དཀར་ཆག
༡། འགོ་འཛུགས།
༢། བོད་མིའི་སློབ་གྲྭའི་ཚོགས་སྡེ།
༣། ཤེས་ཡོན་ལམ་ལུགས་དང་བསླབ་གཞི།
༤། དབུས་བོད་སློབ་འཛིན་ཚོགས།
༡། འགོ་འཛུགས།
ཕྱི་ལོ་༡༩༥༩ ལོར་རྒྱ་ནག་གི་བཙན་དབང་རྐྱེན་གྱིས་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཁོང་གི་རྗེས་འཇུག་བོད་མི་སེར་སྐྱ་ཆིག་འབུམ་ཉེ་བ་རྒྱ་གར་ནང་སྐྱབས་བཅོལ་དུ་འབྱོར་ཏེ། བོད་མི་རིགས་ཀྱི་ལོ་རྒྱུས་ཁྲོད་བཙན་བྱོལ་གྱི་ལེའུ་གསར་པ་ཞིག་ཞལ་འབྱེད་གནང༌། སྐྱབས་བཅོལ་དུ་འབྱོར་བའི་ཐོག་མའི་དུས་སྐབས་དེར་བོད་མི་རྣམས་ས་བབ་དང་གནམ་གཤིས་ཁོར་ཡུག སྐད་དང་ཡུལ་གོམས་གཤིས་ལུགས། ལྷག་པར་དེང་རབས་ཀྱི་ཉེར་མཁོའི་ཤེས་ཡོན་བཅས་རྒྱུན་གཏན་ལས་དོན་དང་འཚོ་ཐབས་ཐད་དཀའ་ངལ་ཤུགས་ཆེར་འཕྲད། སྐབས་དེར་རྒྱལ་སྤྱིའི་ཚོགས་སྒེར་མང་པོ་ཞིག་ནས་ལྷག་བསམ་ཆེན་པོས་རོགས་སྐྱོར་གནང་བ་དང༌། ཁྱད་པར་གནས་ཡུལ་རྒྱ་གར་གཞུང་གིས་འཕགས་བོད་གཉིས་ཀྱི་རྒྱུན་རིང་ལོ་རྒྱུས་ཀྱི་མཛའ་བརྩེ་དང༌། ཆོས་རིག་གི་འབྲེལ་བ། མི་ཆོས་ཀྱི་གཞི་རྩ་བཅས་ལ་དགོངས་བཞེས་ཀྱིས་སྐྱབས་བཅོལ་བོད་མི་རྣམས་ལ་ཁ་ཚ་དགོས་གཏུགས་སུ་གྱུར་པའི་འཕྲལ་སེལ་འཚོ་ཐབས་དང༌། གནས་ཡུལ་གཞི་སྒར་དང་ཐོན་སྐྱེད་རྒྱུ་ཆ་སོགས་ཕྱོགས་གང་ཐད་ནས་རོགས་སྐྱོར་རྒྱ་ཆེར་གནང་ཡོད། ཕྱི་ལོ་༡༩༥༩ ཟླ་༡༠ པར་རྒྱ་གར་དབུས་གཞུང་གིས་དབུས་བོད་མིའི་ངལ་སེལ་ལྷན་ཚོགས་(Central Relief Committee)གསར་འཛུགས་གནང་སྟེ། ལྷན་ཚོགས་ཀྱི་ཚོགས་གཙོར་ཨ་ཙརྱ་ཀི་རི་པ་ལ་ནི་(Acharya J.B. Kripalani)དང༌། དྲུང་ཆེར་སྐུ་ཞབས་ཀཱལ་ཡན་སིདྷ་གུབ་ཏ་(Shri Kalyan Singh Gupta)བཅས་བསྐོ་བཞག་གནང༌། ལྷན་ཚོགས་དེ་ནི་སྲིད་དོན་དང་སྲིད་དོན་ཚོགས་པ་མ་ཞུགས་པའི་རོགས་སྐྱོར་ཚོགས་པ་ཞིག་ཡིན་ཞིང༌། སྐབས་དེར་ཕྱི་རྒྱལ་གྱི་རོགས་ཚོགས་ཚང་མས་ཚོགས་པ་འདི་བརྒྱུད་ནས་བོད་མིར་རོགས་སྐྱོར་གནང་ཡོད། ལྷན་ཚོགས་འདིའི་གཟིགས་རྟོག་འོག་ཐོག་མའི་ཆར་ཨ་སམ་མངའ་སྡེའི་མི་ས་མ་རི་(Missamari)དང༌། ནུབ་བྷང་གལ་མངའ་སྡེའི་སྦག་ས།(Buxa) འབྲས་མོ་ལྗོངས་སྒང་ཏོག་(Gangtok)བཅས་ས་གནས་གསུམ་དུ་བོད་མིའི་འཕྲལ་སེལ་སྡོད་སྒར་གསར་འཛུགས་གནང་ཡོད།
༢། བོད་མིའི་སློབ་གྲྭའི་ཚོགས་སྡེ།
རོབ་རྩིས་ལྟར་ན་ཐོག་མའི་ཆར་བོད་ཕྲུག་སློབ་ལོ་རན་པ་༧༠༠༠ ལྷག་ཡོད་ཅིང༌། དེ་དག་ཁྲོད་དྭ་ཕྲུག་དང༌། ནད་མནར། ཉམ་ཐག་སོགས་སློབ་ཕྲུག་དང་ཁྱིམ་ཚང་ཁོར་ཡུག་བཅས་ཀྱི་གནས་སྟངས་འདྲ་མིན་ཡོད་པར་སྤྱི་སྙོམས་ཤེས་ཡོན་གྱི་མཐུན་རྐྱེན་སྦྱོར་སྤྲོད་བྱ་སླད། ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་འབྱོར་བའི་དུས་ཐོག་མ་ཉིད་ནས། བོད་ཀྱི་འཕྲལ་ཕུགས་དཀའ་རྙོག་སེལ་དགོས་ན་བོད་མི་གཞོན་སྐྱེས་རྣམས་ལ་དེང་དུས་ཀྱི་གནས་སྟངས་དང་འཚམས་པའི་ཤེས་ཡོན་སློབ་སྦྱོང་ཚད་ལྡན་ཞིག་སྦྱོར་སྤྲོད་གནང་གལ་ཆེ་ཞིང༌། དེང་དུས་ཀྱི་ཤེས་ཡོན་དེ་ཡང་ཡུལ་དུས་གནས་སྐབས་ཀུན་ཏུ་ཕན་བདེའི་རང་བཞིན་ཅན་གྱི་བོད་མི་རང་གི་རྩ་ཆེའི་རིག་གཞུང་གི་ཉིང་བཅུད་མ་ཡལ་བའི་ཐོག་འཛུགས་སྐྱོང་གནང་གལ་ཆེ་བར་དགོངས་གཟིགས་ཀྱིས། ཕྱི་ལོ་༡༩༦༡ ཟླ་༩ ཚེས་༥ ཉིན་རྒྱ་གར་གྱི་སྲིད་བློན་པཏ་ཇཱ་ཝ་ཧ་ལལ་ནེ་རུ་(Jawaharlal Nehru) མཆོག་ལ་བཀའ་མོལ་གྱིས་བོད་མི་འདུས་སྡོད་ཆེ་བའི་ས་གནས་ཁག་ཏུ་བོད་མིའི་སློབ་གྲྭ་ཟུར་འཛུགས་གནང་སླད། རྒྱ་གར་དབུས་གཞུང་གི་ཁྱབ་ཁོངས་འོག་བོད་མིའི་སློབ་གྲྭའི་ཚོགས་སྡེ་(Tibetan Schools Society)ཞེས་པའི་ཚོགས་པ་ཟུར་འཛུགས་གནང༌། ཚོགས་པ་འདི་ནི་<<ཕྱི་ལོ་༡༨༦༠ ལོའི་ཚོགས་སྡེ་དེབ་སྐྱེལ་ཁྲིམས་སྲོལ་ཨང་༢༡>>པའི་དགོངས་དོན་འོག་དེབ་སྐྱེལ་བྱས་ཡོད་ཅིང༌། ཚོགས་པའི་འགྲོ་གྲོན་ཆ་ཚང་རྒྱ་གར་དབུས་གཞུང་གིས་ནར་གཏོང་གནང་ཡོད། ཚོགས་པའི་ལས་འགན་ནི། བོད་མི་སྐྱབས་བཅོལ་བའི་དངོས་ཡོད་དགོས་མཁོ་དང་ཆ་རྐྱེན་ལ་གཞིགས་ཏེ་ཉིན་སློབ་དང་གཏན་སློབ་གང་རུང་གསར་འཛུགས་དང་འཛིན་སྐྱོང༌། རྒྱ་གར་གཞུང་དང་ཕྱི་རྒྱལ་རོགས་ཚོགས། མི་སྒེར་བཅས་ཀྱི་ཞལ་འདེབས་དང་རོགས་སྐྱོར་སྤྲོད་ལེན་གྱིས་སློབ་ཁག་དང་ཁུངས་སོ་སོར་བགོད་འགྲེམས་གནང་རྒྱུ་བཅས་རེད། ཚོགས་སྡེ་དེར་འགན་འཁུར་བྱེད་པོ་འགན་འཛིན་ལྷན་ཚོགས་ཤིག་ཡོད་པའི་ནང་ཚོགས་མི་དྲུག་ཡོད། དེ་དག་ནི་ྋགོང་ས་མཆོག་གི་སྐུ་ཚབ་གསུམ་དང༌། རྒྱ་གར་དབུས་ཤེས་རིག་བློན་ཆེན་དང༌། དཔལ་འབྱོར་བློན་ཆེན། ནང་སྲིད་བློན་ཆེན་བཅས་ཡིན། ཚོགས་པའི་ཚོགས་གཙོ་རྒྱ་གར་གྱི་ཤེས་རིག་བློན་ཆེན་ཡིན་ལ། དབུས་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་གཅིག་དྲུང་ཡིག་ཏུ་བསྐོ་འཛུགས་གནང་ཡོད།
༣། ཤེས་ཡོན་ལམ་ལུགས་དང་བསླབ་གཞི།
ཐོག་མའི་སྐབས་སུ་བོད་མི་ཕལ་ཆེ་བ་དེང་དུས་ཀྱི་སློབ་གྲྭའི་ལམ་སྲོལ་ལ་ཆ་རྒྱུས་མེད་ཅིང༌། བོད་སྐད་ལས་གཞན་པའི་སྐད་ཡིག་ཙམ་ཤེས་མཁན་ཡང་ཧ་ཅང་དཀོན་སྟབས། ཕྱིའི་སྐད་ཡིག་དང་དེང་དུས་ཀྱི་རིག་གནས་ཐོག་དམིགས་བསལ་ཤུགས་སྣོན་བསྐྱོན་པ་དང་ཆབས་ཅིག བོད་ཀྱི་སྐད་ཡིག་དང་རྒྱལ་རབས་ཆོས་འབྱུང༌། རིགས་ལམ་ནང་ཆོས་སོགས་སྲོལ་རྒྱུན་རིག་གནས་ཀྱི་བསླབ་གཞི་ཁག་ལོ་རིམ་བཞིན་གཏན་འབེབས་དང་བསྐྱར་ཞིབ་གནང་ཡོད། གཞི་རིམ་གྱི་སློབ་ཚན་རྣམས་བོད་ཡིག་ཐོག་སློབ་ཁྲིད་ལམ་སྲོལ་མེད་སྟབས་འཛིན་རིམ་དང་པོ་ནས་བཅུ་གཉིས་བར་སློབ་ཁྲིད་ཀྱི་བརྒྱུད་ལམ་དབྱིན་ཇིའི་ཐོག་བསྐྱོད་པ་དང༌། འཛིན་རིམ་གསུམ་པ་ནས་བཟུང་ཧིན་དི་སྐད་ཡིག་འགོ་འཛུགས་ཞུ་རྒྱུ་བཅས་གཏན་འབེབས་གནང༌། གཞི་རིམ་འོག་མ་ནས་བར་མ་བར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ཁང་གིས་གཏན་འབེབས་བྱས་པའི་བསླབ་གཞི་བཀོལ་སྤྱོད་བྱེད་མུས་ཡིན། བསླབ་གཞི་དེའི་ནང་བོད་ཡིག་དང༌། རྩིས་རིག སྤྱི་ཚོགས་ཚན་རིག སྤྱིར་བཏང་ཚན་རིག་བཅས་ཀྱི་ཐོག་ལག་ཤེས་དང་སྒྱུ་རྩལ། ལུས་སྦྱོང༌། རང་བྱུང་སློབ་སྦྱོང་བཅས་ཀྱི་སློབ་ཚན་ཡོད། གཞི་རིམ་གོང་མའི་སྐབས་རྒྱ་གར་དབུས་འབྲིང་སློབ་ཤེས་ཡོན་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་བསླབ་གཞི་དང་ལེན་བྱེད་དགོས་ཤིང༌། སློབ་ཕྲུག་རྣམས་གཞི་རིམ་གོང་མ་སློབ་མཐར་ཕྱིན་རྗེས་རྒྱ་གར་གྱི་མཐོ་སློབ་ཁག་ནང་མུ་མཐུད་སློབ་གཉེར་བྱ་ཐུབ་སླད། འཛིན་རིམ་བཅུ་པ་དང་བཅུ་གཉིས་པའི་སྐབས་སུ་རྒྱ་གར་དབུས་གཞུང་གི་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་འཛུལ་ཞུགས་བྱེད། འཛིན་རིམ་བཅུ་པའི་རྗེས་སུ་ཆེད་ལས་སློབ་སྦྱོང་ལ་ཞུགས་སྐབས། ཚན་རིག་དང༌། ཚོང་རིག སྒྱུ་རྩལ་བཅས་ཀྱི་སྡེ་ཚན་གསུམ་ཡོད་པའི་ཐོག ལས་རིགས་སློབ་སྦྱོང་འདྲ་མིན་ལ་ཞུགས་པའི་གོ་སྐབས་བསྐྲུན་ཡོད། གཞི་རིམ་འོག་མ་ནས་གོང་མ་བར་བོད་ཡིག་ནི་ངེས་སྦྱོང་སློབ་ཚན་ཡིན་ལ། ཡིག་རྒྱུགས་སྐབས་ཀྱང་སློབ་ཚན་གཙོ་བོའི་ཁོངས་སུ་བཞག་ཡོད། སྔོན་འགྲོ་ནས་གཞི་རིམ་འོག་མ་འཛིན་རིམ་ལྔ་པ་བར་ཚན་རིག་དང༌། སྤྱི་ཚན། རྩིས་རིག་སོགས་བོད་ཡིག་བརྒྱུད་ལམ་ཐོག་སློབ་ཁྲིད་བྱེད་བཞིན་ཡོད་པ་དང༌། གཞི་རིམ་གོང་མ་འཛིན་རིམ་བཅུ་གཉིས་ཀྱི་མཐར་ཕྱིན་ཡིག་རྒྱུགས་གནས་ཡུལ་རྒྱལ་ཁབ་ཀྱི་ལམ་སྲོལ་འོག་ཞུགས་དགོས་སྟབས། གཞི་རིམ་བར་མ་དང་གོང་མའི་སྐབས་སུ་དབྱིན་ཇི་བརྒྱུད་ལམ་ཐོག་སློབ་ཁྲིད་བྱེད་པ་བཅས། ཕྱི་ལོ་༡༩༨༦ ལོ་ནས་བཟུང༌། དྷ་ས་བོད་ཁྱིམ་གྱིས་སྣེ་འཁྲིད་དེ་སྔོན་འགྲོ་ནས་བཟུང་བསླབ་གཞི་བོད་ཡིག་ཐོག་རིམ་གྱིས་བསྒྱུར་ཏེ། ཕྱི་ལོ་༢༠༠༠ ལོར་སྔོན་འགྲོ་ནས་གཞི་རིམ་འོག་མ་བར་གྱི་བསླབ་གཞི་ཡོངས་རྫོགས་བོད་ཡིག་ཐོག་ཕབ་སྒྱུར་གྱིས་སློབ་ཁྲིད་བྱེད་པའི་མ་ལག་འཐུས་ཚང་དུ་གྱུར། སྔོན་འགྲོ་ནས་གཞི་རིམ་བར་མ་འཛིན་རིམ་བརྒྱད་པ་བར་གྱི་བོད་ཡིག་སློབ་དེབ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་རྩོམ་སྒྲིག་དང་བསྐྱར་ཞིབ་གནང་མུས་དང༌། གཞི་རིམ་གོང་མ་འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་ཀྱི་བསླབ་གཞི་བྱིངས་དབུས་འབྲིང་རིམ་སློབ་གྲྭའི་ཤེས་ཡོན་ལྷན་ཚོགས་ཀྱི་གཏན་འབེབས་བཞིན་བཀོལ་སྤྱོད་བྱེད་མུས་ཡིན། ཕྱི་ལོ་༢༠༠༨ ནས་བཟུང༌། དབུས་འབྲིང་སློབ་ཤེས་ཡོན་ལྷན་ཚོགས་ནས་གཞི་རིམ་གོང་མའི་བོད་ཡིག་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་དང་བོད་ཡིག་ཡིག་རྒྱུགས་ཚོགས་ཆུང་གི་ཚོགས་མི་བསྐོ་འཛུགས་སྐབས་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་གྲོས་འདོན་དང་རྒྱབ་གཉེར་ཡོད་པའི་མི་འགྲོ་ཚོགས་ཆུང་གི་ཆ་ཤས་སུ་བཙུགས་ཏེ་ལག་བསྟར་ཞུ་བཞིན་ཡོད། ཕྱི་ལོ་༢༠༡༠ ནས་བཟུང་བོད་གཞུང་ཤེས་རིག་ལས་ཁུངས་ནས་འཛིན་རིམ་དྲུག་པ་ནས་བཅུ་གཉིས་བར་རིགས་ལམ་སློབ་ཚན་གཏན་འབེབས་ཀྱིས་སློབ་ཁག་སོ་སོའི་ཆོས་དགེ་བརྒྱུད་སློབ་ཁྲིད་ལག་བསྟར་གནང་བཞིན་ཡོད། རྒྱུན་ལྡན་ཚོགས་ཐུན་རིགས་ཕུད་སློབ་གྲྭའི་སློབ་གསེང་ལས་རིམ་ཁྲོད་བོད་ཀྱི་སྲོལ་རྒྱུན་གླུ་གར་དང༌། ཟློས་གར། རོལ་དབྱངས། སྲོལ་རྒྱུན་དང་དེང་རབས་བཟོ་རིག་ལག་ཤེས་སོགས་ཀྱི་བྱེད་སྒོ་དམ་འཛིན་གནང་ཡོད། ཐོག་མའི་ཆར་གནས་ཡུལ་རྒྱལ་ཁབ་ཀྱི་སྐད་ཡིག་ཧིན་དི་སློབ་གཉེར་བྱ་རྒྱུ་དགོས་གལ་ཆེན་པོ་ཡོད་ཀྱང༌། ཕྱིས་སུ་བོད་མི་རྣམས་ཁོར་ཡུག་གི་ཤུགས་རྐྱེན་འོག་ཧིན་དི་སྐད་ཤེས་རྒྱུར་དཀའ་ངལ་ཆེན་པོ་མེད་སྟབས། འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་སྐད་ཡིག་གསུམ་པའི་ངོ་བོར་བཞག་སྟེ་སློབ་ཁྲིད་བྱེད་བཞིན་ཡོད།
༤། དབུས་བོད་སློབ་འཛིན་ཚོགས།
ཀ འགན་འཛིན་ལྷན་ཚོགས།(Governing Body) དབུས་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ནི། རྒྱ་གར་དབུས་ཤེས་རིག་(མིའི་ནུས་ཁུངས་ཡར་རྒྱས་)ལས་ཁུངས་ཀྱི་ཟུང་འབྲེལ་དྲུང་ཆེ་ཚོགས་གཙོར་བཞུགས་འོག་ཚོགས་མི་གཞན་བརྒྱད་ཀྱིས་གྲུབ་ཡོད། ཚོགས་མི་བརྒྱད་ཀྱི་ཁོངས་སུ་རྒྱ་གར་བ་བཞི་དང་བོད་མི་བཞི་བཅས་ཡོད། རྒྱ་གར་བ་བཞི་ནི། དབུས་ཤེས་རིག་ལས་ཁུངས་ཀྱི་སྐུ་ཚབ་དཔལ་འབྱོར་སློབ་སྟོན་པ་གཅིག དབུས་ཕྱི་སྲིད་ལས་ཁུངས་ཀྱི་སྐུ་ཚབ་གཅིག ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་གཅིག དབུས་བོད་སློབ་འཛིན་ཚོགས་ཀྱི་དྲུང་ཆེ་བཅས་ཡིན། བོད་མི་བཞི་ནི། བོད་གཞུང་ཤེས་རིག་བཀའ་བློན་དང༌། ཤེས་རིག་དྲུང་ཆེ། ལྡི་ལི་སྐུ་ཚབ་དོན་གཅོད། ཝ་ནཱ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གྲྭ་ཆེན་མོའི་ངེས་སྟོན་པ་བཅས་ཡིན། ཕྱི་ལོ་༢༠༠༩ ལོར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་གཤམ་གསལ། ༡། རྒྱ་གར་དབུས་མིའི་ནུས་ཤུགས་ཡར་རྒྱས་དང་སློབ་གྲྭའི་ཤེས་ཡོན་དང་རྩོམ་རིག་ལས་ཁུངས་ཀྱི་ཟུང་འབྲེལ་དྲུང་ཆེ་ཨེས་སི་ཁོན་ཊི་ཡ།(Sh. S. C. Khuntia, Ministry of Human Development Department of School Education and Literacy.) ཚོགས་གཙོ། ༢། རྒྱ་གར་དབུས་མིའི་ནུས་ཤུགས་ཡར་རྒྱས་དང་སློབ་གྲྭའི་ཤེས་ཡོན་དང་རྩོམ་རིག་ལས་ཁུངས་ཀྱི་དྲུང་འཕར་དང་དཔལ་འབྱོར་སློབ་སྟོན་པ་ཨེས་ཀེ་རའེ།(Sh. S. K. Ray, Additional Secretary and Financial Advisor, Ministry of Human Development Department of School Education and Literacy.)ཚོགས་མི། ༣། རྒྱ་གར་དབུས་ཕྱི་སྲིད་ལས་ཁུངས་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་སན་ཇེ་པན་ཌ།(Sh. Sanjay Panda, Director China, Govt of India Ministry of External Affairs.) ཚོགས་མི། ༤། རྒྱ་གར་དབུས་ནང་སྲིད་ལས་ཁུངས་རྒྱལ་ནང་སྲུང་སྐྱོབ་སྡེ་ཚན་གྱི་འགན་འཛིན་ཨཤོཀ་ཀུ་མར།(Sh. Ashok Kumar, Govt of India Ministry of Home Affairs (Rehabilitation) Department of Internal Security.)ཚོགས་མི། ༥། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན། ཚོགས་མི། ༦། བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་ཐུབ་བསྟན་ལུང་རིགས། ཚོགས་མི། ༧། བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས། ཚོགས་མི། ༨། བཙན་བྱོལ་བོད་གཞུང་ཕྱི་འབྲེལ་བཀའ་བློན་ལྡི་ལི་སྐུ་ཚབ་དོན་གཅོད་བསྟན་པ་ཚེ་རིང༌། ཚོགས་མི། ༩། དབུས་བོད་སློབ་འཛིན་ཚོགས་འགན་འཛིན་པྲ་སཏ་རའོ།(Sh. M.V. V. Prasada Rao, Director CTSA.)ཚོགས་དྲུང༌། དབུས་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ནི་འགན་འཛིན་ལྷན་ཚོགས་དེའི་ཚོགས་དྲུང་ཡིན་ལ། དབུས་བོད་སློབ་འཛིན་ཚོགས་ཀྱི་འཛིན་སྐྱོང་དང་དངུལ་རྩིས་དོ་དམ་འགན་འཛིན་ཡང་ཡིན་པས། ཚོགས་པ་འདི་དང་ཁྱབ་ཁོངས་སློབ་གྲྭ་ཡོངས་ཀྱི་འཛིན་སྐྱོང་ལ་འགན་འཁུར་གནང་བཞིན་ཡོད། ཁ དཔལ་འབྱོར་ཚོགས་ཆུང༌།(Finance Committee) འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དབུས་ཤེས་རིག་ལས་ཁུངས་ཀྱི་སྐུ་ཚབ་དཔལ་འབྱོར་སློབ་སྟོན་པ་ཚོགས་གཙོ་བྱས་པའི་འོག ཚོགས་མི་བཞིས་གྲུབ་པའི་དངུལ་རྩིས་ཚོགས་ཆུང་ཞིག་ཡིན། ཚོགས་ཆུང་དེའི་ཚོགས་མི་ནི། དབུས་ཤེས་རིག་ལས་ཁུངས་ཀྱི་སྐུ་ཚབ་དང༌། ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ། ྋགོང་ས་མཆོག་གི་སྐུ་ཚབ། དབུས་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་བཅས་ཡིན། ཚོགས་ཆུང་དེའི་ལས་འགན་ནི། དབུས་བོད་སློབ་འཛིན་ཚོགས་ཀྱི་དངུལ་རྩིས་དཔལ་འབྱོར་དང་འབྲེལ་བའི་རྩིས་ཁྲ་དང་སྔོན་རྩིས་ལ་ཚོད་དཔག་དང༌། བསྐྱར་ཞིབ། འཆར་འདོན་བྱ་རྒྱུ་བཅས་ཡིན། ཕྱི་ལོ་༢༠༠༩ ལོར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་གཤམ་གསལ། ༡། རྒྱ་གར་དབུས་མིའི་ནུས་ཤུགས་ཡར་རྒྱས་དང་སློབ་གྲྭའི་ཤེས་ཡོན་དང་རྩོམ་རིག་ལས་ཁུངས་ཀྱི་དྲུང་འཕར་དང་དཔལ་འབྱོར་སློབ་སྟོན་པ་སྐུ་ཞབས་ཨེས་ཀེ་རའེ།(SH. S. K. Ray, Additional Secretary and Financial Advisor, Ministry of Human Development Department of School Education and Literacy.) ཚོགས་གཙོ། ༢། རྒྱ་གར་དབུས་ནང་སྲིད་ལས་ཁུངས་རྒྱལ་ནང་སྲུང་སྐྱོབ་སྡེ་ཚན་གྱི་འགན་འཛིན་ཨ་ཤོཀ་ཀུ་མར།(Sh. Ashok Kumar, Govt of India Ministry of Home Affairs (Rehabilitation) Department of Internal Security.)ཚོགས་མི། ༣། རྒྱ་གར་དབུས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་སློབ་སྟོན་པ་གཞོན་པ་སྐུ་ཞབས་ཇི་ཨེལ་ཇམ་བྷུལ་ཀར།(Sh. G. L Jambhulkar, Deputy Educational Adviser(Sch-3), MInistry of Human Resource Development Department of School Education and Literacy.) ཚོགས་མི། ༤། བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས། གསར་འཇུག་ཚོགས་མི། ༥། བཙན་བྱོལ་བོད་གཞུང་ཕྱི་འབྲེལ་བཀའ་བློན་ལྡི་ལི་སྐུ་ཚབ་དོན་གཅོད་སྐུ་ཞབས་བསྟན་པ་ཚེ་རིང༌། ཚོགས་མི། ༦། དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་འགན་འཛིན་ཨེམ་ཝི་ཝི་པྲ་སཏ་རའོ།(Sh. M.V.V Prasada Rao)ཚོགས་མི། ག ཤེས་ཡོན་སློབ་སྟོན་ཚོགས་ཆུང༌།(Academic Advisory Committeeistry) འགྱུར་འགྲོས་མྱུར་བའི་དེང་རབས་ཤེས་ཡོན་གྱི་འཕེལ་རིམ་ཁྲོད་བོད་མིའི་སློབ་ཕྲུག་རྣམས་ལ་ཤེས་ཡོན་གྱི་ལྟ་བ་དང་དགོས་མཁོ་ངོ་སྤྲོད། དགོས་ངེས་ཀྱི་འཕོ་འགྱུར་དང་ཐབས་རྩལ། མཐུན་རྐྱེན་བཅས་མཁོ་འདོན་བྱ་ཆེད་ཕྱི་ལོ་༢༠༠༣།༡།༡༥ ཉིན་འགན་འཛིན་ལྷན་ཚོགས་ཐེངས་༦༦ པའི་ཐོག་ཐག་གཅོད་བཞིན་ཚོགས་མི་༩ ཡིས་གྲུབ་པའི་ཤེས་ཡོན་སློབ་སྟོན་ཚོགས་ཆུང་ཞིག་བསྐོ་འཛུགས་བྱས་ཡོད། ཚོགས་མི་འདི་དག་གི་ཡོང་ཁུངས་ནི། དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཚོགས།(NCERT) དབུས་སློབ་གྲྭའི་སྒྲིག་འཛུགས།(Kendriya Vidyalaya Sangathan) ནཝོ་ད་ཡ་སློབ་གྲྭའི་ལྷན་ཚོགས།(Navodaya Vidyalaya Samiti) དབུས་འབྲིང་སློབ་ཤེས་ཡོན་ལྷན་ཚོགས་(CBSE) བོད་གཞུང་ཤེས་རིག་ལས་ཁུངས་དང་དྷ་ས་བོད་ཁྱིམ་བཅས་ཀྱི་སྐུ་ཚབ་ཐོག་དབུས་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་གྱིས་ཚོགས་གཙོའི་ཐུགས་འགན་བཞེས་ཡོད། ཕྱི་ལོ་༢༠༠༨ ལོར་དབུས་བོད་སློབ་འཛིན་ཚོགས་ཀྱི་ཤེས་ཡོན་སློབ་སྟོན་ལྷན་ཆུང་གི་ཚོགས་མི་གཤམ་གསལ། ༡། དབུས་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན། ཚོགས་གཙོ། ༢། དབུས་ཤེས་ཡོན་སྦྱོང་བརྡར་དང་ཞིབ་འཇུག་ལྷན་ཚོགས་(NCERT)ཀྱི་སྐུ་ཚབ། ཚོགས་མི། ༣། དབུས་སློབ་གྲྭའི་སྒྲིག་འཛུགས་ཀྱི་ཤེས་ཡོན་དབུ་འཛིན་གཞོན་པ།(Deputy Commissioner(Acad) Kendriya Vidhyalaya Sangathan) ཚོགས་མི། ༤། ནཝོ་ད་ཡ་སློབ་གྲྭའི་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་གཞོན་པ།(Deputy Director (Acad) Navodaya Vidhyalaya Samiti) ཚོགས་མི། ༥། དབུས་འབྲིང་སློབ་ཤེས་ཡོན་ལྷན་ཚོགས་འགན་འཛིན་གྱི་སྐུ་ཚབ་ཤེས་ཡོན་ལས་འཛིན་པ།(The Education Officer, CBSE, Delhi) ཚོགས་མི། ༦། བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན། ཚོགས་མི། ༧། དྷ་ས་བོད་ཕྲུག་ཁྱིམ་སྡེའི་ཤེས་ཡོན་ངེས་སྟོན་པ། ཚོགས་མི། ༨། བོད་གཞུང་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་ཤེས་ཡོན་ལས་འཛིན་པ། ཚོགས་མི། ༧། དབུས་བོད་སློབ་འཛིན་ཚོགས་ཀྱི་ཤེས་ཡོན་ལས་འཛིན་རྒན་ཤོས། ཚོགས་དྲུང༌། ཚོགས་ཆུང་འདིའི་ལས་འགན་གཙོ་བོ་ནི། འགན་འཛིན་ལྷན་ཚོགས་ལ་དབུས་བོད་སློབ་ཁག་ཏུ་ཤེས་ཡོན་དང་གཞོགས་འདེགས་བསླབ་གཞི་དང་ལམ་ལུགས་གསར་པ་གྲོས་འདོན་བྱ་རྒྱུ་དང༌། ད་ལྟའི་ལམ་ལུགས་དང་ལས་རིམ་ཁག་ལག་བསྟར་སླད་ལམ་སྟོན་འབུལ་རྒྱུ་དང༌། བསྐྱར་ཞིབ་དང་ཞིབ་འཇུག་གི་དགོངས་འཆར་འབུལ་རྒྱུ། ལྷག་པར་དེང་རབས་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་སློབ་སྦྱོང་དང་རྒྱུན་འཛིན་ཐད་ཡར་རྒྱས་དང་ཞིབ་འཇུག་གི་དགོངས་འཆར་འབུལ་རྒྱུ་བཅས་ཡིན། ང) ལས་དོན་ཚོགས་ཆུང༌།(Works Committee) སྒྲིག་འཛུགས་འདིའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་འཛུགས་སྐྲུན་དང་ཞིག་གསོའི་ལས་གཞིར་རྟོག་ཞིབ་དང་སྟངས་འཛིན་བྱ་སླད། དབུས་བོད་སློབ་འཛིན་ཚོགས་དྲུང་ཆེའི་འོག་འཛུགས་སྐྲུན་ལས་དོན་ཚོགས་ཆུང་ཞིག་བཙུགས་ཡོད། ཚོགས་ཆུང་དེར་ཚོགས་མི་གཤམ་གསལ། ༡། དབུས་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན། ཚོགས་གཙོ། ༢། རྒྱ་གར་དབུས་ཤེས་རིག་ལས་ཁུངས་ཀྱི་སློབ་གྲྭའི་ཤེས་ཡོན་དང་རྩོམ་རིག་སྡེ་ཚན་གྱི་འགན་འཛིན་དྲུང་གཞོན། ཚོགས་མི། ༣། རྒྱ་གར་དབུས་ཤེས་རིག་ལས་ཁུངས་ཀྱི་དཔལ་འབྱོར་སློབ་སྟོན་ལས་རོགས། ཚོགས་མི། ༤། རྒྱ་གར་དབུས་སློབ་གྲྭའི་སྒྲིག་འཛུགས་སམ་ནཝོ་ད་ཡ་སློབ་གྲྭའི་ལྷན་ཚོགས་ཀྱི་ལག་བསྟར་འཛུགས་སྐྲུན་པ། ༥། བོད་གཞུང་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་ཤེས་ཡོན་ལས་འཛིན་པ། ཚོགས་མི། ༦། དབུས་བོད་སློབ་འཛིན་ཚོགས་ཀྱི་ཚན་རིག་ཤེས་ཡོན་ལས་འཛིན་པ། ཚོགས་མི། ༧། དབུས་བོད་སློབ་འཛིན་ཚོགས་ཀྱི་སྤྱི་ཚོགས་ཚན་རིག་ཤེས་ཡོན་ལས་འཛིན་པ། ཚོགས་མི། ༨། དབུས་བོད་སློབ་འཛིན་ཚོགས་ཀྱི་སྦྱོང་བརྡར་ཤེས་ཡོན་ལས་འཛིན་པ། ཚོགས་མི། ༩། དབུས་བོད་སློབ་འཛིན་ཚོགས་ཀྱི་དབྱིན་ཇི་ཤེས་ཡོན་ལས་འཛིན་པ། ཚོགས་མི། ༡༠། བོད་མིའི་གཞིས་སྒར་གྱི་ས་གནས་འགོ་འཛིན། ཚོགས་མི། ༡༡། དབུས་བོད་སློབ་འཛིན་ཚོགས་ཀྱི་ལག་རྩལ་ལས་འཛིན་པ། ཚོགས་དྲུང༌། ཚོགས་ཆུང་འདིའི་ལས་འགན་ནི། འཛིན་སྐྱོང་ལ་འཛུགས་སྐྲུན་ལས་རིམ་དང་ལས་འཆར་ཁག་ལ་ཞིབ་ཕྲའི་སློབ་སྟོན་བྱ་རྒྱུ་དང༌། ལག་རྩལ་ལྡན་པའི་ཁྱད་ལས་པ་དུས་ནས་དུས་སུ་མཁོ་འདོན་བྱ་རྒྱུ་བཅས་ཡིན། ཅ) ས་གནས་སློབ་སྟོན་ཚོགས་ཆུང༌།(Local Advisory Committee) ཁྱབ་ཁོངས་སློབ་གྲྭ་ཡོངས་ལ་ས་གནས་རིམ་པའི་ཤེས་ཡོན་སློབ་སྟོན་ཚོགས་ཆུང་རེ་བཙུགས་ཏེ། སློབ་གྲྭའི་ཤེས་ཡོན་ལས་རིམ་བདེ་བླག་ངང་འགྲུབ་པར་རོགས་འདེགས་བྱེད་མུས་ཡིན། ཚོགས་ཆུང་དེའི་ཚོགས་གཙོ་ནི། སྤྱིར་བཏང་ལྟར་ན་རྫོང་དཔོན་(SDO/ADM/DM)ཁག་ཡིན་ལ། ཚོགས་གཞོན་ནི་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ཡིན། ཚོགས་མི་གཞན་ནི་མི་མང་འཛུགས་སྐྲུན་ལས་ཁུངས་(PWD)དང་དབུས་མི་མང་འཛུགས་སྐྲུན་ལས་ཁུངས་(CPWD)བཅས་ཀྱི་སྐུ་ཚབ་དང༌། ཕ་མའི་འཐུས་ཚབ་བཅས་འདུས་ཡོད། ཚོགས་ཆུང་གི་ཚོགས་མི་ཡོངས་ཀྱི་ལས་རྒྱུན་ལོ་ཚད་ལོ་༣ ཡིན་ནའང༌། འཛིན་སྐྱོང་གིས་བསྐྱར་བསྐོ་བྱ་རྒྱུར་དགག་བྱ་མེད། ལོ་རེར་ལྷན་ཚོགས་ཐེངས་བཞི་སྐོང་མུས་ཡིན།
༥། ཁྱབ་ཁོངས་སློབ་གྲྭ།
ཕྱི་ལོ་༡༩༦༠ ལོར་ྋགོང་ས་མཆོག་གི་བཀའ་དགོངས་འོག་བཞུགས་སྒར་དྷ་སར་བུ་གསོ་ཁང་གཅིག་དང༌། སིམ་ལ་དང༌། མ་སུ་རི། རྡོ་རྗེ་གླིང་བཅས་སུ་གཏན་སྡོད་སློབ་གྲྭ་གསར་འཛུགས་གནང་བར་རྒྱ་གར་གཞུང་ནས་རོགས་རམ་ཤུགས་ཆེར་གནང་ཡོད། ཕྱི་ལོ་༡༩༦༡ ལོར་སློབ་གྲྭ་དེ་དག་ནང་ཁྱོན་བསྡོམས་སློབ་ཕྲུག་༥༧༠ ལས་བྱུང་མེད་ཀྱང༌། ཕྱི་ལོ་༡༩༧༡ ལོར་སློབ་གྲྭ་༡༣ གསར་འཛུགས་བྱས་པའི་ནང་ཁྱོན་བསྡོམས་སློབ་ཕྲུག་ཕོ་མོ་༤༣༣༠ ཡོད། ཕྱི་ལོ་༡༩༨༡ ལོར་སློབ་གྲྭའི་གྲངས་འབོར་འཕར་ཏེ་༢༢ སླེབས་པ་དང༌། དེར་ཞུགས་སློབ་ཕྲུག་གི་གྲངས་འབོར་༩༦༢༠ ལོངས་ཡོད། ཕྱི་ལོ་༡༩༩༡ ལོར་སློབ་གྲྭ་༣༠ ཡོད་པའི་ཐོག་སྔོན་འགྲོའི་སློབ་གྲྭ་༤༩ དང༌། རོགས་སྐྱོར་སློབ་གྲྭ་༡༣ བཅས་བྱུང་ཡོད། དེང་སྐབས་ཕྱི་ལོ་༢༠༠༨དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སུ་གཞི་རིམ་གོང་མའི་སློབ་གྲྭ་༨ ཞག་སྡོད་སློབ་གྲྭ་༦ཡོད་ལ། གཞི་རིམ་བར་མའི་སློབ་གྲྭ་༦ སློབ་འབྲིང་༧ གཞི་རིམ་འོག་མའི་སློབ་གྲྭ་༧ བཅས་ཁྱོན་བསྡོམས་དངོས་གཞིའི་སློབ་གྲྭ་༢༨ ནང་སློབ་ཕྲུག་༨༢༢༥ དང་དགེ་རྒན་༦༢༨ ལས་བྱེད་༥༣༥ བཅས་ཡོད་པའི་ཐོག བོད་མིའི་གཞིས་ཆགས་ཁག་མི་འདྲ་བར་སྔོན་འགྲོའི་སློབ་གྲྭ་༣༥ ཡོད་ལ། ཁྱབ་ཁོངས་སློབ་གྲྭ་མ་ཡིན་པའི་བོད་སློབ་༨ ལ་རོགས་སྐྱོར་བྱེད་ཀྱིན་ཡོད།
༦། དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་སཾབྷོ་ཊ་བོད་སློབ་འཛིན་ཚོགས་ལ་རྩིས་སྤྲོད།
༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༢༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་
ཨང༌། | སློབ་གྲྭའི་མིང༌། | འཛིན་གྲྭའི་གནས་ཚད། | ས་གནས། |
༡ | མ་སུ་རི་གཏན་སློབ། | འཛིན་རིམ་བཅུ་གཉིས། | ཨུཏ་རན་ཅལ་མངའ་སྡེ། |
༢ | སིམ་ལ་གཏན་སློབ། | འཛིན་རིམ་བཅུ་གཉིས། | ཧི་མ་ཅལ་མངའ་སྡེ། |
༣ | ཌལ་ཧོར་གཏན་སློབ། | འཛིན་རིམ་བཅུ་གཉིས། | ཧི་མ་ཅལ་མངའ་སྡེ། |
༤ | རྡོར་གླིང་གཏན་སློབ། | འཛིན་རིམ་བཅུ་གཉིས། | ནུབ་བྷང་གལ་མངའ་སྡེ། |
༥ | ཀ་སྦུག་གཏན་སློབ། | འཛིན་རིམ་བཅུ་གཉིས། | ནུབ་བྷང་གལ་མངའ་སྡེ། |
༦ | མོན་གྷོ་གཏན་སློབ། | འཛིན་རིམ་བཅུ་གཉིས། | ཀར་ན་ཊ་ཀ་མངའ་སྡེ། |
༧ | བྷེལ་ཀོབ་དབུས་སློབ། | འཛིན་རིམ་བཅུ་གཉིས། | ཀར་ན་ཊ་ཀ་མངའ་སྡེ། |
༨ | ཧ་པར་པུར་གཏན་སློབ། | འཛིན་རིམ་བཅུ་གཉིས། | ཨུཏ་རན་ཅལ་མངའ་སྡེ། |
༩ | ཀོ་ལེ་གྷལ་དབུས་སློབ། | འཛིན་རིམ་བཅུ་པ། | ཀར་ན་ཊ་ཀ་མངའ་སྡེ། |
༡༠ | ཧུན་སུར་དབུས་སློབ། | འཛིན་རིམ་བཅུ་པ། | ཀར་ན་ཊ་ཀ་མངའ་སྡེ། |
༡༡ | བྷེལ་ཀོབ་བདེ་སླར་དབུས་སློབ། | འཛིན་རིམ་བཅུ་པ། | ཀར་ན་ཊ་ཀ་མངའ་སྡེ། |
༡༢ | ཨོ་རི་ས་དབུས་སློབ། | འཛིན་རིམ་བཅུ་པ། | ཨོ་རི་ས་མངའ་སྡེ། |
༡༣ | སོ་ན་མདའ་དབུས་སློབ། | འཛིན་རིམ་བཅུ་པ། | ནུབ་བྷང་གལ་མངའ་སྡེ། |
༡༤ | རྡོ་ལན་ཇི་བོན་གཞིས་ཉིན་སློབ། | འཛིན་རིམ་བཅུ་པ། | ཧི་མ་ཅལ་མངའ་སྡེ། |
༡༥ | མོན་གྷོ་གཞིས་གྲོང་དྲུག་པའི་དབུས་སློབ། | འཛིན་རིམ་བརྒྱད་པ། | ཀར་ན་ཊ་ཀ་མངའ་སྡེ། |
༡༦ | མན་སྤར་དབུས་སློབ། | འཛིན་རིམ་བརྒྱད་པ། | ཆ་ཏི་སི་སྒར་མངའ་སྡེ། |
༡༧ | བྷན་ད་ར་དབུས་སློབ། | འཛིན་རིམ་བརྒྱད་པ། | མ་ཧ་ར་ཤི་ཏྲ་མངའ་སྡེ། |
༡༨ | ཏི་ཛུ་དབུས་སློབ། | འཛིན་རིམ་བརྒྱད་པ། | ཨ་རུ་ན་ཅལ་མངའ་སྡེ། |
༡༩ | བསྟན་འཛིན་སྒང་དབུས་སློབ། | འཛིན་རིམ་བརྒྱད་པ། | ཨ་རུ་ན་ཅལ་མངའ་སྡེ། |
༢༠ | མེའོ་དབུས་སློབ། | འཛིན་རིམ་བརྒྱད་པ། | ཨ་རུ་ན་ཅལ་མངའ་སྡེ། |
༢༡ | ར་སྦང་ལ་དབུས་སློབ། | འཛིན་རིམ་བརྒྱད་པ། | འབྲས་ལྗོངས་མངའ་སྡེ། |
༢༢ | ཨ་ལི་ཀུ་མ་རི་དབུས་སློབ་གྲྭ། | འཛིན་རིམ་ལྔ་པ། | ཀར་ན་ཊ་ཀ་མངའ་སྡེ། |
༢༣ | གྷོ་ལ་ཐ་ལ་དབུས་སློབ་གྲྭ། | འཛིན་རིམ་ལྔ་པ། | ཀར་ན་ཊ་ཀ་མངའ་སྡེ། |
༢༤ | ཀེ་ལ་ཤ་པུ་རི་དབུས་སློབ་གྲྭ། | འཛིན་རིམ་ལྔ་པ། | ཀར་ན་ཊ་ཀ་མངའ་སྡེ། |
༢༥ | ཅོག་ཀུར་དབུས་སློབ་གྲྭ། | འཛིན་རིམ་ལྔ་པ། | ཀར་ན་ཊ་ཀ་མངའ་སྡེ། |
༢༦ | མོན་གྷོ་ཡན་ལག་སློབ་གྲྭ། | འཛིན་རིམ་ལྔ་པ། | ཀར་ན་ཊ་ཀ་མངའ་སྡེ། |
༢༧ | ལོ་བར་སིང་དབུས་སློབ་གྲྭ། | འཛིན་རིམ་ལྔ་པ། | ཨོ་རི་ས་མངའ་སྡེ། |
༢༨ | མ་ཧནདྲ་གཌ་དབུས་སློབ་གྲྭ། | འཛིན་རིམ་ལྔ་པ། | ཨོ་རི་ས་མངའ་སྡེ། |
ཨང༌། | སློབ་གྲྭའི་མིང༌། | འཛིན་གྲྭའི་གནས་ཚད། | ས་གནས། |
༡ | སིམ་ལ་ཀོ་སུམ་ཊི་སྔོན་འགྲོའི་སློབ་གྲྭ། | སྔོན་འགྲོ། | ཧི་མ་ཅལ་མངའ་སྡེ། |
༢ | སིམ་ལ་སན་ཇོ་ལི་སྔོན་འགྲོའི་སློབ་གྲྭ། | སྔོན་འགྲོ། | ཧི་མ་ཅལ་མངའ་སྡེ། |
༣ | སིམ་ལ་འགྲུལ་འཁོར་འབབ་ཚིགས་སྔོན་སློབ། | སྔོན་འགྲོ། | ཧི་མ་ཅལ་མངའ་སྡེ། |
༤ | རྡོ་ལན་ཇི་གཞིས་གྲོང་སྔོན་འགྲོའི་སློབ་གྲྭ། | སྔོན་འགྲོ། | ཧི་མ་ཅལ་མངའ་སྡེ། |
༥ | མོན་གྷོ་གཞིས་གྲོང་དང་པོའི་སྔོན་སློབ། | སྔོན་འགྲོ། | ཀར་ན་ཊ་ཀ་མངའ་སྡེ། |
༦ | མོན་གྷོ་གཞིས་གྲོང་གཉིས་པའི་སྔོན་སློབ། | སྔོན་འགྲོ། | ཀར་ན་ཊ་ཀ་མངའ་སྡེ། |
༧ | མོན་གྷོ་གཞིས་གྲོང་གསུམ་པ་དང་ལྔ་པའི་སྔོན་སློབ་ཀ་པ། | སྔོན་འགྲོ། | ཀར་ན་ཊ་ཀ་མངའ་སྡེ། |
༨ | མོན་གྷོ་གཞིས་གྲོང་གསུམ་པ་དང་ལྔ་པའི་སྔོན་སློབ་ཁ་པ། | སྔོན་འགྲོ། | ཀར་ན་ཊ་ཀ་མངའ་སྡེ། |
༩ | མོན་གྷོ་གཞིས་གྲོང་བཞི་པའི་སྔོན་འགྲོའི་སློབ་གྲྭ། | སྔོན་འགྲོ། | ཀར་ན་ཊ་ཀ་མངའ་སྡེ། |
༡༠ | མོན་གྷོ་གཞིས་གྲོང་དགུ་པའི་སྔོན་འགྲོའི་སློབ་གྲྭ། | སྔོན་འགྲོ། | ཀར་ན་ཊ་ཀ་མངའ་སྡེ། |
༡༡ | མོན་གྷོ་གཞིས་གྲོང་དྲུག་པའི་སྔོན་སློབ་ཡན་ལག་དང་པོ། | སྔོན་འགྲོ། | ཀར་ན་ཊ་ཀ་མངའ་སྡེ། |
༡༢ | མོན་གྷོ་གཞིས་གྲོང་དྲུག་པའི་སྔོན་སློབ་ཡན་ལག་གཉིས་པ། | སྔོན་འགྲོ། | ཀར་ན་ཊ་ཀ་མངའ་སྡེ། |
༡༣ | མོན་གྷོ་གཞིས་གྲོང་དྲུག་པའི་སྔོན་སློབ་ཡན་ལག་གསུམ་པ། | སྔོན་འགྲོ། | ཀར་ན་ཊ་ཀ་མངའ་སྡེ། |
༡༤ | ཀོ་ལེ་གྷལ་གཞིས་གྲོང་དང་པོའི་སྔོན་སློབ། | སྔོན་འགྲོ། | ཀར་ན་ཊ་ཀ་མངའ་སྡེ། |
༡༥ | ཀོ་ལེ་གྷལ་གཞིས་གྲོང་གཉིས་པའི་སྔོན་སློབ། | སྔོན་འགྲོ། | ཀར་ན་ཊ་ཀ་མངའ་སྡེ། |
༡༦ | ཀོ་ལེ་གྷལ་གཞིས་གྲོང་གསུམ་པའི་སྔོན་སློབ། | སྔོན་འགྲོ། | ཀར་ན་ཊ་ཀ་མངའ་སྡེ། |
༡༧ | མེའོ་ཆོས་འཕེལ་གླིང་གཞིས་གྲོང་དང་པོའི་སྔོན་སློབ། | སྔོན་འགྲོ། | ཨ་རུ་ན་ཅལ་མངའ་སྡེ། |
༡༨ | མེའོ་ཆོས་འཕེལ་གླིང་གཞིས་གྲོང་གཉིས་པའི་སྔོན་སློབ། | སྔོན་འགྲོ། | ཨ་རུ་ན་ཅལ་མངའ་སྡེ། |
༡༩ | ཏི་ཛུ་དབུས་སློབ་གྲྭའི་སྔོན་འགྲོའི་ཡན་ལག་དང་པོ། | སྔོན་འགྲོ། | ཨ་རུ་ན་ཅལ་མངའ་སྡེ། |
༢༠ | བསྟན་འཛིན་སྒང་གཞིས་གྲོང་དང་པོའི་སྔོན་སློབ། | སྔོན་འགྲོ། | ཨ་རུ་ན་ཅལ་མངའ་སྡེ། |
༢༡ | བསྟན་འཛིན་སྒང་གཞིས་གྲོང་གཉིས་པའི་སྔོན་སློབ། | སྔོན་འགྲོ། | ཨ་རུ་ན་ཅལ་མངའ་སྡེ། |
༢༢ | བསྟན་འཛིན་སྒང་གཞིས་གྲོང་གསུམ་པའི་སྔོན་སློབ། | སྔོན་འགྲོ། | ཨ་རུ་ན་ཅལ་མངའ་སྡེ། |
༢༣ | བསྟན་འཛིན་སྒང་གཞིས་གྲོང་བཞི་པའི་སྔོན་སློབ། | སྔོན་འགྲོ། | ཨ་རུ་ན་ཅལ་མངའ་སྡེ། |
༢༤ | བྷན་ད་ར་ནོར་རྒྱས་གླིང་སྔོན་འགྲོའི་སློབ་གྲྭ། | སྔོན་འགྲོ། | མ་ཧཱ་ར་ཤི་ཏྲ་མངའ་སྡེ། |
༢༥ | མན་སྤར་ཕན་བདེ་གླིང་སྔོན་འགྲོའི་སློབ་གྲྭ། | སྔོན་འགྲོ། | ཆ་དི་སི་སྒར་མངའ་སྡེ། |
༢༦ | ཨོ་རི་ས་ལོ་པར་སིང་སྔོན་འགྲོའི་སློབ་གྲྭ། | སྔོན་འགྲོ། | ཨོ་རི་ས་མངའ་སྡེ། |
༢༧ | ཨོ་རི་ས་མ་ཧནདྲ་གཌ་སྔོན་འགྲོའི་སློབ་གྲྭ། | སྔོན་འགྲོ། | ཨོ་རི་ས་མངའ་སྡེ། |
༢༨ | ར་སྦང་ལ་གཞིས་གྲོང་དང་པོའི་སྔོན་འགྲོའི་སློབ་གྲྭ། | སྔོན་འགྲོ། | འབྲས་ལྗོངས་མངའ་སྡེ། |
༢༩ | ར་སྦང་ལ་གཞིས་གྲོང་གཉིས་པའི་སྔོན་འགྲོའི་སློབ་གྲྭ། | སྔོན་འགྲོ། | འབྲས་ལྗོངས་མངའ་སྡེ། |
༣༠ | རྡོ་རྗེ་གླིང་གཞིས་གྲོང་དང་པོའི་སྔོན་འགྲོའི་སློབ་གྲྭ། | སྔོན་འགྲོ། | ནུབ་བྷང་གལ་མངའ་སྡེ། |
༣༡ | ཀ་སྦུག་གཞིས་གྲོང་དང་པོའི་སྔོན་འགྲོའི་སློབ་གྲྭ། | སྔོན་འགྲོ། | ནུབ་བྷང་གལ་མངའ་སྡེ། |
༣༢ | མ་ཅིང་ཊི་ལ་བསམ་ཡས་གླིང་སྔོན་འགྲོའི་སློབ་གྲྭ། | སྔོན་འགྲོ། | རྒྱལ་ས་ལྡི་ལི། |
༣༣ | མ་ཅིང་ཊི་ལ་བསམ་ཡས་གླིང་སྔོན་འགྲོའི་སློབ་གྲྭ། | སྔོན་འགྲོ། | རྒྱལ་ས་ལྡི་ལི། |
༣༤ | ཀལ་མན་གྲོང་དོན་གྲུབ་གླིང་སྔོན་འགྲོའི་སློབ་གྲྭ། | སྔོན་འགྲོ། | ཨུཏ་རན་ཅལ་མངའ་སྡེ། |
༣༥ | ཀལ་མན་གྲོང་དོན་གྲུབ་གླིང་སྔོན་འགྲོའི་སློབ་གྲྭ། | སྔོན་འགྲོ། | ཨུཏ་རན་ཅལ་མངའ་སྡེ། |