ཞར་བྱུང་།

ཀ)    བྱེད་འབྲེལ་ལས་ཚིག་ལ་སྔོན་འཇུག་སོ་སོའི་དཔེར་བརྗོད་ལས་སྔོན་འཇུག་འ་ཅན་གྱི་དཔེར་བརྗོད།

    ཐག་པས་འཁྱིགས། གདུགས་འཁྱེར། མཐའ་འཁྱོངས། གར་འཁྲབས། ཐོག་ནས་འགོམས། གཞན་དང་འགྲན། བརྩོན་འགྲུས། གར་འཆམས། ཁས་འཆེས། རྐུ་མས་འཇབས། ལས་པས་འཇུས། དགྲ་དང་འཐབས། ཚུར་འཐེན། ལས་ཀྱིས་འཕངས། གཡང་དུ་འཕུལ། ཚིག་ངན་གྱིས་འཕྱས། ཆུ་ཚགས་ཀྱིས་འཚགས། བདེ་བས་འཚོས། དགྲ་ལ་འཛིངས། གྱེན་དུ་འཛེགས། གནས་ནས་འཕོས། ལག་པས་འཁྱུད། ཤིང་ལ་འཐམས། ནོར་འཕྲོགས། ཡིད་འཁུམ། ནང་དུ་འཚངས། ལྟ་བུའོ།།

ཁ)    བྱེད་འབྲེལ་ལས་ཚིག་ལ་སྔོན་འཇུག་སོ་སོའི་དཔེར་བརྗོད་ལས་སྔོན་འཇུག་འ་ཅན་གྱི་དཔེར་བརྗོད།

    དཔེ་མཁྱུད། མཁྱེན་པ། མཆོད་པ། མཇལ་བ། མུ་མཐུད་པ། འོག་ཏུ་མནན་པ། ལག་པས་མནམས་པ། ན་བཟའ་མནབ་པ། དཔེས་མཚོན་པ། མཛད་པ་ལྟ་བུའོ།།

ག) ཚིག་སྡུད་འབྲི་སྟངས་ཀྱི་དཔེར་བརྗོད།

  ཚིག་སྡུད་བྱེད་ཚེ་མིང་ཐོག་མ་སྡུད་མི་རིགས་ནི། ཨ་ཀ་རུ་ནག་པོ་ལ་ཨར་ནག ལྕགས་ཀྱི་སྨྱུ་གུ་ལ་ལྕགས་སྨྱུག ཕྱག་ན་རྡོ་རྗེ་ལ་ཕྱག་རྡོར། བོད་ཀྱི་ཡི་གེ་ལ་བོད་ཡིག བོད་ཀྱི་ཕྲུ་གུ་ལ་བོད་ཕྲུག བུ་ལོན་ལ་བུན། ཚུར་རོལ་ལ་ཚུར། ཕ་རོལ་ལ་ཕར། ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ལ་ཤེར་ཕྱིན། ཤེས་རབ་བསྟན་པ་ལ་ཤེར་བསྟན། བདེ་བར་གཤེགས་པ། བདེར་གཤེགས། དེ་ཁོ་ན་ཉིད་ལ། དེ་ཉིད། སྤྲེའུ་ལ། སྤྲེལ་ལྟ་བུ་སོགས་སོ།།

ང)    བྱ་ཚིག་ད་ལྟ་བ་ལ་བ་ཡིག་སྔོན་འཇུག་ཏུ་སོང་བ་ཡོད་པའི་དཔེར་བརྗོད།

    བརྩོན་བཞིན། བསྟོད་བཞིན། བསྔགས་བཞིན། བགོ་བཞིན། བདར་བཞིན། བདུག་བཞིན། བགམ་བཞིན། བགོམ་བཞིན། བགྲང་བཞིན། བགྱིད་བཞིན། བརྣག་བཞིན། བགྲད་བཞིན།    བགྲོ་བཞིན། བགྲོད་བཞིན། བརྒྱལ་བཞིན། བརྒྱུད་བཞིན། བདོ་བཞིན། བཤོལ་བཞིན། བཞུད་བཞིན། བཞེངས་བཞིན། བཞེད་བཞིན། བཞེས་བཞིན། བཟོད་བཞིན། བཟོ་བཞིན། བསུ་བཞིན། བསང་བཞིན། བསིང་བཞིན། བགྲུ་བཞིན། ཇ་བཀུ་བཞིན། ལམ་དུ་བཀྲི་བཞིན། བཀྲབ་བཞིན། བཀུར་བཞིན། ལྕགས་བཞུ་བཞིན། བརྙེས་བཞིན། བདུང་བཞིན། བཤག་བཞིན། ཕྲེང་བ་བརྒྱུ་བཞིན། བཤའ་བཞིན། བསྡིག་བཞིན། བཟི་བཞིན། རིགས་བསྒྲེ་བཞིན། བསྙད་བཞིན། བཀན་བཞིན། བཏུབ་བཞིན། བསླན་བཞིན། ལྟ་བུའོ།།

ཅ) བོད་ཡིག་ལ་ཝ་བཏགས་ཐོབ་ཚུལ་དཔེར་བརྗོད།

    ཀྭ་ཡེ། ཁྭ་ཏ། གྭ་པ། གྭ་དོར། ཉྭ་རིལ། ཉྭ་མོ། ལན་ཚྭ། ཇ་ཚྭ། ཞྭ་མོ། ཟྭ་ཚོད། རྭ་ཅོ། ལྭ་བ། ཤྭ་འོད། ཤྭ་ར། དྭགས་པོ། བུ་རམ་ཧྭགས།(བཟང་ཤོས)སློབ་གྲྭ། མོ་ཕྱྭ། ཕྱྭ་གཡང༌། རྩྭ་ཆུ་ལྟ་བུའོ།།

ཆ) ས་ཡིག་ཡང་འཇུག་ངེས་པར་ཐོབ་པའི་མིང་ཚིག་གི་དཔེར་བརྗོད།   

    སྐྱབས། ངོམས་པ། ཐབ་ལྕིབས། ཆིབས་རྟ། གོ་སྐབས། གྲངས། སྔགས་བགྲང༌། ལྕགས་རིགས། ཆབས། བགེགས། བསྔགས་བརྗོད། ཆུའི་ངོགས། བལ་ཐགས། ཁྲིམས། དངངས། སྐད་གྲགས། ཡིད་གཅུགས། ཆགས་ཞེན། ཉམས་རྟོགས། ཐབས་ཤེས། རྟགས་མཚན། སྟེགས་བུ། སྟོབས་ཤུགས། བདེ་ལེགས། ཐུགས་སེམས། ཡི་དྭགས། ནགས་ཚལ། ཕྱོགས། མཚམས། ཁོངས་གཏོགས། འབངས། དམངས། ཚོགས་འདུ། མཛངས། ཞགས་པ། ཆུ་རགས། ལགས་སོ། ལྷགས་པ། ལུང་རིགས། ཚིགས་བཅད། གོ་ཡངས། ལྟ་བུའོ།།

ཇ) མིང་ཚིག་ལ་ད་ཡང་འཇུག་ཐོབ་པའི་དཔེར་བརྗོད།

    སྟོནད་ཀ ཀུནད་ཏུ། དཀོནད་ཅོག སྐྱིལད་དཀྲུང༌། ཀླནད་ཀ བེརད་ཀ ཡོནད་ཏན། ཐལད་ཀ ནནད་ཏུར། རིནད་ཅེན། མངའ་རོལད། ལནད་ཅིག ཤིནད་ཏུ། འོནད་ཀྱང༌། ལྷནད་ཅིག ཕྱིནད། འཛིནད། ཐརད། འབྱོརད། གྱུརད། སྩོལད། ལྟ་བུ་དང༌། བྱ་ཚིགས་སྐབས་ན་ར་ལ་གསུམ་རྗེས་འཇུག་ཏུ་སོང་བའི་འདས་ཚིག་དང༌། སྐུལ་ཚིག་ལ་ད་ཡང་འཇུག་སྦྱར་དགོས།

ཉ) བརྡ་སྤྲོད་ཀྱི་རྩ་བ་ཚིག་ཟིན་ནང་མ་གཏོགས་པའི་ཚིག་ཕྲད་གཞན་དཔེར་བརྗོད།

    ཉིད། ཁོ་ན། འབའ་ཞིག ཤ་སྟག བཞིན། ལྟ་བུ། ལྟར། ལ་ལ། འགའ་ཞིག ཁ་ཤས། དག ཀུན། ཡོངས། ཐམས་ཅད། ཚང་མ། ཙམ། ཚུལ། ཅོག དུ་མ། ཤོག སྙམ། སྙེད། གུ། ཅི་མ་རུང༌། འུ། ཟུང༌། ཆ། ཡ། ལོ། གྲག ཟེར། ཡིན། རེད། ད་ནི། འོ་ན། འོན་ཏེ། གལ་ཏེ། རང་རེ། ང་ཚོ། རྣམས། སླར། རང་ཅག ཨེ་ཅག འོ་སྐོལ། ངེད་ཚོ། ལ་སོགས། འོན་སྟངས། ལྟ་བུའོ།།

ཏ) ཞར་བྱུང་དོགས་གནས་འགའ་ཟུར་བཏོན།

༡། ལེགས་སྦྱར་གྱི་གཞུང་དག་ལས། ཕྱག་འཚལ་བ་ལ་བཞི་བའོ་ཞེས་གསུངས་པ་ནི། རྒྱུ་སྐྱབས་དང༌། འབྲས་སྐྱབས་གཉིས་ཀྱི་ནང་ནས་འབྲས་སྐྱབས་ལ་དགོངས་ཏེ། ཤེར་ཕྱིན་སྐྱེ་ཞིང་འཕེལ་བའི་ཆེད་དེ་ལ་ཕྱག་འཚལ་བ་དང་དཀོན་མཆོག་ཐོབ་པའི་ཆེད་དུ་དཀོན་མཆོག་ལ་ཕྱག་འཚལ་བ་ཡིན་གསུངས།
༢། ལེགས་སྦྱར་བྱིངས་སྒྲུབ་ཡོད་ཀྱང༌། བོད་ཡིག་ལ་རྗེས་འཇུག་གིས་གོ་ཆོད་པས་བྱིངས་སྒྲུབ་མི་དགོས། ལེགས་སྦྱར་ལ་སྲོག་ཞུགས་ཀྱི་ཐ་སྙད་ཡོད་ཀྱང༌། བོད་ལ་རྗེས་འཇུག་ཡོད་པས། སྲོག་ཞུགས་ཀྱི་ཐ་སྙད་ལོགས་སུ་མི་དགོས་གསུངས།
༣། བོད་ཡིག་ལ་ལྕི་ཡང་གི་ཐ་སྙད་མ་གྲགས་ཀྱང༌། རིགས་འགྲེ་བྱས་ནས་འགྲེང་བུ་ཅན་དང༌། ན་རོ་ཅན། མཐའ་རྟེན་ཡོད་པ་རྣམས་ལྕི་བ་དང༌། དེ་ལས་གཞན་པ་རྣམས་ཡང་བ་ཡིན་པར་སྔོན་གྱི་སློབ་དཔོན་མཁས་པས་བཞེད་གསུངས།
༤། རྒྱ་ནག་པས་ཡི་གེའི་གཟུགས་ཁོ་ན་ཡི་གེར་འདོད་ཀྱི་ཡི་གེ་སྒྲར་མི་འདོད་དོ། །བརྡ་སྤྲོད་གཞུང་ཡང་ཕྱིས་སུ་ཕྱི་གླིང་པར་དཔེར་བྱས་ནས། གང་འཕྲོད་པ་སྦྱར་བ་ལས་མཐའ་དག་པར་སྦྱར་བ་མེད་པ་ཡིན། སྐད་ཆ་འགོད་པའི་ཡིག་ཐོག་གི་རྟགས་ཤིག་ལ་ཡི་གེ་ཟེར་བ་རེད་གསུངས།
༥། ལེགས་སྦྱར་རྣམ་དབྱེ་དང་པོའི་གཅིག་ཚིག་སྦྱར་བ་ན། མིང་ཙམ་དུ་མ་བསྡད་པར་ཚིག་ཏུ་གྲུབ་པ་ཡོད་ཀྱང༌། བོད་འདིར་མིང་ཙམ་ཁོ་ན་རྣམ་དབྱེ་དང་པོ་བྱས་ཤིང༌། རྫོགས་ཚིག་སྦྱར་ཡང་མིང་ཙམ་ལས་ཚིག་ཏུ་མི་འགྲུབ་པས། བུམ་པའོ་ཞེས་བྱ་བ་ཡང་རྣམ་དབྱེ་དང་པོ་གཅིག་ཚིག་ཁོ་ནའོ། །ཞེས་གསུངས།
༦། རྣམ་དབྱེ་ནི། ངོ་བོ། ཡུལ། བྱ་བ། བྱེད་པ། ཁྱད་གཞི་ཁྱད་ཆོས་མ་འདྲེས་པ་སོ་སོར་རྣམ་པར་དབྱེ་བར་བྱེད་པས་ན་རྣམ་དབྱེ་ཞེས་བརྗོད། རྒྱ་གར་བོད་སོག་པོ་གསུམ་ལ་རྣམ་དབྱེ་བརྒྱད་མེད་མི་རུང་ཞིང༌། རྒྱ་ནག་ལ་རྣམ་དབྱེ་གཏན་ནས་མེད་གསུངས། དཔེར་ན། བུམ་པར་ཆུ་བླུག མཚོ་ཁར་བསད། ལྕགས་ལ་གསེར་བྱུགས་ལྟ་བུ་བདུན་པར་བཞག་པ་མི་འཐད་ལ། ཡུལ་དངོས་ཆུ་དང༌། དགྲ། གསེར་བཅས་ལ་བསམ་ཡང་མི་འཐད་དེ། དེ་ལྟ་ན་རྡོ་བར་གཟུགས་བརྙན་བྱེད། དཀོན་མཆོག་ལ་ཕྱག་འཚལ་ཞེས་པའང་ཡུལ་དངོས་གཟུགས་བརྙན་དང༌། ཕྱག་ཡིན་པར་ཐལ་ལོ། གོང་གི་དཔེར་བརྗོད་པ་རྣམས་གཉིས་པ་ཡིན་པ་མ་ཟད། ཆུ་ལ་ཞུགས། ཁུང་དུ་འཛུལ་ལྟ་བུའང་གཉིས་པ་ཡིན་གསུངས།
    རྣམ་དབྱེ་གཉིས་པ་སྦྱར་སའི་ཡུལ་ལ་གཉིས་ཡོད། ༡) བྱ་བ་བྱེད་པའི་ཡུལ། ༢) ཁ་གཏད་པའི་ཡུལ། དང་པོ། ཤར་ཕྱོགས་སུ་འགྲོ། སྤང་ཐོག་ཏུ་རྟ་རྒྱུག་ལྟ་བུ་དང༌། གཉིས་པ། དགྲ་ལ་མེ་མདའ་བརྒྱབ། དབྱུག་པས་མགོ་ལ་བརྒྱབ། ལྕགས་ལ་གསེར་བྱུགས། གཟུགས་ལ་ལྟ། མང་ཚོགས་ལ་སྲིད་ཇུས་བཤད། སྒྲ་ལ་ཉན་ལྟ་བུ་གསུངས།
    ནད་ལ་བདུད་དང༌། སྨན་ལ་རྩི་ཟེར་བ་དེ་འཇོམས་བྱེད་ཡིན་པས་ན་དེ་ལྟར་བརྗོད། དེ་ཡང་བདུད་ཅེས་པ་མི་མཐུན་པ་དང༌། སྡུག་བསྔལ་ནད་སོགས་ལ་འཇུག་གསུངས།
    དེ་ཉིད་ཀྱི་དཔེར་བརྗོད། དོན་ལ་གནས། གཏན་ལ་འབེབས།  ཐ་སྙད་ལ་གྲུབ། བ་ལང་ལ་བ་ལང་མ་ཡིན་པ་མེད། ཤེས་བྱ་ལ་རྟག་དངོས་གཉིས་ཡོད། ཤིང་ལ་ཙན་དན་ཡོད། སྔོན་པོ་ལ་བསྒྱུར། བོད་སྐད་ལ་བསྒྱུར། ཇེ་འཇམ་ལ་སོང༌། བཏགས་ཙམ་ན་སྣང༌། དེ་ག་རང་ན་འདུག སོ་ན་གནས། བདེ་ཐོག་ན་ཡོད། མི་ལྕོགས་མེད་ན་དགའ་མ་གཏོགས། ལྟ་བུ་གསུངས་པས་ན་ལ་དེ་ཉིད་ལ་མི་འཇུག་པ་ཟེར་བ་མི་འཐད་གསུངས།
    གནས་གཞི་དང་གཞི་འཛིན་པའི་གཞི་གཉིས་མི་འདྲ་སྟེ། གནས་གཞི་ནི་གནས་པའམ། ཡོད་པར་སྟོན་པའི་གཞི་དེ་ལ་གོ་དགོས་ལ། གཞི་འཛིན་པ་ཞེས་པ་ནི། གང་ལ་བརྟེན་ནས་སྐྱེས་པའི་གཞི་ལ་གོ་དགོས་པ་ལས། རང་གང་ལ་གནས་པའི་གཞི་མི་སྟོན་ནོ།།
    གཞི་འཛིན་དཔེར་བརྗོད། ང་སྟག་ལ་སྐྲག དེའི་མིང་ལ་བཀྲ་ཤིས་ཟེར། མོ་ལ་བུ་ཞིག་སྐྱེས། སྒྲུབ་ཐུབ་མིན་འགོ་འཁྲིད་ལ་ཐུག རྟོག་པ་ལ་དེ་ལྟར་འཆར། དཔེ་ཆ་རང་ཉིད་ལ་དགོས། འདི་ལ་སྒེར་འཛིན་ཟེར། གནས་ཚུལ་ལ་འགྱུར་ལྡོག་བྱུང༌། ལྟ་བུ་གསུངས། མགོ་ལ་སྐྲ་སྐྱེས་ལྟ་བུ་བདུན་པ་དང༌། མོ་ལ་བུ་སྐྱེས་བདུན་པ་མིན་ཏེ། མོའི་བུ་གཞན་དུ་ཡོད་ཆོག་པས་དེ་ལ་གནས་མི་དགོས་སྙམ།
    ང་འགྲོ་ཞེས་བརྗོད་ཚེ། འགྲོ་བའི་བྱ་བ་དང་ངོ་བོ་གཅིག་པའི་ཚུལ་གྱིས་འབྲེལ་ཡོད་པ་ལས། འགྲོ་བའི་ཡུལ་དང་ངོ་བོ་གཅིག་པའི་ཚུལ་གྱིས་འབྲེལ་ཡོད་པ་མིན་པས་དེ་ལ་རྣམ་དབྱེ་གསུམ་པ་སྦྱར་མི་དགོས་སོ།། དེ་བཞིན། རྟ་ལམ་དུ་རྒྱུག བྱ་ནམ་མཁར་འཕུར། འཁོར་ལོ་གཡས་སུ་འཁོར། བསམ་འགྲུབ་གདན་ལ་བཞུགས། དགྲ་བསད། བཟོ་གྲྭ་བཙུགས། ཟ་མ་ཟ། ཞྭ་གྱོན། རྒྱན་བཏགས། ཤིང་བཅད། གྲོ་བརྔ༌། མེ་ཏོག་བཏུས་ལྟ་བུ་བྱ་ལས་ངོ་བོ་གཅིག་པར་སྦྲེལ་བ་ལའང་བྱེད་སྒྲ་སྦྱར་མི་དགོས། བྱ་བ་དེ་བྱེད་པ་པོ་དང་ངོ་བོ་གཅིག་ཏུ་མ་སོང་བར། བྱ་བའི་ཡུལ་དང་ངོ་བོ་གཅིག་ཏུ་སོང་ཚེ་བྱེད་སྒྲ་ངེས་པར་སྦྱར་དགོས། དཔེར་ན། རྟས་རྩྭ་ཟོས། བྱས་འབུ་འཐུ། འཁོར་ལོས་དཔེ་ཆ་དཔར། བསམ་འགྲུབ་ཀྱིས་ཡི་གེ་བྲིས་ལྟ་བུ་ཡིན་གསུངས། ཀྱི་སོགས་རྣམ་དབྱེ་མ་ཡིན་པ་ལ་འཇུག་པ། དཔེར་ན། དེ་ལྟ་མེད་ཀྱི། འདི་ཉིད་བདེན་གྱི་གཞན་ནི་མ་ཡིན་ནོ།། བོད་མི་ཡིན་གྱི་རྒྱ་མི་མིན་ལྟ་བུ་མི་མཐུན་པའི་རྒྱན་ལ་སོང་བ་དང༌། རིམ་གྱིས་བསྒྲུབ་ལྟ་བུ་སྒྲུབ་ཚུལ་སྟོན་པ་དང༌། ཡུད་ཀྱི་སོང་ལྟ་བུ་མྱུར་ཚད་སྟོན་པ། ལྷུན་གྱིས་གྲུབ་ལྟ་བུ་གྲུབ་ཚུལ་བསྟན་ཅིང། ཁྲ་ལམ་ལམ་གྱིས་མཐོང་ལྟ་བུ་མཐོང་ཚུལ་བསྟན་པ་ལས་རྣམ་དབྱེ་གསུམ་པ་མིན་གསུངས་སོ།།
    བདག་སྒྲའི་སྐབས། ངག་སྒྲོན་ལས། ག་ད་ན་བ་མ་ས་དང༌།།  ད་དྲག་ཅན་ཐར་པ་དང་ནི།། ང་འ་ར་ལ་མཐའ་མེད་མཐའི།། བ་ཕྱེད་ཝར་འབོད་རྣམས་ལ་བ།། གཞན་ལ་པ་ཉིད་སྦྱར་ཏེ་དཔེར།། ཟག་པ་མེད་པ་ཕན་པ་མཆོག། ཐོབཔ་དམ་པ་མཁས་པ་རུ།། གྱུར་པ་དང་བ་ལ་དགའ་བ།། མྱུར་བར་མཇལ་བ་སྤྲོ་བ་ལས།། གསུངས་པ་དང༌། ཟ་མ་ཏོག་ལས། ག་ད་བ་ས་ན་མ་ང༌།། ང་འ་ར་ལ་འདོགས་ཅན་དང༌།། རྐྱང་པའི་རྗེས་སུ་བ་ཕྱེད་ཝར།། འབོད་པ་རྣམས་ལ་བ་སྦྱར་ཞིང༌།། གསུངས་པ་དང༌། མུ་དགེ་བསམ་གཏན་གྱི་གསུང་ལས། ག་ད་ན་བ་མ་ས་དང༌། ད་དྲག་ཅན་མཐར་པ་དང་པོ། ང་འ་ར་ལ་མཐའ་མེད་མཐར། བ་དང་བོ་ཉིད་སྦྱར་བ་སྟེ། ཅན་ལྡན་ངེས་མེད་སྐབས་དང་སྦྱར། འདི་ལ་བཤད་ཚུལ་མང་ཡང༌། འདི་ལྟར་རྟགས་མཐའ་འདྲེན་ཚུལ་ལ་སྦྱར་ན་ལེགས་པར་སེམས་གསུངས་པ་དང༌། པ་བ་པོ་བོ་རྣམས་ཕྲད་གཞན་དབང་ཅན་ཡིན་སྟབས་ཞེས་དང༌། ང་འ་ར་ལ་མཐའ་མེད་རྣམས་ཀྱི་མཐར་བདག་སྒྲ་པ་བ་གཉིས་གང་རུང་ཞིག་འདྲེན་དགོས་བྱུང་ཚེ། རང་རང་དང་རྟགས་མཚུངས་པའམ་སྒྲ་མཚུངས་པའི་འདྲེན་པ་ལས། རང་རང་དང་རྟགས་མི་མཚུངས་པའི་ཕོ་ཡིག་པ་ཡི་སྒྲ་མི་འདྲེན་པའི་ཕྱིར་གསུངས།
    ཚེ་ཏན་ཞབས་དྲུང་གི་ཐོན་མིའི་ཞལ་ལུང་ལས། སྐབས་འདིར་གསེར་ཏོག་སུམ་འགྲེལ་དུ་གསལ་བ་ལྟར། པ་པོ་རྣམས་ཀྱི་ཐོབ་ཐང་ལ་སྟོང་པ། རྐང་པ། ལྔ་པ། བཅུ་པ་སོགས་པ་ཡེད་དང༌། བཟང་བ། དཀར་བ། སོགས་ལ་བ་ཟླུམ་དང༌། བཟང་པོ། དཀར་པོ། སྙིང་པོ། དང་པོ་སོགས་པ་ཡེད་ཐོབ་པ་ནི། རྟགས་མཚུངས་དང་བརྗོད་བདེའི་དབང་གིས་མི་འདྲ་བར་འགྱུར་བ་དཔེ་ཁུངས་དག་རྣམས་སུ་ཇི་ལྟར་འབྱུང་བ་བཞིན་བྲིས་ན་ལེགས་སོ།། གསུངས་པ་ནི་དོན་དང་མཐུན་པའི་གསུང་ངོ༌།། བཟང་བ༌། དགང་པ། ལོང་བ། འཐུང་བ། ལྡང་བ། རིང་བ། དང་བ། གང་བ། སྤྲོ་བ། གོ་བ་ལྟ་བུ་ཡོད་ཀྱང༌། ཁང་བ། སྟོང་བ། རྐང་བ། རྟ་བ། ཞིང་བ། ལུང་བ། མཇིང་བ། རོང་བ། ཐོང་བ། རྟིང་བ་ལྟ་བུ་བ་ཟླུམ་བྲིས་ན་དོན་གོ་མི་ཐུབ་པའི་ཚོད་དུ་སྣང༌།
    དེ་བཞིན་ན་ར་ལའང༌། རྒན་པ། དགོན་པ། གླེན་པ། འཁན་པ། གྲྭ་པ། གཅིན་པ། སྒེར་པ། གསར་པ། འཛར་པ། མཁར་པ། འཕེན་པ། བཟོ་པ། ལྟ་བུ་བརྗོད་བདེ་ཡོད་བཞིན་དུ་བ་ཟླུམ་སྦྱར་ཚེ་བརྗོད་བདེ་མི་འོང་བས། རྟགས་མཚུངས་འབའ་ཞིག་སྦྱར་མི་རིགས་སྙམ་མོ།།
    སྲོག་གི་ཡི་གེ་ནི་དབྱངས་བཞི་དང་ཚེག་བཅས་ཡིན་ཏེ། དབྱངས་བཞི་མེད་ན་གསལ་བྱེད་ཁོ་ནས་མིང་ཚིག་ཐམས་ཅད་མི་འགྲུབ་ཅིང༌། སྲོག་མེད་ན་གཡོ་འགུལ་མི་འབྱུང་བ་བཞིན། གསལ་བྱེད་ལ་དབྱངས་ཞུགས་པས་དོན་གོ་བ་དང༌། ཚེག་མེད་ན་ཚིག་ཁྱིམ་མེད་པར་འགྱུར་ལ། ཚིག་ཁྱིམ་མེད་ན་སྔོན་རྗེས་རྣམས་འདྲེས་པར་འགྱུར་རོ། །ཞེས་གསུངས།
    སྤྲེའུ་མར་ལ་བཟོས་པ་ཡིན། །འདབ་ཆགས་ལྕགས་ལ་བཟོས་པ་ཡིན། །ལྟ་བུ་བརྡ་སྤྲོད་དང་མི་མཐུན། དེ་བཞིན། སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་དང་མཚུངས། །ཞེས་པའི་དེ་སྒྲའི་ཚབ་ཏུ་ལ་ཡིག་སྦྱར་བས་རྩོམ་སྐྱོན་ཡིན་གསུངས།
    ཡོན་ཏན་སློབ་དང་ལྟ་བུ་དང་སྒྲ་གདམས་ངག་ལ་འཇུག་པ་ལས་སྐུལ་ཚིག་མིན། ཡོན་ཏན་ཞེས་པ་ཕན་ཡོན་ནམ་འབྲས་བུ་ཁྱད་པར་ལེགས་པའི་མིང་དང༌། གདམས་ངག་ཅེས་པ་ཐབས་ལེགས་པའི་མིང་ཡིན་གསུངས།
    མཐུན་པའི་ཚིག་རྒྱན་ཞེས་པ། གཞི་གཅིག་ལ་ཚིག་སྔ་ཕྱི་དང་ཡང་ན་དོན་སྔ་ཕྱི་མཐུན་དགོས་པ་མ་ཟད། རྒྱན་ཚིག་སྦྱར་དགོས། བཤད་ཀྱང་རྫོགས་མི་ཐུབ། རྩིས་ཀྱང་གྲངས་མི་ཐེབས། ཞེས་པའི་དཔེར་བརྗོད་གཉིས་དོན་གཅིག་མཐུན་ཡིན་ཚུལ་མེད་ལ། བཤད་རྩིས་གཉིས་རྒྱན་ཚིག་ཀྱང་མིན་ཞེས་གསུངས།
    རྣམ་དབྱེ་ཡིན་ལ་ཕྲད་རྐྱང་པ་མ་ཡིན་པ། རྣམ་དབྱེ་དང་པོ། ལྔ་པ། འབོད་སྒྲ་བཅས་ཡིན། གཉིས་ཀ་ཡིན་པ། རྣམ་དབྱེ་གཉིས་པ། གསུམ་པ། བཞི་པ། བདུན་པ། དེ་ཉིད་ཚེ་སྐབས་བཅས། གཉིས་ཀ་མ་ཡིན་པ། མིང་གི་ཆ་ཤས་དང༌། སྔོན་འཇུག རྗེས་འཇུག ཡང་འཇུག་བཅས་ཡིན་གསུངས།
    ༡། སྤྱིའི་སྤྱི་སྒྲ། གང༌། ༢། དོན་དངོས་པོའི་སྤྱི་སྒྲ། ཅི། ༣། དཔེའི་སྤྱི་སྒྲ། ཇི། ༤། གང་ཟག་སྤྱི་ཡི་སྒྲ། སུ། ཞེས་གསུངས། པུ་ཞེས་པ་སྡེ། ཙུ་ཞེས་པ། ཙ་སྡེ། ཏུ་ཞེས་པ། ཏ་སྡེ་ལ་གོ་དགོས་གསུངས།
    དོན་ལ་སྙེགས་པ་ཡོད་མེད་ནི། ཞིམ་ཡང་ཞིམ་ལ་ལྟོ་ཡང་བདེ་ཞེས་པ། བསྙེགས་པ་ཡོད་པའི་དཔེ་དང༌། ཞིམ་ཡང་ཞིམ་ལྟ་བུ་བསྙེགས་པ་མེད་པ་དཔེ་ཡིན་གསུངས།
    ངེས་བཟུང་གི་ཚིག་ནི། འདི། དེ། སུ། གང༌། ང༌། ཁྱེད། ཁོ། ང་ཚོ། ཁོང་ཚོ་ལྟ་བུའོ།། ཞེས་གསུངས།
    གཙུག་ལག་འཇུག་ཡུལ་ལ། ཕྱི་ནང་གི་གཙུག་ལག་གཉིས། བརྗོད་བྱ་བརྗོད་བྱེད་གཉིས། ཚུལ་ཁྲིམས་དང་ཤེས་རབ་གཉིས། བཀའ་དང་བསྟན་བཅོས་གཉིས། ཆོས་དང་སྲིད་གཉིས། སུམ་བཅུ་པ་དང་རྟགས་འཇུག་གཉིས། ཐུན་མོང་དང་ཐུན་མོང་མིན་པ་གཉིས། དོན་དང་ཐ་སྙད་གཉིས། འབྱུང་བ་ལྔ་དང་ལོ་ཟླ་བཅས་ལ་འཇུག་ཚུལ་ཡོད་གསུངས་པ་མཁས་པ་འགའི་གསུངས་ལས་ཐོན། ཐ་སྙད་དབང་དུ་གསུམ་གསུངས་པ་ནི། དོན་སྔ་མ་ལས་གཞན་འདྲེན་རྒྱུ་ཡོད་མེད་ལ་མི་ལྟོས་པར་ཚིག་གི་ཐ་སྙད་ལྷག་མ་ཙམ་འདྲེན་ཅིང་སྟོན་པའོ།།འདི་གསུམ་མིང་ཚིག་གི་ཐ་སྙད་དང༌། བརྗོད་བྱའི་དངོས་པོ་གཉིས་ཀྱི་ནང་ནས། གཙོ་བོ་ཐ་སྙད་ཁོ་ན་ལ་འཇུག་པས་ན་ཐ་སྙད་ལ་འཇུག་པ་ཞེས་བྱའོ་གསུངས། རྣམ་གྲངས་གཞན་སྦྱོར་བ་ནི། ལྟོ་ལྡིར་བ་གང་ཡིན་པ་དེ་དང་དེ་ནི་བུམ་པའོ། གདུང་འདེགས་པ་དང་གང་དང་གང་ཡིན་པ་དེ་དང་དེ་ནི་ཀ་བའོ་ལྟ་བུ་བུམ་པ་དང༌། ཀ་བའི་རྣམ་གྲངས་གཞན་དུ་མ་ཡོད་པ་གང་སྒྲ་དང༌། དེ་སྒྲས་གོ་བར་བྱེད་པ་ལྟ་བུའོ་གསུངས།
    ག་ང་བ་མ་རྗེས་འཇུག་ཅན་གྱི་བརྩེགས་མའི་འདས་ཚིག་ལ་ས་ཡང་འཇུག་ཐོབ་དགོས། གསར་རྩོམ་སྐབས་བརྒྱབ་ལྟ་བུ་དམིགས་བསལ་ཡིན་གསུངས།
    ན་ར་ལ་གསུམ་རྗེས་འཇུག་ཅན་གྱི་འདས་ཚིག་དང༌། སྐུལ་ཚིག་ལ་ད་ཡང་འཇུག་ཐོབ་པས་ཁྱབ་གསུངས།
    བསག་བྱ་ལས་གསག་བྱ་བྲིས་པ་ལེགས། གཅད་བྱ་དང་གསད་བྱ་སོགས་དང་རིགས་འགྲེ་དགོས། མགོ་བཏུམ་ལས་གཏུམ་མི་རིགས་གསུངས།
    ཕོ་ནི་འདས་དང་གཞན་བསྒྲུབ་ཅེས་སོགས་སྐབས། བྱ་བྱེད་དང་འབྲེལ་བའི་དུས་གསུམ་ལས། སྤྱིར་དུས་གསུམ་མིན་ཏེ། སྤྱིར་དུས་གསུམ་ནི་ངོ་བོ་གནས་སྟངས་དང༌། འདིར་བྱ་བ་བྱེད་ཚུལ་ཡིན། ཤིང་ལྟ་བུ་ཆད་རུང་མ་ཆད་ལ་མི་ལྟོས་པར་བྱ་བ་བྱས་ཟིན་ན་བཅད་པ་ཡིན། བདག་གཞན་ཞེས་པ་རང་དང་གཞན་ལ་མི་ཟེར་བར་བྱེད་པ་པོ་དང༌། བྱེད་པ་གཉིས་ལ་བདག་དང༌། བྱ་བ་དང༌། ལས་གཉིས་ལ་གཞན་ཟེར་བ་ཡིན། ཁང་པ་ལྟ་བུ་བཟོ་བ་པོ་དང༌། ལག་ཆ་གཉིས་བདག་དང༌། བཟོ་བའི་བྱ་བ། ཁང་པ་ལས་ཡིན་གསུངས།
    སྐད་གསར་བཅད་ལ། དགའ། མངའ། མདའ། བཀའ། དཔའ་ལྟ་བུ་ལ་མཐའ་རྟེན་མེད་ན། མིང་གཞི་རྗེས་འཇུག་ཏུ་འཁྲུལ་ས་འགའ་ཡོད་པས། རྐྱང་པ་འཕུལ་ལ་འ་མཐའ་དགོས་གསུངས། དེ་མིན་མིང་དུ་སོང་ཚེ་ཕ། མ། ཇ། ཤ་རྣམ་ལ། ཕའ། མའ། ཇའ། ཤའ་ལྟ་བུ་དངོས་སུ་མ་བྲིས་ཀྱང་དོན་ལ་ཐོབ་བོ། །

 


ཐ། རྒྱན་ཚིག་ངོས་འཛིན།
དཀར་བ། ནག་པ། ཕྱུག་པ། བཀྲེན་པ།
སྔོ་བ། སེར་བ།  དཀའ་བ། སླ་བ།
དཀོན་པ། འབེལ་བ། སྐམ་པ། རློན་པ།
དམར་བ། སྐྱ་བོ། སྐྱིད་པ། སྡུག་པ།
མངར་བ། སྐྱུར་བ། ཁག་པོ། སླ་པོ།
རྒན་པ། གཞོན་པ། བཟང་བ། ངན་པ།
ལྕི་བ། ཡང་བ། ཆེ་བ། ཆུང་བ།
མཆོག དམན། འཇམ་པ། རྩུབ།
མཐོ་བ། དམའ་བ། མང་བ། ཉུང་བ།
སྦོམ་པ། ཕྲ་བ། རིང་བ། ཐུང་བ།
རྣོན་པོ། རྟུལ་པོ། སྲ་བ། རྙི་བ།
མཐུག་པ། སྲབ་པ། གྲང་བ། དྲོ་བ།
དལ་བ། བྲེལ་བ། བདེན་པ། རྫུན་པ།
གཙང་བ། བཙོག་པ། སྟོང་པ། བྱུར་བུ།
མཛེས་པ། མཛའ་བ། དམ་པ། ལྷོད་པ།
གྱོང་པོ། མཁྲེགས་པོ།  གུག་པ། གླེན་པ།
མཁྲང་པ། མཉམ་པ། སྤམ་པ། འཇོན་པ།
ཉོབ་པ། དུབ་པ། ཉེ་བ། དྲང་པོ།
དྲག་པོ། གཏུམ་པོ། སྟུག་པ། དོག་པ།
རྩིང་པ། ཞིབ་པ། གསར་པ། རྙིང་པ།
རགས་པ། ཟབ་པ། ལྷག་པ། ཆད་པ།
ལེགས། ཉེས། ཡ་རབས། མ་རབས།
ཞན་པ། རྫིག་པོ། རིད་པ། རན་པ།
ཡོངས། ཡེངས། བཙན་པ། གཉོམ་པོ།
དབེན་པ། རྡུམ་པ། རྔམ། དངར།
ཉག་པ། འཇོང་བ། བརྗིད་པ། རྗེན་པ།
མཉེན་པ། ཚ་བ། མཆོར། སྨུག
མཛེས་པ།

རྨད་བྱུང་ལྟ་བུའོ།།

མདུན་ཤོག

Menu