ལ་བརྟེན་ནས་སྔར་༸གོང་ས་མཆོག་གིས་ང་རྒྱ་གར་གྱི་བུ་ཞིག་ཡིན། ཞེས་ཀྱང་གསུངས་མྱོང་ཡོད། མདོར་ན། ད་ལྟའི་བོད་ཀྱི་གནས་བབ་ཐོག་ཕྱི་གླིང་ཡུལ་གྲུ་ཁག་མང་དག་ཅིག་ནས་རྒྱབ་སྐྱོར་མཛད་པའི་དམིགས་སྒོ་གཙོ་བོ་གཅིག་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ནང་པའི་ཆོས་ཁོ་ན་ལ་ཐུག་ཡོད།

༣། བོད་ཀྱི་རིག་གནས་ལས་འཕགས་བོད་ཀྱི་འབྲེལ་བ།

བོད་ཀྱི་གསོ་རིག་གི་བྱུང་རབས་དང་དེའི་འཕེལ་རྒྱས་སོགས་ཀྱི་སྔ་ཕྱིའི་བརྒྱུད་རིམ་ལ་འཕགས་ཡུལ་གྱི་མཛད་རྗེས་ཡོད། དེ་ཡང་བཙན་པོ་ལྷ་ཐོ་ཐོ་རུ་གཉན་བཙན་གྱི་སྐབས་སུ་རྒྱ་གར་ནས་སྨན་པ་ཆེས་མཚན་སྙན་ཆེ་བ་བི་བྱི་དགའ་བྱེད་དང་བི་མ་ལྷ་མཛེས་གཉིས་བོད་དུ་ཕེབས་པའི་དྲིན་ལ་བརྟེན་ནས་རིམ་བཞིན་གཡུ་ཐོག་ཡོན་ཏན་མགོན་པོ་སོགས་ཀྱི་རྒྱུད་པ་ནས་བརྒྱུད་པས་བོད་ཀྱི་བཙན་པོ་རིམ་བྱོན་གྱི་བླ་སྨན་མཛད་ཡོད། ཕྱོགས་མཚུངས་བོད་ཀྱི་སྙན་ངག་གི་གཞུང་དེའང་ཁུངས་གཏུགས་ནས་ཕྱིན་ན་འཕགས་ཡུལ་གྱི་སློབ་དཔོན་དབྱུག་པ་ཅན་ལ་ཐུག་ཡོད།

༤། ད་ལྟའི་བཙན་བྱོལ་བོད་ཀྱི་གནས་བབ་ལས་འཕགས་བོད་ཀྱི་འབྲེལ་བ།

ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་ལས་དབང་ལ་ཆག་འཇིག་བྱུང་བའི་འབྲས་བུར་ང་ཚོ་དེ་ལྟར་བཙན་བྱོལ་དུ་གྱར་ཉིན་ནས། རྒྱ་གར་གྱི་ཕྱོགས་ནས་༸གོང་ས་མཆོག་སྐུ་འཁོར་དང་བཅས་པར་སྣེ་ལེན་གཟབ་རྒྱས་ཞུས་པའི་ཐོག། སྲིད་བློན་ནེ་རུའི་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་སྤྱི་ཚོགས་ནང་བོད་པའི་སློབ་གྲྭ་དང་གདན་ས་ཁག  གཞིས་ཆགས་སོགས་བོད་ཀྱི་གནའ་བོའི་སྲོལ་རྒྱུན་གྱི་རིག་གཞུང་རྣམས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱེད་རྒྱུའི་སྡིངས་ཆ་ཞིག་དེ་ལྟར་ཁེ་གཙང་དུ་བསྐྲུན་ཡོད།

མཇུག་གི་གཏམ།

དེ་ལྟར་གོང་དུ་བྲིས་ཟིན་པའི་དོན་ཚན་ཁག་ལ་འདང་ཞིག་བརྒྱབ་ཚེ་འཕགས་ཡུལ་ནི་བོད་ཀྱི་ལོ་རྒྱུས་ཀྱི་བརྒྱུད་རིམ་རིང་མོའི་ཁྲོད་ཆེས་དྲིན་ཆེན་གྱི་རྒྱལ་ཁབ་ཅིག་ཡིན། དེ་བས་ན། བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་ངོས་ནས་བཙན་བྱོལ་ནང་མི་ལོ་ ༥༠ ཧྲིལ་པོ་འཁོར་བའི་དུས་ཆེན་དང་བསྟུན་ནས་རྒྱ་བལ་འབྲུག་གསུམ་ན་ཡོད་པའི་བོད་ཀྱི་གཞིས་ཆགས་ཁག་ལ་རྒྱ་གར་ཐུགས་རྗེ་ཆེ། ཞེས་པའི་ལས་འགུལ་ཞིག་ཀྱང་སྤེལ་གྲུབ་པ་ཡིན། དེས་འཕགས་བོད་དབར་གྱི་འབྲེལ་བ་ཇེ་དམ་དུ་བཏང་ཡོད་ལ་འཕགས་བོད་གཉིས་ཀྱི་མཛའ་བརྩེ་གཏན་དུ་གནས་པའི་སྔ་ལྟས་ཤིག་ལགས།
རྩོམ་ཡིག་དཔྱད་མཆན།
འདས་ཟིན་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་རིང་མོར་ཕྱིར་བལྟས་ཤིག་བྱས་ན། རྒྱ་གར་དང་བོད་གཉིས་ལ་དངོས་ནས་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་མངོན་གསལ་རེད། གསོ་རིག་དང་སྙན་ངག  དེ་བཞིན་ནང་བསྟན་ཤེས་རིག་གི་ཁུངས་ཀྱང་རྒྱ་གར་ལ་ཐུག་འདུག  གཞན་ཡང་རང་རེའི་བཙན་པོའི་གདུང་རྒྱུད་ཀྱང་རྒྱ་གར་ནས་བྱུང་བའི་བཤད་ཚུལ་ཡོད་པ་དང། ད་དུང་ཆབ་སྲིད་ཀྱི་ཐད་ནས་ཀྱང་གཞན་དང་མི་མཚུངས་པའི་འབྲེལ་བ་དམ་ཟབ་ཡོད་དེ་ད་ལྟའང་ང་ཚོ་རྒྱ་གར་དུ་བཙན་བྱོལ་བྱས་ནས་བསྡད་ཡོད་པ་མ་ཡིན་ནམ། འདི་ལྟར་བལྟས་ན་རྒྱ་གར་དང་བོད་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་ཙམ་མིན་གསལ་པོར་ཤེས་ཐུབ། རྩོམ་ཡིག་འདིའི་བརྗོད་བྱའང་འདི་ཡིན།
རྩོམ་ཡིག་འདིའི་འགོ་ཡི་གླེང་གཞི་ནས་མཇུག་བར་གྱི་དུམ་མཚམས་དབྱེ་སྟངས་སོགས་སྒྲིག་གཞི་བཀོད་སྒྲིག་གི་ཐད་ནས་ཅུང་ལེགས།  ཚིག་སྦྱོར་ཡང་ལེགས་པས་ཀློག་བདེ་ལ་གོ་སླ་བའི་ཁྱད་ཆོས་ལྡན།
དུས་ཡུན་ཐུང་ཐུང་ནང་བྲིས་པའི་དཔྱད་གླེང་གི་རྩོམ་ཡིག་ལེགས་གྲས་སུ་བཞག་ཆོག་སྙམ་པས། ཕྱིས་སུ་ལོ་རྒྱུས་དང་བྱ་དངོས་གང་ཡིན་ཡང་ཕྱོགས་མང་ཟུར་མང་ནས་ལྟ་ཞིབ་ཀྱིས་དབྱེ་ཞིབ་དང་ཕྱོགས་སྡོམ་བྱེད་པའི་གོམས་གཤིས་འཇགས་པར་བྱེད་ཐུབ་ན། དཔྱད་བརྗོད་རྩོམ་ཡིག་ཚད་ལྡན་འབྲི་ཐུབ་པར་གདོན་མི་ཟའོ། །

འཕགས་བོོད་གཉིིས་ཀྱིི་ཐུན་མོོང་མ་ཡིིན་པའིི་འབྲེེེལ་ལམ།(ཨང་གསུམ་པ)

བྱང་ཆུབ་ཡོན་ཏན། སྦེལ་ཀོབ་བོད་ཁྱིམ།

ཀ   སྔོན་གྱི་བྱུང་རབས་གླེང་བ།

དེ་ཡང་འུ་ཅག་གིས་སྤྱི་གཙུག་ཏུ་བཀུར་ཞིང་དག་ཞིང་དུ་ལྟ་བའི་འཕགས་ཡུལ་ཏེ་རྒྱ་གར་ནི་མི་ལོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་ཞིང། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གཞུང་དང་སྒྱུ་རྩལ་གྱིས་ཕྱུག་པ། ངོ་མཚར་ཅན་གྱི་ལྷ་བླ་མ་དང་དྲིན་ཅན་གྱི་སྐྱེས་བུ་མང་པོའི་འཁྲུངས་ཡུལ་དང་བདག་ཅག་གི་སྟོན་པ་ཞབས་ཀྱིས་བཅགས་ཡུལ་ཡང་གནས་མཆོག་འདི་ཉིད་ཡིན། དེས་ན་སྔོན་གྱི་ལས་སྐལ་བཟང་པོས་ངེད་ཅག་བོད་དེ་ཡང་སྔར་གྱི་མེས་པོ་དག་ནས་ད་ལྟ་ལ་ཐུག་གི་བར་གསེར་ཟམ་ལྟ་བུའི་འབྲེལ་ལམ་བཟང་པོ་དེ་བྱུང།
སྤྱིར་བོད་ནི་རྒྱ་གར་ལས་ལེ་དབར་སྟོང་གིས་མཐོ་བའི་སར་ཆགས་པའི་བསིལ་ལ་མཛེས་ཤིང་སྡུག་པའི་ཡུལ་གྲུ་ཞིག་ཡིན། རིམ་བཞིན་དཔལ་ཡོན་དར་བ་ནས་བཟུང་བོད་ཀྱི་བཙན་པོ་ཐོག་མ་སྟེ་གཉའ་ཁྲི་བཙན་པོ་ཡང་རྒྱ་གར་ནས་བྱུང་བའི་བཤད་སྲོལ་ཡོད་ཅིང་དེ་ནས་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་ནས་བོད་དུ་ནང་ཆོས་ཐོག་མར་དབུ་བརྙེས། རྒྱ་གར་གྱི་དྲིན་ཅན་གྱི་སྐྱེས་བུ་མང་པོ་བོད་དུ་བྱོན་ཏེ་བོད་ཡུལ་དུ་མུན་ཁམས་ཀྱི་ནག་ནོག་བསལ་ཏེ་བྱམས་བརྩེ་དང་སྙིང་རྗེའི་ཞིང་ཁམས་སུ་ཐོག་མར་བྱིན་གྱིས་རླབས།
བོད་རྒྱལ་སོ་གསུམ་པ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ཐོན་མི་རྒྱ་གར་དུ་མངགས་ཏེ་བོད་ཀྱི་ཡི་གེ་ཐོག་མར་གསར་བཟོ་མཛད། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་སྣ་ཚོགས་དར་ཞིང་ས་ཆེན་འདི་ཡི་རྒྱན་དུ་གྱུར་པའི་ནང་པའི་བསྟན་བཅོས་མང་པོ་གདན་དྲངས་ནས་བོད་སྐད་དུ་བསྒྱུར་ཏེ་གཏན་ལ་ཕབ་ཅིང་། དེ་མིན་རྒྱ་གར་ནས་སྨྲ་བའི་ཁྱུ་མཆོག་དྲིན་ཆེན་གྱི་ལོ་ཙཱ་བ་མང་པོ་གདན་དྲངས་ཏེ་དོགས་དཔྱོད་གནང་སྟེ། ཚིག་སྦྱོར་ཙམ་ལའང་འཁྲུལ་བ་མི་འབྱུང་བའི་ཕྱིར་ནང་པའི་བསྟན་བཅོས་ཀྱི་གླེགས་བམ་མང་པོར་དག་ཐེར་མཛད་དེ་ཕྱི་ནང་གི་འགྲོ་བ་མང་པོ་སྲིད་པའི་ལྕགས་སྒྲོག་ལས་གྲོལ་བར་མཛད།
ཁ། བར་གྱི་བྱུང་རབས་གླེང་བ།
སྔོན་གྱི་དུས་ན་བོད་ཀྱི་ཡུལ་གྲུ་ནི་ས་བཙན་ཞིང་མི་རྣམས་དཔའ་བ། རྟ་རྣམས་འགྲོས་མགྱོགས་ཤིང་མྱུར་བ། ལྷག་པར་རྒྱལ་ཐོག་སོ་གསུམ་པའི་སྐབས་རྗེ་བོ་སྲོང་བཙན་སྒམ་པོས་ཕྱི་ཕྱོགས་ཀྱི་རྒྱལ་ཕྲན་མང་པོར་དམག་དྲངས་ཏེ་བོད་ཀྱི་མངའ་འོག་ཏུ་བསྡུས་ཀྱང་ཧ་ལམ་བོད་ཀྱི་རྒྱལ་རབས་ནང་རྒྱ་གར་ནང་དམག་དྲངས་པ་དང་དམག་འཐབ་བྱུང་བའི་ལོ་རྒྱུས་མེད། འདིས་རྒྱ་གར་སྐབས་དེའི་ཚེ་ཤུགས་དྲག་ཆེ་བ་མི་སྟོན་པར་བོད་མི་ཚོས་རྒྱུན་པར་རྒྱ་གར་འཕགས་ཡུལ་ནི་བླ་མ་དང་སློབ་དཔོན་ཁྱད་མེད་ཀྱི་འདུ་ཤེས་བཟུང་བས་ཡིན། བར་དུའང་རྒྱལ་དབང་རིམ་བྱོན་གྱི་སྐབས་སུ་ཡང་སྐུ་ཕྲེང་རིམ་བྱོན་རྣམ་པས་ཉིན་རེའི་ཆོས་ཀྱི་ཉམས་ལེན་དུའང་དཔལ་ནལེནྡྲའི་འགྲན་ཟླ་བྲལ་བའི་མཁས་པ་ཚོས་མཛད་པའི་གླེགས་བམ་དང་བསྟན་བཅོས་རྣམས་ལ་སྦྱངས་པ་མཛད་ཅིང་བོད་ཀྱི་ཡུལ་ཁམས་ཞི་བདེས་བསྐྱངས། ད་དུང་ཡང་བོད་ཀྱི་མཁས་པ་མང་པོ་རྒྱ་གར་དུ་གནས་གཟིགས་ལ་ཕེབས་ཤིང་སླར་ཡང་ཕྱོགས་གཉིས་ཀྱི་གནས་ཆེན་གྱི་ལམ་ཡིག་དང་གནས་ཡིག་མཛད་དེ་འབྲེལ་ལམ་གྱི་སྒོ་མོ་ཡངས་པོར་ཕྱེས།

ག།ད་ལྟའི་བྱུང་རབས་གླེང་བ།

དེ་བས་ན་བོད་དུ་དུས་འགྱུར་མ་བྱུང་གོང་གི་ལོ་ཤས་སྔོན། ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་འཕགས་ཡུལ་དུ་གདན་དྲངས་པར་མཛད་ཅིང་སྐབས་དེར་༸རྒྱལ་དབང་མཆོག་གིས་དངོས་སུ་འཕགས་ཡུལ་གྱི་ཞི་བདེའི་འཚོ་བ་དང་སྔོན་བྱོན་གྱི་མཁས་པ་ཚོས་མཛད་པའི་བསྟན་བཅོས་དག་ལ་ཡིད་སྨོན་ཆེན་པོ་སྐྱེས་ཤིང་དེ་ཡང་ཐོག་མར་༸རྒྱལ་དབང་མཆོག་དང་སྲིད་བློན་དམ་པ་ནེ་རུ་གཉིས་མཇལ་འཕྲད་སྐབས་སྲིད་བློན་མཆོག་གིས་ཕ་ཡིས་བུ་ལ་གདམས་པ་བཞིན་༸རྒྱལ་དབང་མཆོག་རང་སར་ལོག་སྟེ། ཅི་ནས་ཀྱང་རྒྱ་གཞུང་དང་ལྷན་དུ་གྲོས་མོལ་གནང་སྟེ་བོད་ཀྱི་བདེན་མཐའ་སེལ་ཐབས་ཀྱི་མཆོག་གྱུར་གྱི་ལམ་སྟོན་དེ་དེ་ནས་གནང་ཡོད། དེ་ལྟར་ཕྱི་ལོ་ ༡༩༥༩ ལོར་བོད་དུ་དུས་འགྱུར་གྱི་ཡོ་ལང་ཆེན་པོའི་སྐབས་སུ་ཡང་བློ་ཐག་གཙང་བཅད་ཀྱིས་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས།
དུས་དེ་ནས་ད་ལྟའི་བར་བོད་མི་ཁྲི་ཚོ་མང་པོ་རྒྱ་གར་ལ་བཙན་བྱོལ་དུ་ཡོང་སྟེ་ཁྱིམ་གཞི་བཟུང་སྟེ་རྒྱ་གར་གྱི་དམངས་གཙོ་དང་འཚེ་བ་མེད་པའི་ལྟ་གྲུབ་འོག་རང་གི་སྐད་ཡིག་དང་རིག་གཞུང་བཟང་པོ་མི་ཉམས་རྒྱུན་འཛིན་སླད་ཆོས་སྡེ་དང་སློབ་གྲྭ་ཁག་གང་དགོས་ཟུར་དུ་འཛུགས་འཐུས་ཆོག་པའི་བཀའ་འཁྲོལ་བཟང་པོ་ཐོབ། དུས་དེ་ནས་བཟུང་༸རྒྱལ་དབང་མཆོག་དང་བོད་མི་མང་གི་ལས་སྐལ་ལ་སླར་ཡང་བདེ་སྐྱིད་ཀྱི་ཉི་གཞོན་ཞིག་འཆར་རྒྱུ་ཡིན་པར་གསལ་ཁ་སྦྱིན་ཞིང། རྒྱ་གར་གྱི་ས་རྒྱ་ཆུང་ཞིང་མི་འབོར་མང་པོའི་གནས་ཚུལ་ལ་མ་ལྟོས་པར་ངེད་ཚོར་རང་གི་སྡོད་གནས་ཕར་ཞོག་གཡོ་སྐོལ་བྱེད་སའི་ས་ཞིང་དང་ལས་ཀ་སོགས་ཀྱང་ཕྱག་ཏུ་སྤྲད། དེ་ལྟ་བུའི་དུས་རབས་ཕྱེད་ཙམ་གྱི་རིང་ང་ཚོ་བཀའ་དྲིན་ཅན་གྱི་རྒྱ་གར་གྱི་ས་ཐོག་ཏུ་རྐང་བཙུགས་ཐོག་བོད་ཀྱི་བདེན་དོན་འཐབ་རྩོད་བྱེད་ཐུབ་པ་བྱུང་།

ང། མཇུག་བསྡུ་བའི་གཏམ།

ང་ཚོ་ནི་གནས་འདི་རུ་གཉིད་ཅིང་གནས་འདི་རུ་ལངས་དགོས་པའི་མི་རིགས་དེ་མ་ཡིན་ཞིང། དེ་བས་ང་ཚོ་ནི་གནས་འདི་ནས་ལངས་ཏེ་རང་གི་ཕ་ས་དྲོན་མོར་བསྙེགས་དགོས་པའི་ཁ་འཐོར་གྱི་བྱེའུ་ཕྲུག་ཁྱུ་གཅིག་ཡིན། ཆར་བ་རེ་རེ་དང་རླུང་འཚུབ་རེ་རེའི་སྐབས་ང་ཚོའི་གནས་ཚང་ནི་འགྱེལ་ཆོག་ཆོག་དང་འཐོར་ཆོག་དེ་ཡིན་ཞིང། ང་ཚོའི་དགའ་སྤྲོའི་འཛུམ་མདངས་རེ་རེ་ན་སྐྱོ་གདུང་གི་ན་བུན་རེ་རེ་འཐིབས། ང་ཚོའི་དྲོ་སྐྱིད་ཀྱི་རྨི་ལམ་རེ་རེ་ན་ཐག་རིང་གི་སྤུན་ཟླ་རེ་རེའི་ངུ་ངག་འདྲེས་ནས་ཡོད། གནས་འདི་ནི་ང་ཚོ་གཏན་དུ་སྡོད་པའི་གནས་མ་ཡིན་མོད་གནས་འདི་ནི་ང་ཚོ་གཏན་དུ་བྲལ་དགོས་པའི་གནས་དེའང་ག་ལ་ཡིན།
གནས་འདི་ནི་ང་ཚོ་གཤོག་སྒྲོ་ཐོགས་སའི་ཚང་མལ་དང་ཆུ་ཟམ་འཛུགས་སའི་ཆུ་ཀླུང་ཞིག་གི་དཀྱིལ་དེ་རེད། དེར་བརྟེན་ང་ཚོའི་རྨི་ལམ་ནི་གནས་འདིའི་རྨི་ལམ་མ་ཡིན་ཞིང་ང་ཚོའི་རྨི་ལམ་ནི་མཐོ་སྒང་ན་སྤུར་བའི་རང་དབང་གི་ཁ་བའི་རྨི་ལམ་དེ་རེད།
སྨྲས་པར།
        རིང་བའི་ཕ་ཡུལ་མཐོང་བའི་ཡུལ་དང་བྲལ། །སེམས་ཀྱི་བདེ་བ་མ་འོངས་རྨི་ལམ་ཙམ། །
        རེ་བའི་དར་ཁ་བསྒྲིགས་པའི་གནས་མཆོག་འདི། །བོད་མི་སེམས་ལ་དགུན་གྱི་ཉི་གཞོན་བཞིན། །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིའི་གླེང་གཞིར་འཕགས་བོད་རྒྱལ་ཁབ་གཉིས་མདོར་བསྡུས་ཀྱིས་མཚམས་སྦྱོར་བྱས་རྗེས། འདས་ཟིན་པའི་ལོ་རྒྱུས་ལས་འཕགས་བོད་གཉིས་ལ་འབྲེལ་བ་ཅི་བྱུང་རང་གིས་ཤེས་ཚོད་ལྟར་ཞིབ་འབྲི་བྱས་ཡོད།
རྩོམ་འདིའི་དུམ་མཚམས་དབྱེ་སྟངས་སོགས་སྒྲིག་གཞི་བཀོད་སྒྲིག་བྱས་པ་ཅུང་ལེགས། རྗོད་ཚིག་ཀྱང་སྙན་ཞིང་ཀློག་བདེ། སྐབས་ལ་ལར་སྒྱུ་རྩལ་གྱི་ཐབས་ལམ་སྤྱད་པའང་འོས་ཤིང་འཚམ། འོན་ཀྱང་དཔྱད་གླེང་གི་རྣམ་པས་བྲིས་པ་ཅུང་བསྡུས་དྲགས་པ་འདྲ། གཞན་”བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་རྒྱ་གར་ལ་དམག་དྲངས་པ་དང་དམག་འཐབ་བྱུང་བའི་ལོ་རྒྱུས་མེད”ཅེས་པ་ལྟ་བུ་ནོར་འཁྲུལ་གྱི་ཆ་ཡིན་པས་ཐུགས་སྣང་ཡོང་བར་ཞུ།

མདུན་ཤོག

Menu