སཾ་བྷོ་ཊ་བོད་གཞུང་སློབ་གྲྭའི་སྤྱི་ཁྱབ་ཡིག་ཚང་འདི་བཞིན་བོད་གཞུང་ཤེས་རིག་ལས་ལས་ཁུངས་ཀྱིས་གལ་ཆེའི་དགོས་པ་རྒྱུ་མཚན་ལ་གཟིགས་ཏེ། སཾ་བྷོ་ཊ་བོད་གཞུང་སློབ་གྲྭའི་འགན་འཛིན་ལྷན་ཚོགས་ཀྱི་ཐག་གཅོད་འོག ཕྱི་ལོ་༡༩༩༩ ལོའི་ཟླ་༦ ཚེས་༡༦ ཉིན་དངོས་སུ་གསར་འཛུགས་གནང་བ་ཞིག་རེད། དེ་ཡང་ཐོག་མར་བོད་མི་རྣམས་བཙན་བྱོལ་དུ་འབྱོར་རྗེས་རྒྱ་གར་གཞུང་གི་རོགས་སྐྱོར་འོག་བོད་སློབ་འཛིན་སྐྱོང་ཚོགས་པ་གསར་འཛུགས་དང་ཆབས་ཅིག བཙན་བྱོལ་བོད་གཞུང་ངམ་རོགས་ཚོགས་གང་རུང་ནས་མི་རྒྱུ་དངོས་གསུམ་གྱི་འགྲོ་གྲོན་ཐབས་འཚོལ་གྱིས་བོད་ཕྲུག་ཁྱིམ་སྡེ་དང་བལ་ཡུལ་གངས་ཅན་བདེ་རྩ་སོགས་སློབ་ཁག་རིམ་བཞིན་འཛུགས་སྐྱོང་གནང་ཡོད། སྡེ་ཁག་དེ་དག་ནང་མ་ཐེ་བར་ས་གནས་བོད་མིའི་རེ་འདུན་དང་དགོས་མཁོར་གཟིགས་ཏེ་བོད་གཞུང་ཤེས་རིག་ལས་ཁུངས་ནས་དུས་སྐབས་སོ་སོར་གསར་འཛུགས་དང་འབྲེལ་མ་དངུལ་འགྲོ་གྲོན་བཏང་སྟེ་ཐད་ཀར་གཟིགས་རྟོག་གནང་ཡུལ་སློབ་གྲྭ་ཁག་ལ། ཕྱིས་སུ་ཤེས་རིག་ཐད་འཛིན་སློབ་གྲྭ་ཞེས་པའི་མིང་ཆགས།
ཕྱི་ལོ་༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་གཏན་འབེབས་གྲུབ་པ་དང༌། བཅའ་ཁྲིམས་དགོངས་དོན་དང་འབྲེལ་ཡོད་དོན་གནས་ཁག་ལག་བསྟར་དོན་འཁྱོལ་ཡོང་ཐབས་སུ་ཤེས་རིག་ལས་ཁུངས་ནས་འབད་བརྩོན་རིམ་པ་བགྱིས་འབྲས་སུ། ཕྱི་ལོ་༡༩༩༩ ལོར་ཤེས་རིག་ལས་ཁུངས་ཀྱིས་ད་སྔ་བར་གྱི་ལས་དོན་བསྐྱར་ཞིབ་ཀྱིས། དབུས་བློན་ཆེན་ལས་ཁུངས་ནས་ཁྱབ་ཁོངས་སློབ་ཁག་ཅིག་ལ་ཐད་ཀར་འཛིན་སྐྱོང་གནང་བ་དེས་ལྷན་ཁང་རང་གི་ལས་དོན་དངོས་གཞིར་ཤུགས་རྐྱེན་འབྱུང་གཞི་མ་ཟད། སྤྱི་ཚོགས་ཁྲོད་ཤེས་རིག་ཁྱབ་ཁོངས་སློབ་གྲྭ་ཞེས་ཟུར་དུ་མཚན་བརྗོད་ངོས་འཛིན་ཞུ་མུས་དེས་ཀྱང་ཤེས་རིག་ལས་ཁུངས་དེ་བཞིན་བོད་མིའི་སློབ་གྲྭ་སྤྱིའི་ཤེས་ཡོན་དང་སྲིད་བྱུས་སྟངས་འཛིན་བཀོད་ཁྱབ་བྱེད་པོ་ཡིན་པའི་སྣང་བརྙན་ཞིག་གི་ལྟ་ཚུལ་ལ་གོ་ནོར་ཐེབས་པའི་རྒྱུར་འགྱུར་སྲིད་ལ། ལྷག་པར་བཙན་བྱོལ་བོད་གཞུང་གི་བཅའ་སྒྲིག་དང་གནས་ལུགས་གང་ཅིར་འཚམས་མིན་ངོས་ཟིན་སྔར་ཡོད་བཞིན། སྐབས་དེའི་བཀའ་ཤག་དང་འབྲེལ་ཡོད་འགན་འཁུར་བ་རྣམས་གོ་བསྡུར་སྦྱང་བཤད་རིམ་པར་གནང་མཐར། བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་ཐད་ཀར་འཛིན་སྐྱོང་འོག་ཏུ་ཡོད་པའི་གཞི་རིམ་སློབ་གྲྭའི་སློབ་ཕྲུག་ཚོའི་ཤེས་ཡོན་སློབ་གསོ་དང༌། མཐུན་རྐྱེན་མཁོ་སྤྲོད། འཛིན་སྐྱོང་སྟངས་འཛིན་སོགས་ཀྱི་ལས་དོན་རྣམས་སྔར་ལྷག་ཚགས་ཚུད་ཡར་རྒྱས་ཡོང་ཐབས་སླད་སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་ཡིག་ཚང་འདི་གསར་འཛུགས་གནང་བ་ཞིག་རེད། དེའི་འགན་དབང་ནི་རང་ཁོངས་གཏན་ཉིན་སློབ་གྲྭ་ཁག་གི་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུས་མཚོན་དགེ་རྒན་ལས་བྱེད་གསར་བསྐོ་དང་གནས་སྤོ་སོགས་འཛིན་སྐྱོང་གི་འགན་དབང་ཆ་ཚང་ཡོད།
འདས་པའི་ཉམས་མྱོང་ཁྲོད་འཛིན་སྐྱོང་ནི་ཤེས་ཡོན་ལས་དོན་ཡོངས་རྫོགས་ཚགས་ཚུད་འབྱུང་མིན་གྱི་སྲོག་རྩ་ལྟ་བུ་ཡིན་སྟབས། ཤེས་རིག་སློབ་གྲྭ་ཁག་སཾ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭའི་ངོ་བོར་འགྱུར་འཕྲལ། དེ་དག་གི་འཛིན་སྐྱོང་ལས་གཞིར་ཞིབ་འཇུག་ཀྱིས་ཡར་རྒྱས་ཚགས་ཚུད་དང༌། ལྷག་པར་སློབ་གྲྭ་དེ་དག་རྒྱ་གར་གྱི་ས་གནས་གང་སར་ཁ་ཐོར་དུ་ཡོད་པས་ཡིག་འགྲུལ་གྱི་ལམ་ནས་འཛིན་སྐྱོང་བཀོད་མངགས་ཞུ་དགོས་པར་བརྟེན། འབྲེལ་གཏུགས་དང་ཡིག་ཆ་ཉར་ཚགས་ལེགས་པོ་ཡོང་ཆེད་སློབ་གྲྭ་སོ་སོའི་ཡིག་ཆ་ཉར་སྟངས་མི་འདྲ་བས་ཡིག་ཆ་འཚོལ་མི་བདེ་བ་དང༌། སྐབས་རེར་བོར་བརླག་སོང་བ་སོགས་ཀྱི་སྣང་ཚུལ་ལ་འགྱུར་བ་གཏོང་ཆེད། སཾ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་ནས་ཁྱབ་ཁོངས་སློབ་གྲྭའི་ཡིག་ཚང་ཡོངས་ཀྱི་ཡིག་སྣོད་རྣམ་གྲངས་གཏན་འབེབས་ཀྱིས་གཅིག་འགྱུར་བཟོས་པ་མ་ཟད། དེ་དག་བདག་ཉར་བྱེད་ཕྱོགས་ལ་དམིགས་བསལ་སྦྱོང་བརྡར་ཡང་ཕུལ་བས། ད་ལྟའི་ཆར་སློབ་གྲྭ་ཆ་ཚང་ལ་ཡིག་ཆ་ཉར་ཚགས་ཐད་ཡར་རྒྱས་སོང་བ་བརྒྱུད་སྤྱིའི་འཛིན་སྐྱོང་ཐོག་ཤུགས་རྐྱེན་མངོན་སུམ་དུ་ཐེབས་ཡོད།
དེ་སྔ་སྔོན་འགྲོའི་དགེ་རྒན་གྱི་གྲུབ་ཆ་སྣ་ཚོགས་ཤིག་ཡོད་པར་བརྟེན། སློབ་མའི་ཤེས་ཚད་ཀྱང་སྙོམས་པོ་མེད་པས་དེ་དག་ལེགས་བཅོས་ཀྱིས་གཅིག་མཚུངས་སྤྱི་སྙོམས་ཡོང་སླད་ཁྱབ་ཁོངས་སློབ་ཁག་གི་སྔོན་འགྲོའི་དགེ་རྒན་ཚོར་མོན་ཊེ་སོ་རི་སློབ་འཁྲིད་ཐབས་ཚུལ་དང༌། སློབ་འཁྲིད་ཡོ་བྱད་བཟོ་སྟངས་སོགས་ལ་དུས་ཡུན་ཉིན་གྲངས་སུམ་ཅུའི་ཟབ་སྦྱོང་གོ་སྒྲིག་བྱས། འཛིན་རིམ་དང་པོ་ནས་ལྔ་པ་བར་གྱི་སློབ་འཁྲིད་བྱེད་ཕྱོགས་དང༌། སློབ་གཞི་གཏན་འབེབས། བརྒྱ་ཆ་སྤྲོད་ཕྱོགས་བཅས་ཀྱི་རྩ་འཛིན་རེའུ་མིག་ཀྱང་གསར་བཟོ་བྱས། སྤྱི་ཁྱབ་ཡིག་ཚང་དུ་ལས་བྱེད་འདང་ངེས་མེད་ཀྱང་དམིགས་བསལ་དགོས་མཁོར་གཞིགས་ནས་ཤེས་ལྡན་མི་སྣ་ཁག་ལ་རེ་སྐུལ་ཞུས་ཏེ་འཛིན་རིམ་ལྔ་པ་མན་གྱི་སློབ་མའི་སྐད་ཡིག་གི་གནས་ཚད་ཡར་རྒྱས་དང༌། སེམས་ཀྱི་ཀུན་སློང་བཟང་ཕྱོགས་སུ་འཚར་ལོངས་ཡོང་ཆེད། རྒྱལ་བའི་གསུང་རབ་ལས་མི་དགེ་བ་བཅུའི་བསླབ་བྱ་ལྡན་པའི་བོད་ཡིག་བརྙན་དེབ་དེབ་ཕྲེང་རྩོམ་སྒྲིག་དཔར་འགྲེམས་དང༌། སློབ་འཁྲིད་རྩེད་ཆས་སྣ་ཚོགས་ཤིག་གསར་བཟོ་དང་འགྲེམས་སྤེལ་བྱས། འཛིན་རིམ་དྲུག་པ་དང༌། བདུན་པ། བརྒྱད་པ་བཅས་པའི་སྐད་ཡིག་(བོད་ཡིག་)ཡར་རྒྱས་གཏོང་སླད་འབྲེལ་ཡོད་དགེ་རྒན་རྣམས་མཉམ་འཛོམས་ཀྱིས་དགོས་གལ་ལ་གཞིགས་པའི་སློབ་ཚན་ཁག་གི་གོ་རིམ་བསྒྲིགས་ཏེ་ལོ་འཁོར་མའི་སློབ་གཞི་གཏན་འབེབས་ཀྱིས་རྩ་འཛིན་ཡིག་ཆ་ལག་བསྟར་དང་དེར་གཞི་བཅོལ་ཏེ་ཁྱབ་ཁོངས་སློབ་གྲྭའི་འཛིན་རིམ་དྲུག་པ་དང༌། བདུན་པ། བརྒྱད་པ་བཅས་ཀྱི་ཡིག་ཚད་ཆེ་ཁག་གསུམ་གཅིག་གྱུར་བྱས་དང་བྱེད་མུས་ཡིན། འཛིན་རིམ་ལྔ་པ་དང༌། དྲུག་པ། བདུན་པ། བརྒྱད་པ། དགུ་པ། བཅུ་པ་བཅས་ལ་འཛིན་གྲྭ་སོ་སོར་གཞིགས་པའི་ཀམ་པུ་ཊར་གྱི་རྨང་གཞིའི་སློབ་སྦྱོང་སྤྲད།
བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་དངོས་སུ་ལག་བསྟར་བྱས་རྗེས། གཞི་རིམ་འོག་མའི་སློབ་མ་རྣམས་ཀྱི་བོད་ཡིག་ཡིག་གཟུགས་ཡར་རྒྱས་གཏོང་ཆེད་སྦྱང་ཤིང་སྟེང་བོད་ཡིག་ཡིག་གཟུགས་སྦྱོང་བརྡར་བྱ་རྒྱུས་མཚོན་བོད་ཀྱི་སྲོལ་རྒྱུན་ཀྱི་ལེགས་ཆ་ཁག་དར་སྤེལ་གཏོང་ཐབས་དང་གཞི་རིམ་སློབ་མའི་སྐད་ཡིག་ཡར་རྒྱས་གཏོང་རྒྱུར་དམིགས་བསལ་གྱི་དོ་སྣང་དང་ཤུགས་སྣོན་བརྒྱབ་ཡོད། སློབ་གྲྭ་ཁག་གི་རྩིས་ཁྲ་གཙང་མ་དང་ཁ་གསལ་ལྟ་བདེ་ཡོང་སླད། ཕྱི་ལོ་༢༠༠༥ ལོར་ཁྱབ་ཁོངས་སློབ་གྲྭ་ཚང་མའི་རྩིས་པ་བསྡུ་སྐོང་གིས་རྩིས་ཁྲ་ཉར་ཕྱོགས་སྐོར་ཊེ་ལི་(Tally)ཟབ་སྦྱོང་ཕུལ། དེ་བཞིན་ཁྱབ་ཁོངས་སློབ་ཁག་གི་དགེ་རྒན་ཚོའི་ཤེས་ཚད་རྒྱུན་མཐུད་ཡར་རྒྱས་གཏོང་སླད་བོད་གཞུང་ཤེས་རིག་ལས་ཁུངས་ལས་ཟབ་སྦྱོང་ནམ་མཆིས་ལ་འབྲེལ་ཡོད་དགེ་རྒན་མང་ཉུང་ལ་མ་ལྟོས་པར་ཆ་ཤས་འབུལ་ཐུབ་ཐབས་ཀྱི་འབད་བརྩོན་ཞུ་མུས་ལ་བརྟེན། ད་བར་སློབ་ཁག་དགེ་རྒན་ཟབ་སྦྱོང་གནང་མ་མྱོང་མཁན་ཕལ་ཆེར་མེད་ཅིང༌། ཟབ་སྦྱོང་ནང་ཆ་ཤས་ལེན་མཁན་ཚོས་ཀྱང་རང་ལ་ཤེས་བྱ་གསར་པ་གང་དང་གང་ཤེས་པ་རྣམས་ས་གནས་སུ་ཕེབས་རྗེས་དགེ་རྒན་གཞན་རྣམས་ལ་ཡང་ཉམས་མྱོང་སྤེལ་རེས་དང༌། སློབ་མའི་ཐོག་ལག་བསྟར་གང་ཐུབ་བྱས་པས། སློབ་མ་ཚོའི་ཤེས་ཡོན་གྱི་གནས་སྟངས་ཀྱང་དེ་སྔ་དང་བསྡུར་ན་ཡར་རྒྱས་མངོན་གསལ་དོད་པོ་སོང་ཡོད།
ད་ལྟའི་ཆར་སཾ་བྷོ་ཊ་བོད་གཞུང་སློབ་གྲྭའི་སྤྱི་ཁྱབ་ཡིག་ཚང་གི་ཁྱབ་ཁོངས་གཏན་ཉིན་སློབ་གྲྭ་ཁག་ལ་མཚོན་ན། འཛིན་རིམ་བཅུ་གཉིས་ཡོད་པའི་སློབ་གྲྭ་སྤོན་ཊ་གཏན་སློབ་དང༌། འཛིན་རིམ་བཅུ་པ་བར་ཡོད་པ་བྷུན་ཏར་གཏན་སློབ། འཛིན་རིམ་བརྒྱད་པ་བར་ཡོད་པ་སྒང་ཏོག་གཏན་སློབ། ཅོན་ཏ་ར་གཏན་སློབ། བདེ་སྐྱིད་གླིང་ཉིན་སློབ། འཛིན་རིམ་ལྔ་པ་བར་ཡོད་པ་ཤིས་ལོངས་གཏན་སློབ། སྤོག་ར་སྦོང་གཏན་སློབ། སྦིར་ཉིན་སློབ། སྤུ་རུ་ཝ་ལ་ཉིན་སློབ། མ་ན་ལི་ཉིན་སློབ། སྔོན་འགྲོ་ནས་འཛིན་རིམ་གཉིས་པ་བར་ཡོད་པ་གངས་སྐྱིད་ཉིན་སློབ། བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ལག་བསྟར་དཔེ་སྟོན་བྱེད་པའི་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་ད་ཆ་འཛིན་རིམ་དྲུག་པ་བར་སླེབས་ཡོད།
སམ་བྷོ་ཊ་བོད་གཞུང་སློབ་གྲྭ།
སྤོན་ཊ་སམ་བྷོ་ཊ་གཏན་སློབ།
དཀར་ཆག
༡། འགོ་འཛུགས།
༢། འཕེལ་རིམ་རགས་བསྡུས།
༣། སློབ་འཇུག་དང་སློབ་ཐོན་གྲུབ་འབྲས།
༤། མ་སྐད་སློབ་ཁྲིད་ཀྱི་ལས་རིམ་ལག་བསྟར།
༥། ཤེས་ཡོན་སྲིད་བྱུས་ལག་བསྟར།
༦། གལ་ཆེན་མི་སྣ་གདན་ཞུའི་ལས་རིམ།
༡། འགོ་འཛུགས།
སྤོན་ཊ་གཏན་འཇགས་སློབ་གྲྭ་འདི་བཞིན་ཐོག་མ་ཕྱི་ལོ་༡༩༦༨ ལོར་གསར་འཛུགས་གནང་ཡོད། སྐབས་དེར་སློབ་ཕྲུག་གྲངས་འབོར་ལྔ་བཅུ་དང་དགེ་ལས་བཞི་ཙམ་ལས་མེད། ཕྱི་ལོ་༢༠༠༨ ནང་ད་ཡོད་སློབ་ཕྲུག་གྲངས་༤༡༣ དང་དགེ་ལས་གྲངས་༥༥ བཅས་ཡོད།
༢། འཕེལ་རིམ་རགས་བསྡུས།
སློབ་གྲྭ་འདི་ཐོག་མར་ཕྱི་ལོ་༡༩༦༨ ལོར་བོད་མིའི་བཟོ་ལས་གཞིས་ཆགས་ཚོགས་པ་(TIRS)ནས་གསར་འཛུགས་གནང་སྐབས་དམའ་རིམ་བར་གྱི་སློབ་ཕྲུག་གྲངས་༥༠ དང་དགེ་ལས་གྲངས་༤ ཙམ་ལས་མེད། དེ་སྐབས་སུ་སློབ་ཕྲུག་རྣམས་ས་གནས་གཞིས་ཆགས་ཁོངས་ནས་ཉིན་སློབ་ཏུ་བཏང་ཡོད། སྐབས་དེར་ཕྱི་སྣོད་འཛུགས་སྐྲུན་གྱི་ཆ་རྐྱེན་ཞན་པ་མ་ཟད་མཐུན་རྐྱེན་དགོས་དངུལ་སོགས་ཀྱི་དཀའ་ངལ་མང་དག་འཕྲད་ཡོད། འོན་ཀྱང་མ་སུ་རི་བོད་ཁྱིམ་ནས་སློབ་གྲྭ་འདི་ཕྱི་ལོ་༡༩༧༧ ལོར་རྩིས་བཞེས་གནང་རྗེས། ལྕམ་སྐུ་ཀི་རི་སི་ཀྲ་ཀཱ་རབ་ཀྲི་(Mrs. Krista kraft)མཆོག་དང་འབྲེལ་བ་བྱུང༌། དེ་ནས་བཟུང་སློབ་གྲྭ་འདིའི་འཛུགས་སྐྲུན་གྱི་ལས་གཞི་འགོ་འཛུགས་ཀྱི་དུས་རིམ་གསར་པ་ཞིག་ཤར། རོགས་ཚོགས་བརྒྱུད་ནས་ཐོག་མ་འཛིན་ཁང་དང་ཉལ་ཁང་གསར་རྒྱག་བྱས་པ་མ་ཟད། རིམ་བཞིན་ཤེས་ཡོན་གནས་ཚད་ཡང་འཛིན་གྲྭ་བརྒྱད་པ་བར་ཚུགས་ཐུབ་པ་བྱུང་ཡོད། ཕྱི་ལོ་༡༩༨༤ ཙམ་ལ་སློབ་གྲྭ་འདི་མ་སུ་རི་བོད་ཁྱིམ་བརྒྱུད་ནས་བོད་གཞུང་ཤེས་རིག་ལས་ཁུངས་ལ་རྩིས་འབུལ་ཞུས་རྗེས། རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་ཐད་ཀར་འཛིན་སྐྱོང་འོག་ཕྱི་ལོ་༡༩༨༩ ནས་༡༩༩༢ བར་འཛིན་ཁང་༡༣ ཡོད་པའི་གཞི་རིམ་བར་མའི་སློབ་ཁང་གསར་རྒྱག་གནང༌། ཕྱི་ལོ་༡༩༩༢ ལོར་འཛིན་རིམ་དགུ་པ་བར་གྱི་ཤེས་ཡོན་གནས་ཚད་སྤར་ཆ་གནང༌། དབུས་བོད་སློབ་འཛིན་ཚོགས་ནས་རོགས་སྐྱོར་སློབ་གྲྭར་(Grant-in aid)ངོས་འཛིན་གྱིས་ཕྱི་ལོ་༢༠༠༨ ཟླ་༦ བར་དགེ་རྒན་གཉིས་ཀྱི་
གསོལ་ཕོགས་གནང་ཡོད། ད་ལྟའི་ཆར་བོད་སློབ་འཛིན་ཚོགས་ཀྱི་རོགས་སྐྱོར་ཁོངས་སུ་རི་མོའི་དགེ་རྒན་གཅིག་ལས་མེད། བོད་གཞུང་ཤེས་རིག་ལས་ཁུངས་ནས་ཉི་ཧོང་གི་རོགས་ཚོགས་འགན་འཛིན་སྐུ་ཞབས་ཧི་རོ་སུ་ཀི་ཡ་སུ་ལགས་(Sukeyasu, Japan)སློབ་གྲྭ་འདིར་ངོ་སྤྲོད་ཀྱིས་འབྲེལ་བ་ཐོག་མ་བྱུང་བ་ནས་བཟུང༌། རོགས་ཚོགས་དེ་བརྒྱུད་སྤོན་ཊ་གཏན་སློབ་ཀྱི་སློབ་ཕྲུག་ཕལ་མོ་ཆེ་ལ་སློབ་ཡོན་དང་ཨར་ལས། ཤེས་ཡོན་བཅས་ཀྱི་རོགས་རམ་ད་བར་གནང་བཞིན་ཡོད། དེ་ནས་སློབ་གྲྭ་འདི་རིམ་བཞིན་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་(Central Board of Secondary Education, New Delhi)ནས་ཕྱི་ལོ་༡༩༩༢ ལོར་འཛིན་གྲྭ་བཅུ་པའི་ངོས་འཛིན་ཆོག་མཆན་ཐོབ་སྟེ། ཕྱི་ལོ་༡༩༩༤ ལོར་ཐེངས་དང་པོའི་འཛིན་རིམ་བཅུ་པ་སློབ་མཐར་ཕྱིན། འདས་པའི་ལོ་ཤས་ནང་སློབ་གྲྭ་འདི་ལོ་རེ་བཞིན་སློབ་ཕྲུག་ཇེ་མང་དུ་སོང་བ་དང༌། དགེ་ལས་རིམ་བཞིན་འཕར་སྣོན་བྱུང་སྟེ་འཛིན་ཁང་དང་ལས་ཤག་སོགས་འདང་ངེས་མེད་པའི་དཀའ་ངལ་རིམ་འཕྲད་རྐྱེན་གྱིས་བོད་གཞུང་ཤེས་རིག་ལས་ཁུངས་ནས་དགོངས་པ་ཆེ་བཞེས་ཀྱིས་རོགས་ཚོགས་བརྒྱུད་སློབ་གྲྭ་འདིར་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེར་བསྐྲུན་ཡོད་པ་ལས་གཙོ་བོ་ཁག་གཤམ་གསལ། ཀ) ཕྱི་ལོ་༡༩༩༥ ནས་༢༠༠༠ བར་སློབ་གྲྭའི་འཛིན་ཁང་ཆེ་བ་ཁག་གཉིས། བུ་མོའི་ཉལ་ཁང༌། སློབ་གྲྭའི་ཚོགས་ཁང་དང་ཐབ་ཚང༌། སློབ་གྲྭའི་དཔེ་མཛོད་ཁང་དང་ཚན་རིག་རྟག་དཔྱད་ཁང༌། སློབ་གྲྭའི་ལས་ཁུངས། སྨན་ཁང༌། དགེ་རྒན་ལས་ཤག སློབ་སྤྱིའི་ལས་ཤག་དང་མགྲོན་ཁང་བཅས་ཀྱི་ཨར་པོའི་ལས་གཞི་འཛུགས་སྐྲུན་གསར་རྒྱག་བཅས་ཞུས། ལོ་རེ་བཞིན་སློབ་གྲྭ་འདི་རྒྱ་བསྐྱེད་དང་མཉམ་དུ་ཤེས་ཡོན་མཐུན་རྐྱེན་ཐོག་ལའང་ཡར་རྒྱས་བྱུང་བའི་ཐོག ཕྱི་ལོ་༡༩༩༧ ལོར་སླར་ཡང་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་སྐྲསྐྱྔཁྱནས་འཛིན་གྲྭ་བཅུ་གཉིས་ངོས་འཛིན་ཆོག་མཆན་གནང་རྗེས། ཕྱི་ལོ་༡༩༩༩ ལོར་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་གཏོང་མཁན་སློབ་ཕྲུག་ཐོན་ཐེངས་དང་པོ་དེ་ཆགས་ཡོད། ཁ) རྒྱ་ཆེའི་དགེ་ལས་ཡོངས་ཀྱི་ལྷག་བསམ་འགན་ཁུར་དང༌། སློབ་ཕྲུག་རང་ངོས་ཀྱི་འབད་བརྩོན་ལ་བརྟེན་ལོ་ལྟར་སློབ་གྲྭ་འདིའི་ཡིག་རྒྱུགས་གྲུབ་འབྲས་ལེགས་པོ་ཐོན་ཡོད་པའི་ཁར། འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་གྲུབ་འབྲས་ལོ་ལྟར་ཇེ་བཟང་ཇེ་ལེགས་སུ་འགྲོ་བཞིན་ཡོད། ཕྱི་ལོ་༢༠༠༨ རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་སྐབས་རྒྱུགས་འཕྲོད་གནས་ཚད་སྔ་ལོ་བཞིན་བརྒྱ་ཆ་༡༠༠ ལོན་ཞིང༌། ཕྱི་ལོ་༢༠༠༩ ལོའི་འཛིན་རིམ་བཅུ་གཉིས་པའི་རྒྱལ་ཡོངས་ཡིག་རྒྱུགས་སྐབས་རྒྱུགས་འཕྲོད་བརྒྱ་ཆ་༩༥་༩༢ ཟིན་ཡོད། དེ་བཞིན་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་སྐབས་རྒྱུགས་འཕྲོད་བརྒྱ་ཆ་༨༨་༤༦ ཡིན་པ་དང༌། ཕྱི་ལོ་༢༠༠༩ ལོའི་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་སྐབས་རྒྱུགས་འཕྲོད་བརྒྱ་ཆ་༩༢་༨༦ ཟིན་ཡོད། ལོ་འདི་ནང་བོད་པའི་སྤྱི་ཚོགས་ནང་སློབ་གྲྭ་གྲངས་༢༦ ནང་ནས་ཨང་རིམ་༡༥ ནང་ཚུད་ཡོད། སློབ་གྲྭ་འདི་བཞིན་བོད་མིའི་སྤྱི་ཚོགས་ནང་ཆེ་མཐོང་ཐོབ་པའི་སློབ་གྲྭ་ཞིག་ཡིན་སྟབས་འདི་ནས་སློབ་མཐར་ཕྱིན་པའི་སློབ་ཕྲུག་ཚོའི་ཤེས་ཡོན་གནས་ཚད་དང་ཡ་རབས་ཀུན་སྤྱོད་སོགས་ལ་བསྔགས་བརྗོད་ཐོབ་བཞིན་ཡོད།
ག) སློབ་གྲྭའི་ལོ་རེ་སློབ་དུས་ཕྱི་ཟླ་དང་པོ་ནས་འགོ་འཛུགས་ཀྱི་ཡོད་ཅིང༌། གཏན་སློབ་ཁོངས་སུ་ཉལ་ཁང་གི་མཐུན་རྐྱེན་སྤྲོད་དགོས་པའི་སློབ་ཕྲུག་གསར་འཇུག་ཇི་དགོས་ལ་བོད་གཞུང་ཤེས་རིག་ལས་ཁུངས་ནས་ངོས་སྦྱོར་ཞུ་སྕལ་བྱུང་རྗེས་ཕྱི་ཟླ་དང་པོའི་ནང་ཤེས་རིག་ལས་ཁུངས་ཀྱི་སློབ་འཇུག་སྒྲིག་གཞིའི་དགོངས་དོན་ལྟར་ཚུད་རྒྱུགས་ཀྱི་ལམ་ནས་ས་མིག་གཞིར་བཟུང་ཨང་རིམ་རྩེ་བཏོགས་ཀྱིས་སློབ་འཇུག་བྱེད་མུས་ཡིན། སློབ་གྲྭ་འདིའི་སློབ་ཕྲུག་ཚོའི་སྡོད་ཁང་དང༌། ཟས་གོས་གནས་མལ་སོགས་ཀྱི་མཐུན་རྐྱེན་ཆ་ཚང་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་སམ་བྷོ་ཊ་བོད་སློབ་སྤྱི་ཁྱབ་ཡིག་ཚང་བརྒྱུད་ནར་གཏོང་གནང་བཞིན་ཡོད། ང) བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་བཀའ་ཡིག་ཨང་DOE Order No 4/TS(13)99 DOE 45.P dtd. 25/5/99དགོངས་དོན་བཞིན། ཤེས་རིག་ཐད་འཛིན་སློབ་ཁག་གི་ཤེས་ཡོན་དང་འཛིན་སྐྱོང་ལས་དོན་ཚགས་ཚུད་ཡོང་སླད་དུ་སམ་བྷོ་ཊ་བོད་གཞུང་སློབ་གྲྭའི་སྤྱི་ཁྱབ་ཡིག་ཚང་ཞེས་པའི་བོད་སློབ་འཛིན་སྐྱོང་ལྷན་ཚོགས་ཤིག་༡༩༩༩།༦།༡༦ ཉིན་གསར་འཛུགས་གནང༌། སློབ་གྲྭའི་འཛིན་སྐྱོང་དང་འབྲེལ་བའི་ལས་དོན་ཐ་དག་རིགས་ཡིག་ཚང་འདི་ཉིད་ནས་ཐད་ཀར་གཟིགས་རྟོག་དང་སྟངས་འཛིན་གནང་གི་ཡོད། སམ་བྷོ་ཊ་བོད་གཞུང་སྤྱི་ཁྱབ་ཡིག་ཚང་མངའ་འོག་ཏུ་སློབ་གྲྭ་གྲངས་༡༢ ཡོད་ཁོངས་ནས་སྤོན་ཊ་སློབ་གྲྭ་ཁོ་ནར་འཛིན་རིམ་བཅུ་གཉིས་ཀྱི་མཐུན་རྐྱེན་སྦྱོར་སྤྲོད་བྱས་ཡོད། སློབ་གྲྭའི་རོལ་དབྱངས་སྦྱོང་བརྡར་ཁང་གི་ནང་ཕྱི་ལོ་༡༩༩༠ ནས་བཟུང་ད་བར་མཁོ་སྒྲུབ་བྱས་པའི་སྒྲ་སྙན་ཆེ་ཆུང་དང༌། པི་ཝང་ཆེ་ཆུང༌། རྔ་ཆེན། རྒྱུད་མངས་སོགས་རོལ་ཆ་བརྒྱ་ཕྲག་ལྷག་དང༌།
བོད་ཀྱི་ཡུལ་ལུང་སོ་སོའི་སྲོལ་རྒྱུན་གྱོན་ཆས་དང༌། རྒྱན་ཆ། འཁྲབ་ཆས་སོགས་༣༣༥ ལྷག་ཡོད་པ་དུས་ཆེན་དང་མཛད་སྒོའི་སྐབས་བཀོལ་སྤྱོད་བྱེད་མུས་ཡིན། དེང་སྐབས་སློབ་གྲྭ་འདིར་འཛིན་ཁང་༥ ཅན་གྱི་གཞི་རིམ་འོག་མའི་སློབ་ཁང་༡(༢༠༠༦) འཛིན་ཁང་༡༣ ཅན་གྱི་གཞི་རིམ་བར་མ་དང་གོང་མ་ཅན་གྱི་སློབ་ཁང་༡(༡༩༨༩།༡༩༩༢) སློབ་ཕྲུག་བུའི་ཉལ་ཁང་༥(༡༩༩༥།༣།༥) སློབ་ཕྲུག་བུ་མོའི་ཉལ་ཁང་༡༣(༡༩༩༨།༢༠༠༠།༩།༢༨) གཞི་རིམ་བར་མ་དང་གོང་མའི་དཔེ་མཛོད་ཁང༌།(༡༩༩༨) གཞི་རིམ་འོག་མའི་དཔེ་མཛོད་ཁང༌།(༢༠༠༦) གཞི་རིམ་བར་མ་དང་གོང་མའི་ཀམ་པུ་ཊར་སྦྱོང་བརྡར་ཁང༌།(༢༠༠༤) གཞི་རིམ་འོག་མའི་ཀམ་པུ་ཊར་སྦྱོང་བརྡར་ཁང༌།(༢༠༠༦) ཚན་རིག་བརྟག་དཔྱད་ཁང༌།(༡༩༩༣) སློབ་ཁྲིད་ཡོ་ཆས་བཟོ་སྐྲུན་ཁང༌།(༡༩༩༩) སྐད་ཡིག་སྦྱོང་བརྡར་ཁང༌།(༢༠༠༣) རོལ་དབྱངས་ཁང༌། རྩིས་རིག་སྦྱོང་བརྡར་ཁང༌།(༢༠༠༩) ཚོགས་ཁང༌།(༡༩༩༦) སྨན་ཁང༌།(༡༩༩༥) ཚལ་ཞིང༌། རྩེད་རིགས་ཁང་བཅས་ཀྱི་མཐུན་རྐྱེན་ཚང་བའི་ཐོག་སློབ་ཕྲུག་རྣམས་ཀྱི་ཕྱི་ནང་ཤེས་ཡོན་གོང་འཕེལ་སླད་ཕན་ཐོགས་དང་དགེ་མཚན་ཆེན་པོ་བྱུང་ཡོད། ཁྱད་པར་སློབ་ཕྲུག་ཚོའི་སྐད་ཡིག་སྦྱོང་བརྡར་དང༌། ཚན་རྩིས་བརྟག་དཔྱད། ཀམ་པུ་ཊར་བཀོལ་སྤྱོད་ཀྱི་ནུས་རྩལ་ཐད་གྲུབ་འབྲས་མི་དམན་པ་བྱུང་ཡོད།
༣། སློབ་འཇུག་དང་སློབ་ཐོན་གྲུབ་འབྲས།
རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ནས་ཕྱི་ལོ་༡༩༩༢ ལོར་འཛིན་རིམ་བཅུ་པ་དང༌། ཕྱི་ལོ་༡༩༩༩ ལོར་འཛིན་རིམ་བཅུ་གཉིས་པར་ངོས་འཛིན་ཐོབ་རྗེས་ནས་འདི་ལོ་༢༠༠༨ བར་འཛིན་གྲྭ་མཐའ་འཁྱོལ་བྱུང་བའི་སློབ་ཕྲུག་གྲངས་༤༨༤ བྱུང་བ་ལས། ཕྱི་ལོ་༡༩༩༤ ནས་༢༠༠༨ བར་འཛིན་རིམ་བཅུ་པ་ཐོན་རྗེས་ཚན་རིག་དང༌། རྩིས་རིག་ཁོངས་ཞུགས་པའི་སློབ་ཕྲུག་གྲངས་༢༥༡ དང༌། ཕྱི་ལོ་༡༩༩༩ ནས་༢༠༠༨ བར་གཞི་རིམ་གོང་མ་འཛིན་རིམ་བཅུ་གཉིས་ཀྱི་སྒྱུ་རྩལ་རིག་གནས་ཐོན་ཏེ་སློབ་མཐར་ཕྱིན་པའི་སློབ་ཕྲུག་གྲངས་༢༣༣ བཅས་ཁྱོན་བསྡོམས་སློབ་ཕྲུག་གྲངས་༤༨༤ མཐར་ཕྱིན་ཡོད། ཕྱི་ལོ་༡༩༩༦ ནས་༢༠༠༩ བར་འདས་པའི་ལོ་ངོ་༡༤ རིང་སྤོན་ཊ་གཏན་སློབ་ཀྱི་འཛིན་རིམ་བཅུ་པ་དང་བཅུ་གཉིས་པའི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་ཀྱི་གནས་སྟངས་གཤམ་གསལ།
ཕྱི་ལོ། | ༡༠ པའི་ཕྲུག་གྲངས། | རྒྱུགས་འཕྲོད། | ༡༢ པའི་ཕྲུག་གྲངས། | རྒྱུགས་འཕྲོད། |
༡༩༩༦ | ༢༨ | ༦༤་༠༢ | མེད། | ༈ |
༡༩༩༧ | ༣༠ | ༩༣་༠༣ | མེད། | ༈ |
༡༩༩༨ | ༤༡ | ༦༣་༤༡ | མེད། | ༈ |
༡༩༩༩ | ༤༢ | ༦༤་༢༨ | ༡༧ | ༩༤་༡༡ |
༢༠༠༠ | ༤༠ | ༦༢་༥༠ | ༡༨ | ༡༠༠་༠༠ |
༢༠༠༡ | ༤༩ | ༣༨་༧༨ | ༢༥ | ༨༨་༠༠ |
༢༠༠༢ | ༢༡ | ༩༥་༢༠ | ༡༧ | ༡༠༠་༠༠ |
༢༠༠༣ | ༦༡ | ༥༥་༧༣ | ༢༩ | ༩༦་༥༥ |
༢༠༠༤ | ༧༥ | ༤༤་༠༠ | ༡༡ | ༧༥་༦༠ |
༢༠༠༥ | ༦༩ | ༥༦་༥༢ | ༢༩ | ༩༦་༥༥ |
༢༠༠༦ | ༧༠ | ༥༨་༥༧ | ༢༢ | ༡༠༠་༠༠ |
༢༠༠༧ | ༦༠ | ༨༠་༠༠ | ༤༡ | ༡༠༠་༠༠ |
༢༠༠༨ | ༨༡ | ༨༨་༨༩ | ༢༥ | ༡༠༠་༠༠ |
༢༠༠༩ | ༥༡ | ༩༥་༩༢ | ༤༣ | ༩༢་༨༦ |
ཕྱི་ལོ་༡༩༨༩ ནས་༢༠༠༨ བར་འདས་པའི་ལོ་ངོ་༢༠ རིང་སྤོན་ཊ་བོད་གཞུང་ཤེས་རིག་སློབ་གྲྭ་འདིའི་ནང་སློབ་མའི་གྲངས་འབོར་གནས་སྟངས་གཤམ་གསལ།
༤། མ་སྐད་སློབ་ཁྲིད་ཀྱི་ལས་རིམ་ལག་བསྟར།
སློབ་གྲྭའི་ནང་ཐོག་མར་སློབ་ཚན་རྣམས་ཨིན་ཇིའི་སྐད་ཡིག་ཐོག་སློབ་འཁྲིད་བྱས་ཡོད་ནའང༌། ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོའི་བཀའ་སློབ་སྔ་རྗེས་དང༌། ཕྱི་ལོ་༡༩༩༡ ལོར་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་ལྟར། བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་བཀའ་རྒྱའི་དགོངས་དོན་བཞིན། ཕྱི་ལོ་༡༩༩༤ ལོར་ཤེས་ལྷན་དང་དབུས་བོད་སློབ་
འཛིན་ཚོགས་གཉིས་མཉམ་འབྲེལ་གྱིས་མ་སུ་རིར་གཞི་རིམ་འོག་མའི་དགེ་རྒན་ཟབ་སྦྱོང་གོ་སྒྲིག་གནང་བར་འཛུལ་ཞུགས་ཀྱིས་ལོ་དེར་འཛིན་གྲྭ་གསུམ་པ་བར་སློབ་ཚན་ཡོངས་རྫོགས་བོད་ཡིག་ཐོག་སློབ་འཁྲིད་ལག་བསྟར་འགོ་ཚུགས་བྱས། དེ་རྗེས་རིམ་བཞིན་འཛིན་གྲྭ་ལྔ་པ་བར་བོད་ཡིག་བརྒྱུད་ལམ་ཐོག་སློབ་འཁྲིད་བྱེད་བཞིན་ཡོད། རིམ་བཞིན་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་གཏན་འབེབས་ཟིན་རྗེས། སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་ཡིག་ཚང་གིས་བཀའ་ཡིག་ཨང་ཀ(༡༠) སཾ་བྷོ་ཊ།༢༠༠༦།༧༢༦ ཕྱི་ལོ་༢༠༠༦ ཟླ་༣ ཚེས་༢༣ འཁོད་ཕེབས་དགོངས་དོན་ལྟར། སྤོན་ཊ་གཏན་སློབ་འདིར་ཕྱི་ལོ་༢༠༠༦ ཟླ་༧ པ་ནས་བཟུང་གཞི་རིམ་འོག་མའི་སློབ་འཁྲིད་དཔལ་ལྡན་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་སྲིད་བྱུས་ལག་བསྟར་འགོ་འཛུགས་ཀྱིས་བོད་མི་རང་གི་ཁྱད་ཆོས་དང་མཐུན་པའི་སློབ་ཁྲིད་ཀྱི་ལྟ་གྲུབ་དང༌། ཤེས་ཡོན་གྱི་ངོས་འཛིན་དང་གདེང་འཇལ། རིག་གཞུང་གི་ཉིང་བཅུད་རྒྱུན་འཛིན་ཐོག་དེང་རབས་ཀྱི་ཚན་རྩལ་རིག་གནས་ལའང་སྦྱང་བརྩོན་ལྷོད་མེད་བགྱིས་ཏེ། སློབ་ཕྲུག་བྱེ་བྲག་པ་སོ་སོའི་ལུས་སེམས་ཀྱི་འཚར་ལོངས་གཞིར་བཟུང་ཐོག་ཤེས་ཡོན་སྤྲོད་ཐུབ་ཐབས་ཀྱིས་འབད་བརྩོན་ཞུ་བཞིན་ཡོད། སྤོན་ཊ་གཏན་སློབ་ཀྱི་འདས་པའི་ལོ་ངོ་ཉི་ཤུའི་རིང་སློབ་གྲྭའི་ཡིག་རྒྱུགས་གྲུབ་འབྲས་གནས་སྟངས།
ཕྱི་ལོ། | རྒྱུགས་འཕྲོད་བརྒྱ་ཆ།% | |
༡༩༨༧ | ༨༤་༢༩ | (འཛིན་གྲྭ་བརྒྱད་པ་བར།) |
༡༩༨༨ | (འཛིན་གྲྭ་བརྒྱད་པ་བར།) | |
༡༩༨༩ | ༧༦་༠༠ | (འཛིན་གྲྭ་བརྒྱད་པ་བར།) |
༡༩༩༠ | ༨༤་༠༠ | (གོང་འཁོད་བཞིན།) |
༡༩༩༡ | ༧༦་༣ | (གོང་འཁོད་བཞིན།) |
༡༩༩༢ | ༧༦་༠༠ | (འཛིན་གྲྭ་དགུ་པ་བར།) |
༡༩༩༣ | ༨༤་༡ | (གོང་འཁོད་བཞིན།) |
༡༩༩༤ | ༧༩་༠༠ | (གོང་འཁོད་བཞིན།) |
༡༩༩༥ | ༧༠་༠༠ | (གོང་འཁོད་བཞིན།) |
༡༩༩༦ | ༦༨་༣ | (གོང་འཁོད་བཞིན།) |
༡༩༩༧ | ༧༨་༨ | (གོང་འཁོད་བཞིན།) |
༡༩༩༨ | ༧༨་༨ | (འཛིན་རིམ་དང་པོ་ནས་༩།༡༡) |
༡༩༩༩ | ༧༥་༨ | (གོང་འཁོད་བཞིན།) |
༢༠༠༠ | ༧༨་༦ | (གོང་འཁོད་བཞིན།) |
༢༠༠༡ | ༧༨་༤ | (གོང་འཁོད་བཞིན།) |
༢༠༠༢ | ༨༠་༧ | (གོང་འཁོད་བཞིན།) |
༢༠༠༣ | ༨༧་༦ | (གོང་འཁོད་བཞིན།) |
༢༠༠༤ | ༨༦་༩ | (གོང་འཁོད་བཞིན།) |
༢༠༠༥ | ༨༨་༣༤ | (གོང་འཁོད་བཞིན།) |
༢༠༠༦ | ༩༣་༨ | (གོང་འཁོད་བཞིན།) |
༢༠༠༧ | ༩༣་༧༨ | (གོང་འཁོད་བཞིན།) |
༥། ཤེས་ཡོན་སྲིད་བྱུས་ལག་བསྟར།
ཕྱི་ལོ་༡༩༩༤ ལོ་ནས་བཟུང༌། བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་བཀའ་དགོངས་བཞིན་གཞི་རིམ་འོག་མའི་སློབ་ཚན་ཡོངས་རྫོགས་བོད་ཡིག་ཐོག་ཕབ་སྒྱུར་དང་སློབ་འཁྲིད་ལག་བསྟར་བྱས་པའི་ཉེར་ལེན་ལ་བརྟེན། དེང་སྐབས་སློབ་ཕྲུག་ཚོས་སྔར་ཤེས་དཀའ་བའི་ཚན་རིག་དང་རྩིས་རིག་སོགས་ཀྱི་སློབ་ཚན་ཡང་ཤེས་སླ་རུ་སོང་བ་དང༌། སློབ་ཚན་གྱི་ནང་དོན་དང་དགེ་རྒན་གྱི་འཆད་ཁྲིད་གོ་རྟོགས་ཇེ་མྱུར་དུ་ཕྱིན་པ་མངོན་སུམ་དུ་ཤེས་ཐུབ། དེར་བརྟེན་སློབ་ཚན་དེ་དག་ལ་དོ་སྣང་ཇེ་ཆེར་སོང་བ་དང་སློབ་སྦྱོང་ཐོག་སྤྲོ་སྣང་འཕེལ་བཞིན་ཡོད་པས་མ་ཚད། བོད་ཡིག་ཡིག་གཟུགས་དང་ཡི་གེ་འབྲི་ཀློག་ཡར་རྒྱས་ལ་ཕན་ཐོགས་ཆེན་པོ་བྱུང༌། ཕྱིའི་ཀུན་སྤྱོད་ཐོག་ལ་ཞུས་ན། རྒྱུན་དུ་སློབ་གྲྭའི་ཁོར་ཡུག་ནང་སློབ་ཕྲུག་ཕན་ཚུན་ཡ་རབས་བཟང་སྤྱོད་ཀྱི་ངང་ནས་ལྟ་བ་འཁྱེར་ཕྱོགས་ཀྱི་ཁོར་ཡུག་སྐྲུན་བཞིན་ཡོད་སྟབས། ཡ་རབས་ཀུན་སྤྱོད་འཁྱེར་ཕྱོགས་དང་སློབ་ཕྲུག་ནང་ཁུལ་མཐུན་ལམ་དང་བཀའ་མོལ་རིགས་ཞེ་སའི་ཐོག་གནང་དགོས་སོགས་ཀྱི་ཁྱད་པར་འགྲོ་བཞིན་འདུག ཤེས་ཡོན་སྲིད་བྱུས་ལམ་སྟོན་འོག་འཛིན་གྲྭ་དང་པོ་ནས་ལྔ་པ་བར་ཡིག་རྒྱུགས་ཨང་སྡེ་ལམ་ལུགས་(Grading system)ཐོག་བསྒྱུར་རྗེས་སློབ་ཕྲུག་རྣམས་ཡིག་རྒྱུགས་ལ་འཇིགས་སྣང་མེད་པའི་ཐོག་སོ་སོའི་ཁྱད་ནུས་ལ་དཔགས་པའི་ཡིག་རྒྱུགས་སྤྲོད་བཞིན་ཡོད།
༦། གལ་ཆེན་མི་སྣ་གདན་ཞུའི་ལས་རིམ།
སློབ་གྲྭ་འདི་འགོ་ཚུགས་ནས་ད་བར་བླ་ཆེན་ཁག་དང་གཞུང་འབྲེལ་མི་སྣ་ཁག་བཅས་ནས་སློབ་གྲྭ་རུ་གཟིགས་སྐོར་ཕེབས་པའི་གནས་ཚུལ་སྙིང་བསྡུས་ཙམ་བཀོད་ན། ཀ) བླ་ཆེན་ཁག་གདན་ཞུ། ཕྱི་ལོ་༡༩༩༥ ཟླ་༣ ཚེས་༥ ཉིན་ྋརྒྱལ་བའི་ཡུམ་ཆེན་དམ་པ་མཆོག་གི་སྐུའི་འཁྲུངས་ཚེས་ཉིན་མོར་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་འདི་ག་སྤོན་ཊ་གཏན་སློབ་ཏུ་ཆོས་ཕྱོགས་ཀྱི་མཛད་བཟང་གོང་འཕེལ་དང་བསོད་ནམས་ཀྱི་བགོ་སྐལ་དུ་ཇི་ལྟར་གསོལ་བ་བཏབ་པ་བཞིན། ཞལ་བཞེས་བཟང་པོ་ཐོབ་སྟེ་སློབ་གྲྭ་འདིར་ཞབས་སོར་འཁོད། ཉིན་དེར་གཏན་སློབ་ཀྱི་ཉལ་ཁང་གསར་པ་དབུ་འབྱེད་ཀྱི་རབ་གནས་བཀའ་དྲིན་སྩལ་བ་དང་ཆབས་ཅིག དགེ་ལས་སློབ་ཕྲུག་མང་ཚོགས་ལ་གང་བློ་མའི་ལྗགས་ལུང་སྕལ། དགེ་ལས་སོ་སོའི་རང་ཉིད་ངོས་ནས་ལས་འགན་ཧུར་ཐག་བྱ་དགོས་པ་དང༌། ལྷག་པར་སློབ་ཕྲུག་ཚོར་ཤེས་ཡོན་གལ་ཆེན་པོ་དང་སློབ་ཕྲུག་རང་ངོས་ནས་དུས་རྟག་ཏུ་སློབ་སྦྱོང་ལ་འབད་བརྩོན་ཤུགས་སྣོན་བྱེད་དགོས་པའི་བཀའ་སློབ་རིན་ཐང་བྲལ་བ་སྤྱི་སྕལ་བྱུང༌། ཕྱི་ལོ་༢༠༠༤ ཟླ་༤ ཚེས་༢ ཉིན་འདི་ག་སྤོན་ཊ་གཏན་སློབ་ཏུ་ས་སྔགས་བཀའ་བརྒྱུད་བསྟན་པའི་སྲོག་ཤིང་ྋརྒྱལ་བ་ཀརྨ་པ་དུས་གསུམ་མཁྱེན་པའི་སྐྱེ་རབས་ཀྱི་ཕྲེང་བ་འཛིན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་ཇི་ལྟར་གདན་ཞུའི་གསོལ་བ་བཏབ་པ་བཞིན་ཞབས་སོར་འཁོད་ནས་དགེ་ལས་སློབ་ཕྲུག་ས་གནས་མི་མང་དང་ཉེ་འཁོར་གཞིས་མི་བཅས་ལ་ཚེ་སྒྲུབ་ཀྱི་བཀའ་དབང་དང་ཆོས་ཕྱོགས་ཀྱི་བླང་དོར་བཀའ་སློབ་བཀའ་དྲིན་སྩལ། སློབ་གྲྭའི་ལས་ཤག་གསར་པར་རབ་གནས་གནང༌། ཕྱི་ལོ་༢༠༠༥ ཟླ་༣ ཚེས་༢༧ ཉིན་ྋའཇམ་མགོན་དཔལ་ས་སྐྱ་པའི་གདུང་རབས་འཛིན་པ་སྐྱབས་རྗེ་ས་སྐྱ་བདག་ཁྲི་རྡོ་རྗེ་འཆང་ཆེན་པོ་མཆོག་སྤོན་ཊ་གཞིས་ཆགས་སུ་དཔལ་ཞ་ལུ་དགོན་པའི་དབུ་འབྱེད་དུ་ཆིབས་སྒྱུར་བསྐྱངས་ཏེ། སྤོན་ཊ་ས་གནས་མི་མང༌། དགེ་ལས་སློབ་ཕྲུག གཞན་ཡང་ཉེ་འཁོར་མི་མང་བཅས་ལ་ཨ་ར་པ་ཙཱའི་ལྗགས་ལུང་དང་བླང་དོར་བཀའ་སློབ་གནང་རྗེས་སློབ་གྲྭའི་ལས་ཁུངས་དང་འཐུང་ཆུའི་ཆུ་མཛོད་གསར་པ་ལ་རབ་གནས་བཀའ་དྲིན་སྩལ། ཕྱི་ལོ་༢༠༠༨ ཟླ་༣ ཚེས་༢ ཉིན་འདི་ག་སྤོན་ཊ་གཏན་སློབ་ཏུ་གསང་སྔགས་བཀའ་བརྒྱུད་ཀྱི་བསྟན་པའི་སྲོག་ཤིང་ྋརྒྱལ་བ་ཀརྨ་པ་དུས་གསུམ་མཁྱེན་པའི་སྐྱེ་རབས་ཀྱི་ཕྲེང་འཛིན་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་ཇི་ལྟར་གདན་ཞུའི་གསོལ་བ་བཏབ་པ་བཞིན་ཞབས་སོར་འཁོད་ནས་སློབ་གྲྭའི་ཚོགས་ཁང་ཆེན་མོའི་ནང་དགེ་ལས་སློབ་ཕྲུག་དང་ས་གནས་གཞིས་ཆགས་མི་མང་བཅས་ལ་ཆོས་ཕྱོགས་ཀྱི་བླང་དོར་བཀའ་སློབ་བཀའ་དྲིན་སྩལ། ཁ གཞུང་འབྲེལ་མི་སྣ་གདན་ཞུ། སློབ་གྲྭ་འདི་འགོ་བཙུགས་ནས་གཞུང་འབྲེལ་མི་སྣ་གལ་ཆེ་ཁག་རིམ་པ་ཕེབས་ཡོད་པའི་སློབ་གྲྭའི་ཐོ་འགོད་ཡིག་ཆ་བཞིན་གཤམ་གསལ། ཕྱི་ལོ་༡༩༩༠ ཟླ་༤ ཚེས་༡༩ བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་རབ་བསྟན་ཕྱག་མཛོད་ཚང་མཆོག་དང༌། བོད་ཁྱིམ་འགན་འཛིན་རྗེ་བཙུན་སྲས་མོ་མཁའ་འགྲོ་མཆོག་རྣམ་གཉིས་དང་རོགས་ཚོགས་འགན་འཛིན་ལྕམ་སྐུ་ཀི་རི་སི་ཀྲ་ཀཱ་རབ་ཀྲི་(Mrs. Christa Kraft)ལྷན་རྒྱས་སློབ་གྲྭའི་འཛུགས་སྐྲུན་ལས་གཞི་ཆེད་གཟིགས་སྐོར་དུ་ཕེབས། ལྷག་པར་སློབ་ཕྲུག་ཚོར་སློབ་སྦྱོང་ལ་འབད་བརྩོན་གནང་དགོས་ཀྱི་བཀའ་སློབ་གནང༌། ཕྱི་ལོ་༡༩༩༡ ཟླ་༤ ཚེས་༣ རོགས་ཚོགས་འགན་འཛིན་ལྕམ་སྐུ་ཨ་མ་ཀི་རི་སི་ཀྲ་ཀ་རབ་ཀྲི་མཆོག་སྤོན་ཊ
་སློབ་གྲྭར་གཟིགས་སྐོར་གནང་ཡོད། ཕྱི་ལོ་༡༩༩༢ ཟླ་༢ ཚེས་༡༤ ཉིན་སྤོན་ཊ་གཏན་སློབ་ཏུ་ལྕམ་སྐུ་ཀ་རབ་ཀྲི་མཆོག་དང་ཤེས་ལྷན་དྲུང་ཆེ་གསར་རྙིང་རྣམ་གཉིས་སློབ་གྲྭར་ཕེབས། ཕྱི་ལོ་༡༩༩༢ ཟླ་༤ ཚེས་༡༩ ཉིན་སྤོན་ཊ་གཏན་སློབ་ཏུ་བོད་མི་མང་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་སློབ་གྲྭར་གཟིགས་སྐོར་གནང༌། ཕྱི་ལོ་༡༩༩༢ ཟླ་༡༡ ཚེས་༠༢ ཉིན་སྤོན་ཊ་གཏན་སློབ་ཏུ་བོད་གཞུང་ཤེས་རིག་ལས་ཁུངས་དྲུང་ཆེ་དབྱངས་སྐྱིད་བསམ་དཀར་ལགས་ཕེབས་ནས་དགེ་ལས་སློབ་ཕྲུག་ཡོངས་ལ་ཤེས་ཡོན་དང་འབྲེལ་བའི་བཀའ་སློབ་གནང༌། ཕྱི་ལོ་༡༩༩༤ ཟླ་༡༠ ཚེས་༢༥ ཉིན་བོད་གཞུང་ཤེས་ལྷན་གྱི་དྲུང་ཆེ་ཚེ་རིང་དབང་རྒྱལ་མཆོག་སློབ་གྲྭ་གཟིགས་སྐོར་ཕེབས་ནས་དམིགས་གསལ་གྱི་སློབ་ཕྲུག་ཚོ་ལ་སློབ་སྦྱོང་གི་སློབ་གསོ་ལམ་སྟོན་བཀའ་སློབ་གནང༌། ཕྱི་ལོ་༡༩༩༤ ཟླ་༡༡ ཚེས་༢༦ ཉིན་ཤེས་རིག་ཚོགས་ཆུང་བརྒྱུད་ནས་བོད་མི་མང་སྤྱི་འཐུས་ཀརྨ་ཆོས་འཕེལ་དང་སྤྱི་འཐུས་བཟོད་པ་རྒྱ་མཚོ་རྣམ་གཉིས་ཤེས་ཡོན་རྟོག་ཞིབ་ཆེད་སློབ་གྲྭར་གཟིགས་སྐོར་དུ་ཕེབས། ཕྱི་ལོ་༡༩༩༦ ཟླ་༧ ཚེས་༡༦ ཉིན་བོད་གཞུང་ཤེས་རིག་བཀའ་བློན་རིན་ཆེན་མཁའ་འགྲོ་མཆོག་དང་ཤེས་ལྷན་ཟུང་དྲུང་རི་ཁ་བཀྲ་ཤིས་ནོར་བུ་རྣམ་གཉིས་སློབ་གྲྭར་འཚམས་གཟིགས་ཀྱིས་དགེ་སློབ་ཡོངས་ལ་བོད་མིའི་ཤེས་ཡོན་སློབ་སྦྱོང་གི་དམིགས་ཡུལ་དང་ལས་འགན་སྐོར་གྱི་ལམ་སྟོན་བཀའ་སློབ་གནང༌། ཕྱི་ལོ་༡༩༩༧ ཟླ་༤ ཚེས་༡༧ ཉིན་དབུས་བོད་སློབ་འཛིན་ཚོགས་ཀྱི་དྲུང་ཆེ་ཨེས་པི་རྡ་ཏ་(S.P. Datta)དང་བོད་ གཞུང་ཤེས་རིག་དྲུང་ཆེ་དངོས་གྲུབ་ལགས་རྣམ་གཉིས་སློབ་གྲྭའི་འཛིན་སྐྱོང་སོགས་ཀྱི་གཟིགས་སྐོར་དུ་ཕེབས་ཡོད། ཕྱི་ལོ་༡༩༩༧ ཟླ་༡༠ ཚེས་༡༥ ཉིན་རང་གཞུང་ཆེས་མཐོའི་ཁྲིམས་ཞིབ་པ་སྐུ་ངོ་མདོ་སྔགས་བསྟན་འཛིན་ས་གནས་སུ་ཕེབས་སྐབས་སློབ་ཕྲུག་རྣམས་ལ་བླང་དོར་བཀའ་སློབ་གནང༌། ཕྱི་ལོ་༡༩༩༧ ཟླ་༡༡ ཚེས་༢༠ ནས་༢༣ ཉིན་ཉི་ཧོང་རོགས་ཚོགས་འགན་འཛིན་སུ་ཀི་ཡ་སུ་དང་ལས་རོགས་བཅས་སློབ་གྲྭར་ཕེབས་ཏེ་དེ་སྔོན་རོགས་དངུལ་གནང་བས་འཛིན་ཁང་སོགས་དང་བུའི་ཉལ་ཁང་གསར་རྒྱག་ས་ཆ་བཅས་ལ་གཟིགས་རྟོགས་གནང༌། ཕྱི་ལོ་༡༩༩༧ ཟླ་༡༡ ཚེས་༢༩ ནས་ཟླ་༡༢ ཚེས་༢ ཉིན་གསུམ་རིང་ཧི་མ་ཅལ་མངའ་ཁུལ་རྫོང་ཁག་གི་སློབ་གྲྭའི་ཚན་རིག་འགྲན་བསྡུར་གྱི་གོ་སྒྲིག་འདི་ག་གཏན་སློབ་ཏུ་ཞུས་པའི་དབུ་འབྱེད་མཛད་སྒོར་དུ་ཕེབས་པའི་སྐུ་མགྲོན་གཙོ་བོ་སིར་མོར་རྫོངདཔོན་ལྕམ་སྐུ་ Nisha Singh ,I.A.S. མཆོག་དང་མངའ་སྡེའི་གྲོང་གསེབ་ཡར་རྒྱས་བློན་ཆེན་Shri Gangu Ram Musafir རྣམ་གཉིས་ཕེབས། ཕྱི་ལོ་༡༩༩༨ ཟླ་༤ ཚེས་༡༧ ཉིན་ཤེས་ཡོན་འགན་འཛིན་ཀརྨ་ཆུང་བདག་ལགས་དང་འཛུགས་སྐྲུན་འགན་འཛིན་ལས་རོགས་བློ་བཟང་ཆོས་འཕེལ་ལགས་རྣམ་གཉིས་ནས་སློབ་གྲྭའི་འཛུགས་སྐྲུན་དང་ཤེས་ཡོན་གཟིགས་ཞིབ་གནང༌། ཕྱི་ལོ་༡༩༩༨ ཟླ་༩ ཚེས་༢༦ ཉིན་བཀའ་བློན་ཁྲི་པ་བསོད་ནམས་སྟོབས་རྒྱལ་མཆོག་དང༌། བོད་གཞུང་ལས་བྱེད་འདེམས་ལྷན་དང་བོད་གཞུང་འོས་བསྡུ་ལས་ཁང་གི
་འགན་འཛིན་གཅིག་ལྕོགས་སྐུ་ངོ་རྣམ་རྒྱལ་རྡོ་རྗེ་མཆོག དཔལ་འབྱོར་དྲུང་ཆེ་ཐུབ་བསྟན་བཀྲིས་མཆོག བདེ་སྲུང་ཟུང་དྲུང་བཀྲིས་རྣམ་རྒྱལ་མཆོག སྐུ་སྲུང་འགན་འཛིན་བསྟན་འཛིན་སྟག་ལྷ་མཆོག་བཅས་ཅོག་རི་ཏར་ཕེབས་ཞོར་སྤོན་ཊ་ས་གནས་གཞིས་ཆགས་མགྲོན་ཁང་བཞུགས་ཞག་དགོང་དྲོ་སྤོན་ཊ་གཏན་སློབ་ཁང་ཚན་དབར་གཞས་སྣ་འགྲན་བསྡུར་ལ་གཟིགས་ཞིབ་གནང༌། ཕྱི་ལོ་༡༩༩༨ ཟླ་༡༠ ཚེས་༧ ནས་༡༠ ཉིན་སྤོན་ཊ་གཏན་སློབ་ཀྱི་རོགས་ཚོགས་སྦྱིན་བདག་ཧི་རོ་སུ་ཀི་ཡ་སུ་དང༌། ཏ་ཀ་སི། ཤེས་རིག་ཟུང་དྲུང་ཚེ་བརྟན་འགྱུར་མེད་ལགས་བཅས་ཀྱིས་གཟིགས་སྐོར་གནང༌། ཕྱི་ལོ་༡༩༩༨ ཟླ་༡༠ ཚེས་༢༥ ནས་༢༧ ཉིན་ཨ་རི་ནས་ Rabbi Everett and Dr.Marry Gendler རྣམ་གཉིས་སློབ་ཕྲུག་རྒན་གྲས་དང་ལས་བྱེད་ཚོར་ནུབ་ཕྱོགས་པས་འཚེ་མེད་ཞི་བའི་ལམ་ལུགས་ལག་ལེན་བསྟར་ཕྱོགས་དང་ལྟ་བའི་འཁྱེར་སོ། བོད་དོན་བདེན་མཐའ་སེལ་ཆེད་འཚེ་མེད་ཞི་བའི་ཐོག་ལས་འགུལ་བྱ་རྒྱུ་ནུས་ཤུགས་སྐོར་བགྲོ་གླེང་གནང༌། ཕྱི་ལོ་༡༩༩༨ ཟླ་༡ ཚེས་༡༩ ཉིན་ལྡི་ལི་མི་མང་འཛིན་སྐྱོང་སློབ་སྟོན་པ་ལྕམ་སྐུ་ཌོག་ཊར་སུ་ཇ་ཏ་སིང་( Dr. Sujata Singh )དང་རང་གཞུང་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་རྣམ་རྒྱལ་རྡོ་རྗེ་ལགས་རྣམ་གཉིས་སློབ་གྲྭའི་གནས་སྟངས་གཟིགས་ཞིབ་ཏུ་ཕེབས། ཕྱི་ལོ་༡༩༩༩ ཟླ་༤ ཚེས་༡༠ ཉིན་སྤོན་ཊ་གཏན་སློབ་ཀྱི་འཛིན་གྲ་བཅུ་གཉིས་སློབ་ཕྲུག་ཐོན་ཐེངས་དང་པོའི་མཛད་སྒོའི་སྐབས་སུ་སྐུ་མགྲོན་གཙོ་བོ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཀརྨ་ཆུང་བདག་ལགས་ཕེབས་ཏེ་དགེ་ལས་སློབ་ཕྲུག་བཅས་ལ་བཀའ་སློབ་དང་ལྷག་པར་འཛིན་གྲྭ་བཅུ་གཉིས་སློབ་ཐོན་ཚོར་ལམ་སྟོན་བཀའ་སློབ་གནང།
ཕྱི་ལོ་༡༩༩༩ ཟླ་༨ ཚེས་༩ ཉིན་མ་སུ་རི་བོད་ཁྱིམ་དྲུང་ཆེ་ལས་རོགས་དགེ་འདུན་རིན་ཆེན་ལགས་སློབ་གྲྭར་ཕེབས་ནས་དགེ་ལས་སློབ་ཕྲུག་བཅས་ལ་ཤེས་ཡོན་སྲིད་བྱུས་སྐོར་གསུང་བཤད་གནང། བོད་མི་མང་སྤྱི་འཐུས་བྱ་དུར་བཟང་པོ་མཆོག་དང་སྤྱི་འཐུས་བློ་གྲོས་མཐར་ཕྱིན་རྣམ་གཉིས་མ་ན་ལི་ཕེབས་ཏེ་བོད་མི་གནས་སྡོད་དང་ཡུལ་མི་གཉིས་བར་རྙོག་གླེང་བྱུང་རྗེས་དེ་ཁུལ་བོད་མི་ཡོངས་ལ་བཀའ་སློབ་གནང་དུ་ཕེབས་རྗེས། འདི་ཕྱོགས་སྤོན་ཊ་གཏན་སློབ་དང་བོད་མིའི་གཞིས་ཆགས་གཉིས་སུ་ཕྱི་ལོ་༡༩༩༩ ཟླ་༨ ཚེས་༡༨ ཉིན་ཕེབས་ཏེ། དགེ་ལས་སློབ་ཕྲུག་ གཞིས་མི་མང་ཚོགས་ལ་ཡུལ་མི་དང་མཐུན་སྒྲིལ་བྱ་གལ་ཆེ་བའི་གསུང་བཤད་ནན་ཏན་གནང༌། ཕྱི་ལོ་༡༩༩༩ ཟླ་༩ ཚེས་༥ ཉིན་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་འགན་འཛིན་ཀརྨ་ཆུང་བདག་ལགས་སློབ་གྲྭ་འདིར་འཚམས་གཟིགས་དང་ཆབས་ཅིག་སློབ་ཕྲུག་ཚོར་སློབ་སྦྱོང་གི་གནས་ཚད་གོང་མཐོར་གཏོང་དགོས་པའི་ལམ་སྟོན་གནད་སྨིན་གནང༌། ཕྱི་ལོ་༡༩༩༩ ཟླ་༡༠ ཚེས་༡ ཉིན་འཇར་མན་རོགས་ཚོགས་འགན་འཛིན་ཨ་མ་ཝེ་སྒར་མཆོག་(Irmtraut Wager)སློབ་གྲྭར་གཟིགས་སྐོར་དང་འབྲེལ་ཉམ་ཐག་སློབ་ཕྲུག་ཚོར་ཐུག་འཕྲད་ཀྱིས་གནས་ཚུལ་རྒྱུས་ལོན་གནང། ཕྱི་ལོ་༡༩༩༩ ཟླ་༡༠ ཚས་༡༠ ལ་བཀའ་བློན་ཁྲི་པ་བསོད་ནམས་སྟོབས་རྒྱལ་མཆོག་དང༌། ཤེས་རིག་བཀའ་བློན་རིན་ཆེན་མཁའ་འགྲོ་མཆོག ཤེས་རིག་དྲུང་ཆེ་ལས་འཕར་སྣང་ས་ཆོས་སྒྲོན་ལགས། བཀའ་ཤག་དྲུང་ཆེ་ལས་འཕར་བློ་བཟང་བཀྲ་ཤིས་ལགས་བཅས་གཟིགས་སྐོར་དང་སྦྲགས་དགེ་ལས་སློབ་ཕྲུག་ལྷན་འཛོམས་ལ་གསུང་བཤད་གནང། ཕྱི་ལོ་༢༠༠༠ ཟླ་༡ ཚེས་༢༤ ནས་༢༨ ཉིན་ལྔའི་རིང་ཤེས་རིག་ལས་ཁུངས་ཀྱི་མ་འོངས་མདུན་ལམ་སློབ་སྟོན་པ་སྐལ་བཟང་ཚེ་དབང་ལགས་སློབ་གྲྭར་ཕེབས་ཏེ་སློབ་ཕྲུག་ཚོར་མ་འོངས་དམིགས་ཡུལ་འདེམས་སྒྲུག་བྱེད་ཕྱོགས་ཐད་ལ
་ལམ་སྟོན་གསུང་བཤད་གནང། ཕྱི་ལོ་༢༠༠༠ ཟླ་༢ ཚེས་༡༤ ཉིན་ཤེས་རིག་དྲུང་ཆེ་ཚེ་རིང་དབང་རྒྱལ་དང་ཟུང་དྲུང་རི་ཁ་བཀྲ་ཤིས་ནོར་བུ་རྣམ་གཉིས་སློབ་གྲྭར་གཟིགས་སྐོར་གནང༌། ཕྱི་ལོ་༢༠༠༠ ཟླ་༣ ཚེས་༣ ཉིན་ཤེས་རིག་འཆར་འགོད་འགན་འཛིན་བློ་བཟང་ལགས་ནས་སློབ་གྲྭར་གསར་སྐྲུན་བཞིན་པའི་བུ་མོའི་ཉལ་ཁང་ལ་གཟིགས་ཞིབ་གནང༌། ཕྱི་ལོ་༢༠༠༠ ཟླ་༣ ཚེས་༡༩ ཉིན་དཔལ་ལྡན་ནང་སྲིད་བཀའ་བློན་བསྟན་པ་ཚེ་རིང་ལགས་དང་དྲུང་ཆེ་ལས་འཕར་འཇིགས་མེད་འབྱུང་གནས་ལགས་གཉིས་ཀྱིས་རེས་གཟའ་ཉི་མའི་ཉིན་སློབ་གྲྭར་གཟིགས་ཞིབ་གནང༌། ཕྱི་ལོ་༢༠༠༠ ཟླ་༧ ཚེས་༢༢ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས་སྤོན་ཊ་སློབ་གྲྭར་ཕེབས་སྟེ་སློབ་གྲྭའི་ཞོགས་འཛོམས་སྐབས་སུ་དགེ་ལས་སློབ་ཕྲུག་ལ་བཀའ་སློབ་གནང་གྲུབ་རྗེས་སློབ་གྲྭའི་འཛིན་ཁང་ཁག་དང་དཔེ་མཛོད། དེ་བཞིན་སློབ་གྲྭའི་ཉལ་ཁང་སོགས་ལ་གཟིགས་སྐོར་གནང༌། ༢༠༠༠ ཟླ་༩ ཚེས་༡༤།༡༥ ཉིན་ྋདཔལ་ལྡན་མི་རྗེ་བཀའ་བློན་ཁྲི་པ་ཟམ་གདོང་བློ་བཟང་བསྟན་འཛིན་མཆོག་སྤོན་ཊ་ས་གནས་སུ་ཧིན་དྷུ་ཆོས་ཕྱོགས་མཛད་སྒོ་ཆེད་དུ་ཇེའུ་ལྷ་ཁང་དུ་གདན་འདྲེན་ཞུས་ཏེ་ཕེབས་ཞོར་དུ་སྤོན་ཊ་གཏན་སློབ་ཏུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་སློབ་གྲྭའི་ཚོགས་ཁང་ཆེན་མོའི་ནང་དགེ་ལས་སློབ་ཕྲུག་ཡོངས་ལ་བླང་དོར་གྱི་བཀའ་སློབ་སྩལ་བ་དང༌། ལྷག་པར་སློབ་ཕྲུག་སྤྱི་ལ་སློབ་སྦྱོང་ཐོག་དམིགས་བསལ་བཀའ་སློབ་ལམ་སྟོན་གནང༌། ཕྱི་ལོ་༢༠༠༠ ཟླ་༩ ཚེས་༢༨ ཉིན་སྤོན་ཊ་གཏན་སློབ་ཏུ་བུ་མོའི་ཉལ་ཁང་གསར་པའི་དབུ་འབྱེད་སྐུ་མགྲོན་གཙོ་བོར་མི་རྗེ་ཤེས་རིག་བཀའ་བློན་ལྷ་ལྕམ་རིན་ཆེན་མཁའ་འགྲོ་ལགས་ལྷན་དུ་རང་གཞུང་ཤེས་རིག་དྲུང་ཆེ་ལས་འཕར་སྣང་ས་ཆོས་སྒྲོན། ཟུང་དྲུང་རི་ཁ་བཀྲ་ཤིས་ནོར་བུ། སམ་བྷོ་ཊ་བོད་སློབ་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་བཅས་ཆེད་ཕེབས་ཀྱིས་དགེ་ལས་སློབ་ཕྲུག་ཡོངས་ལ་བཀའ་སློབ་གནང། ཕྱི་ལོ་༢༠༠༠ ཟླ་༡༠ ཚེས་༡༡།༡༢ ཉིན་འདི་ག་གཏན་སློབ་ཏུ་དབུས་བོད་སློབ་འཛིན་ཚོགས་མངའ་འོག་སློབ་གྲྭ་ཁག་གི་བོད་ཀྱི་རིག་གཞུང་འཁྲབ་སྟོན་འགྲན་བསྡུར་སྐྱོང་སྐབས། ཉིན་དང་པོའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་སྐུ་ངོ་ངག་དབང་བསྟན་པ་མཆོག་ཕེབས་པ་དང༌། མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་དུ་དབུས་བོད་སློབ་འཛིན་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་ཨ་ནིལ་ཀ་པུར་མཆོག་ཕེབས་ནས་དགེ་ལས་སློབ་ཕྲུག་མང་ཚོགས་བཅས་པར་བཀའ་སློབ་གནང། ཕྱི་ལོ་༢༠༠༠ ཟླ་༡༢ ཚེས་༤ ཉིན་འདི་ག་གཏན་སློབ་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕོ་བྲང་པོ་ཏ་ལར་གསེར་ཁྲི་མངའ་གསོལ་ཞུས་ནས་ལོ་ངོ་༦༠ འཁོར་བ་དང་ཆབ་སྲིད་ཀྱི་ཐུགས་འགན་ཡོངས་སུ་བཞེས་ནས་ལོ་ངོ་༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པའི་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྤོན་ཊ་ས་གནས་རྫོང་དཔོན་ Dr.M.P.Soodhམཆོག་ག
དན་འདྲེན་ཞུས། ཕྱི་ལོ་༢༠༠༡ ཟླ་༡༡ ཚེས་༡༥ ནས་༡༩ ཉིན་ནོར་ཝེ་མཛའ་གྲོགས་འབྲེལ་མཐུད་(Norway Friendship Link)ཊའི་གྷར་སློབ་གྲྭའི་སློབ་སྤྱི་ཀི་རི་ས་ཊིན་མཆོག་དང་སློབ་དགེ་ཝེ་ཊི་ཇ་ཧར་ཊ་ཇེན་སོན་མཆོག་དང་ལར་ས་རོར་ཕ་གྷར་ནེ་ས་མཆོག་རྣམ་གསུམ་ནས་སློབ་གྲྭ་གཉིས་དབར་ཕན་ཚུན་མཛའ་འབྲེལ་དམ་ཟབ་དང་ཕྱི་ནང་གཉིས་ཀའི་རིག་གཞུང་རྒྱུས་མངའ་ཡོང་བའི་ཕྱིར་སྤོན་ཊ་བོད་གཞུང་སློབ་གྲྭར་གཟིགས་སྐོར་གནང༌། ཕྱི་ལོ་༢༠༠༢ ཟླ་༡༠ ཚེས་༢༩ ཉིན་དཔལ་ལྡན་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་སློབ་གྲྭ་འདིར་གཟིགས་སྐོར་གྱིས་དགེ་ལས་དང་སློབ་ཕྲུག་གཉིས་ཀར་ཤེས་ཡོན་དང་ཡ་རབས་བཟང་སྤྱོད་དེ་བཞིན་དོལ་རྒྱལ་བསྟེན་གསོལ་སྐོར་སོགས་བཀའ་སློབ་ཟབ་མོ་གནང། བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་ལོ་ངོ་༣༦༠ འཁོར་བའི་དུས་དྲན་སྲུང་བརྩི་ཆེད་ཕྱི་ལོ་༢༠༠༢ ཟླ་༡༡ ཚེས་༡༢ ཉིན་དེར་སློབ་གྲྭའི་ལོ་འཁོར་ཁང་ཚན་དབར་གྱི་རིག་གཞུང་འཁྲབ་སྟོན་འགྲན་བསྡུར་ཞིག་གནང་བས་ཉིན་ཉི་ཧོང་རོགས་ཚོགས་སྦྱིན་བདག་སྐུ་ཞབས་ཧི་རོ་སུ་ཀེ་ཡ་སུ་མཆོག་དང་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་ལས་འཕར་ལྕམ་སྐུ་སྣང་ས་ཆོས་སྒྲོན་རྣམ་གཉིས་སྐུ་མགྲོན་གཙོ་བོའི་མཚན་གནས་བཞེས་ཏེ་སློབ་གྲྭར་གཟིགས་སྐོར་གནང༌། ཕྱི་ལོ་༢༠༠༢ ཟླ་༡༡ ཚེས་༢༣ ནས་༢༧ བར་དབུས་ཤེས་རིག་ལས་ཁུངས་ཀྱི་མཛད་འཆར་བཞིན་སམ་བྷོ་ཊ་བོད་གཞུང་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་དང་ཤེས་རིག་ཤེས་ཡོན་རྟོག་ཞིབ་པ་ཚེ་རིང་བསམ་གྲུབ་རྣམ་གཉིས་ནས་སློབ་གྲྭའི་ལོ་འཁོར་ཤེས་ཡོན་དང་འཛིན་སྐྱོང་གཉིས་ཀའི་རྟོག་ཞིབ་ཆེད་གཟིགས་སྐོར་དང་དགེ་ལས་འདུ་མཛོམས་ཐོག་སློབ་གྲྭའི་ཤེས་ཡོན་དང་འཛིན་སྐྱོང་སྡེ་ཚན་ཚང་མར་གཟིགས་ཞིབ་གནང༌། བོད་ཀྱི་སྐད་ཡིག་མི་ཉམས་གོང་འཕེལ་སླད་དགེ་ལས་ཚང་མའི་འབད་བརྩོན་གནང་གལ་ཆེ་བའི་སྐོར་གསུང་བཤད་གནང༌། ཕྱི་ལོ་༢༠༠༣ ཟླ་༡ ཚེས་༢༡ ཉིན་དབུས་བོད་སློབ་འཛིན་ཚོགས་ཀྱི་དྲུང་ཆེ་ཌོག་ཊར་ཝར་མ་(Dr. M.S.Verma)མཆོག་སློབ་གྲྭ་འདིར་གཟིགས་སྐོར་གནང་སྟེ། དགེ་ལས་ཡོངས་ལ་སློབ་ཕྲུག་ཚོར་སློབ་འཁྲིད་གནང་སྐབས་ཤ་ཚ་དང་བྱམས་སེམས་ཀྱི་སྒོ་ནས་སློབ་འཁྲིད་གནང་དགོས་པ་དང་ཆབས་ཅིག དགེ་ལས་རང་ཉིད་ཀྱི་ཤེས་ཚད་རྒྱུན་ལྡན་ངང་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་གནང་གལ་ཆེ་བའི་སྐོར་གསུང་བཤད་གནང༌། ཕྱི་ལོ་༢༠༠༣ ཟླ་༤ ཚེས་༡༧ ཉིན་བོད་གཞུང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་རྒྱལ་ཚེ་རིང་མཆོག་དང་ཕྱག་རོགས་སུ་ལྡེ་ར་ལྡུན་བོད་མིའི་ས་གནས་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་རྣམ་གཉིས་སློབ་གྲྭར་གཟིགས་སྐོར་གནང་སྟེ། དགེ་ལས་སློབ་ཕྲུག་མང་ཚོགས་བཅས་ལ་བཙན་བྱོལ་གཞུང་གི་ཁྲིམས་ལུགས་སྐོར་དང་འབྲེལ་བོད་མི་ཚོས་བརྩི་བཀུར་གནང་དགོས་པའི་བཀའ་སློབ་གལ་ཆེ་གནང༌། ཕྱི་ལོ་༢༠༠༣ ཟླ་༡༡ ཚེས་༡༡ ཉིན་དབུས་བོད་
སློབ་འཛིན་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་ཝར་མ་དང༌། ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་རྣམ་གཉིས་དང་ལྷན་དུ་གཤམ་འཁོད་ཆེས་མཐོའི་བསྐྱར་ཞིབ་ཚོགས་མི་(CTSA’s Peer Review Groupvie)མི་སྣ་ཁག་ཅིག་སློབ་གྲྭའི་ཤེས་ཡོན་ཐོག་ལ་གཟིགས་ཕེབས་གནང༌། – (Shri Baldev Mahajan, Former J.S., MHRD & Commisioner KVS) – Shri S.P. Datta, Former Seceratry, CTSA – Ms. Anita Nayar, Director, MEA – Shri Parveen Pandey, Deputy Secretary, MHA – Mr. Tashi Wangdi, Representative,Bureau of H.H Dalai Lama,New Delhi ཕྱི་ལོ་༢༠༠༤ ཟླ་༡ ཚེས་༢༦ ཉིན་དཔལ་ལྡན་དཔལ་འབྱོར་བཀའ་བློན་བློ་བཟང་སྙན་གྲགས་མཆོག་ནས་སྤོན་ཊ་གཏན་སློབ་ཏུ་མཚམས་གཟིགས་གནང་བ་དང་སློབ་གྲྭའི་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་ཡོངས་ལ་བཀའ་སློབ་ཟབ་རྒྱས་གནང༌། ཕྱི་ལོ་༢༠༠༤ ཟླ་༧ ཚེས་༢༦ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་རྣམ་རྒྱལ་དབང་འདུད་མཆོག་གཏན་སློབ་འདིར་གཟིགས་སྐོར་དུ་ཕེབས་པ་དང་དགེ་ལས་སློབ་ཕྲུག་མང་ཚོགས་ལ་གལ་ཆེའི་གསུང་བཤད་གནང༌། ཕྱི་ལོ་༢༠༠༥ ཟླ་༡ ཚེས་༠༢།༠༣ ཉིན་སཾ་བྷོ་ཊ་སློབ་ཁག་གི་ལོ་འཁོར་འགན་འཛིན་ལྷན་ཚོགས་ཐེངས་༦ པ་བསྐྱངས་པའི་མཛད་སྒོའི་སྐུ་མགྲོན་གཙོ་བོ་དབུས་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་འགན་འཛིན་ཀརྨ་ཆུང་བདག་ལགས་ནས་དབུ་འབྱེད་གནང༌། ཕྱི་ལོ་༢༠༠༥ ཟླ་༢ ཚེས་༢༨ ཉིན་ཉི་ཧོང་སྦྱིན་བདག་སྐུ་ཞབས་ཧི་རོ་སུ་ཀེ་ཡ་སུ་མཆོག ཁོང་གི་སྤུན་མཆེད་ཞིག་དང༌། ཤེས་རིག་འཆར་འགོད་ལས་རོགས་བློ་གསལ་ལགས་སྤོན་ཊ་གཏན་སློབ་ཏུ་དགེ་ལས་སློབ་ཕྲུག་ཐུག་འཕྲད་དང་སློབ་གྲྭ་གཟིགས་སྐོར། དེ་བཞིན་རོགས་ཁོངས་(YSJ)རོགས་ཨང་ཅན་གྱི་སློབ་ཕྲུག་ལ་ཐུག་འཕྲད་དང་འདྲ་དཔར་བསྐྱོན། མཉམ་དུ་དགེ་ལས་ཡོངས་ལ་ཀམ་པུ་ཊར། ལས་ཤག་ལྕགས་རི་བསྐོར་རྒྱུ། སྒོམ་སྒྲུབ་ཚོགས་ཁང་གསར་རྒྱག་གི་འཆར་གཞི་བཅས་ཀྱི་རོགས་རམ་གནང་རྒྱུ་ཞལ་བཞེས་དང་དགེ་ལས་ཚང་མའི་ཕྱག་ལས་ཧུར་ཐག་གནང་དགོས་དང་སློབ་ཕྲུག་ཡོངས་ལ་སློབ་སྦྱོང་ལ་དོ་སྣང་འབད་བརྩོན་གནང་དགོས་ཀྱི་བཀའ་སློབ་གནང༌། ཕྱི་ལོ་༢༠༠༥ ཟླ་༡༠ ཚེས་༢༥།༢༦ ཉིན་གཉིས་རིང་འདི་ག་གཏན་སློབ་ཏུ་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༧༠
ཕེབས་པའི་དུས་བསྟུན་སམ་བྷོ་ཊ་སློབ་ཁག་ཐུན་མོང་གི་འགྲེམས་སྟོན་ལ་གཟིགས་སྐོར་དུ་ཕེབས་པའི་སྐུ་མགྲོན་གཙོ་བོ་བོད་གཞུང་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་ལྷན་དུ་སམ་བྷོ་ཊ་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་རྣམ་གཉིས་ནས་སློབ་གྲྭའི་མགྲོན་ཁང་དབུ་འབྱེད་གནང། དགེ་ལས་སློབ་ཕྲུག་སོ་སོར་བཀའ་སློབ་གནང༌། དགེ་ལས་རྣམས་ལ་བོད་གཞུང་ཤེས་རིག་གིས་འགྲེམས་སྤེལ་གནང་བའི་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཀྱི་སྙིང་དོན་འགྲེལ་བཤད་དང་སྦྲགས་སློབ་མ་དབུས་བཞག་གི་སློབ་ཁྲིད་ཐབས་ལམ་སྤྱད་དེ་སློབ་ཁྲིད་གནང་ཕྱོགས། རིགས་གཅིག་རྐང་འཛིན་ཆེད་གཞི་རིམ་ནས་སློབ་སྦྱོང་ལ་ཤུགས་རྒྱག་དགོས་སྐོར་བཀའ་སློབ་གནང༌། ཕྱི་ལོ་༢༠༠༥ ཟླ་༡༡ ཚེས་༡༡ དཔལ་ལྡན་མི་དབང་ཆོས་རིག་བཀའ་བློན་བློ་བཟང་ཉི་མ་མཆོག་སྤོན་ཊ་ཞ་ལུ་དགོན་པར་གཟིགས་སྐོར་གནང་བའི་ཞོར་དུ་སྤོན་ཊ་གཏན་སློབ་འདིར་གཟིགས་སྐོར་བསྐྱངས། དེ་ཉིན་ནང་ཆོས་ངོ་སྤྲོད་དང་བླང་དོར་བཀའ་སློབ་གནང། ཕྱི་ལོ་༢༠༠༦ ཟླ་༠༨ ཚེས་༠༡ ཉིན་འདི་ག་སློབ་གྲྭར་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ནས་སྐྱེ་ལྡན་ཟས་འབྲུ་ཆེད་འགྲོ་གྲོན་གཟིགས་སྐྱོང་སྩལ་བ་བཞིན་ལྡེ་ར་ཌུན་གྲོང་ཁྱེར་གྱི་ནབ་དྷ་ན་ཡ་ནས་ཟས་འབྲུ་ཉོས་ཏེ་སློབ་གྲྭ་རུ་ཐོག་མར་གསོལ་ཚིགས་འདེགས་འབུལ་དབུ་འབྱེད་མཛད་སྒོ་གནང་བའི་སྐབས་སྐུ་མགྲོན་གཙོ་བོར་རང་གཞུང་ནང་སྲིད་སོ་ནམ་སྡེ་ཚན་གྱི་འགན་འཛིན་དྲུང་འཕར་དངོས་གྲུབ་རྡོ་རྗེ་ལགས་ནས་སྐྱེ་ལྡན་ཟས་འབྲུ་ནི་ཟས་བཅུད་ལྡན་པ་དང་ལུས་ལ་ཕན་པ་མ་ཟད། གཟུགས་གཞིའི་འཕྲོད་བསྟེན་ལ་དམིགས་བསལ་ཁྱད་པར་འགྲོ་བ་ངེས་གཏན་དང་སྲོལ་རྒྱུན་གྱི་ཟས་རིགས་འདི་ནི་ཤིན་ཏུ་ཕན་པ་ཆེ་བ་ཡོད་སྐོར་གྱི་བཀའ་སློབ་གནང༌། ཕྱི་ལོ་༢༠༠༦ ཟླ་༩ ཚེས་༠༡ ཉིན་བོད་གཞུང་འཕྲོད་བསྟེན་དྲུང་ཆེ་བསྟན་པ་བསམ་མཁར་མཆོག་སྤོན་ཊ་གཏན་སློབ་ཏུ་འཐུང་ཆུའི་ལས་གཞིའི་ཐོག་གཟིགས་ཞིབ་གནང་སྟེ་སློབ་གྲྭའི་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་ཀུན་ལ་ལྷན་ཁང་ཁག་ངོ་སྤྲོད་དང་འཕྲོད་བསྟེན་ལེགས་ཞན་ཡོང་བའི་གཞི་རྩ་ནི་ཟས་རིགས་ལ་ཐུག་ཡོད་པས། སྐྱེ་ལྡན་སྲོལ་རྒྱུན་གྱི་ཟ་འབྲུ་འདི་གཟུགས་པོར་ཕན་ཐོགས་ཆེ་བའི་སྐོར་བཀའ་སློབ་གནང། ཕྱི་ལོ་༢༠༠༦ ཟླ་༡༠ ཚེས་༢༣ ནས་༢༨ བ
ར་སྤོན་ཊ་གཏན་སློབ་ནས་བདུན་ཕྲག་གཅིག་གི་རིང་བོད་ལྗོངས་ང་ཚོའི་ཕ་ཡུལ་(Tibet, Our Country Week)ཞེས་སྲུང་བརྩི་ཞུ་སྐབས། སྐུ་མགྲོན་གཙོ་བོ་ས་གནས་གཞིས་འགོ་མཆོག་དང་ཕྲུ་གུའི་སྦྱིན་བདག་ཕྱི་རྒྱལ་བ་བཟའ་ཟླ་སུ་སན་དང་མར་ཊིན་རྣམ་གཉིས་མཛད་རིམ་བཞིན་ཕེབས་ཏེ་ཐོག་མར་ཞོགས་འཛོམས་སར་ཁོང་རྣམ་གཉིས་ནས་ངོ་སྤྲོད་དང་བཀའ་སློབ་གནང། ཉིན་གཉིས་པར་སམ་བྷོ་ཊ་བོད་སློབ་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་བོད་ཀྱི་རིག་གཞུང་འགྲེམས་སྟོན་གྱི་སྐུ་མགྲོན་གཙོ་བོར་གདན་དྲངས་ཏེ་ཕྱོགས་ཡོངས་གཟིགས་ཏེ་འགྲེམས་སྟོན་པ་ཡོངས་ལ་བསྔགས་བརྗོད་གནང༌། ཕྱི་ལོ་༢༠༠༧ ཟླ་༢ ཚེས་༢ ནས་༢༠༠༨ ལོར་སམ་བྷོ་ཊ་བོད་སློབ་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་ས་ཊོན་དང་ཀམ་རོ་སྔོན་འགྲོ་སྤོན་ཊ་གཏན་སློབ་བཅས་སུ་གཟིགས་སྐོར་ཕེབས་རིང་ཉིན་དང་པོའི་ཞོགས་འཛོམས་སར་སློབ་ཕྲུག་ཚོར་ཤེས་ཡོན་དང་སྒྲིག་ལམ་སྐོར་བཀའ་སློབ་དང། ཉིན་མཐའ་མར་དགེ་རྒན་དང་ལས་བྱེད་གཉིས་སོ་སོར་ཚོགས་འདུར་བསྐངས་ཏེ་སློབ་གྲྭའི་དགེ་ལས་ཕན་ཚུན་མཐུན་སྒྲིལ་དང་གཞུང་འབྲེལ་ལས་དོན་ཐོག་ལ་དཔུང་རོགས། སློབ་ཕྲུག་རྣམས་ལ་བྱམས་སྐྱོང་དང་ཤེས་ཡོན་ཐོག་ལ་འབད་བརྩོན་གནང་བཞིན་གང་ལེགས་བྱུང་འདུག་ནའང་ད་དུང་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་ཞེས་དང་ཤེས་ཡོན་སྲིད་བྱུས་གསར་པའི་དགོངས་དོན་བཞིན་གཞི་རིམ་འོག་མ་ནས་འགོ་བཙུགས་ཏེ་དགེ་རྒན་ཚང་མས་ཧུར་ཐག་གནང་དགོས་པའི་སྐོར་གྱི་གསུང་བཤད་གནང༌། ཕྱི་ལོ་༢༠༠༧ ཟླ་༢ ཚེས་༡༨ ཉིན་ྋདཔལ་ལྡན་བོད་གཞུང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་སྣང་ས་ཆོས་སྒྲོན་དང་རོགས་ཚོགས་ཨང་རྟགས་DTAཅན་གྱི་ཕྲུ་གུའི་སྦྱིན་བདག་ཨིན་ཅི་བྷོ་གྷ་མཆོག་ག(Inchellborg)རྣམ་གཉིས་སློབ་གྲྭར་ཕེབས་ཏེ་སློབ་ཕྲུག་ཚོར་ཐུག་འཕྲད་གནང༌། ཕྱི་ལོ་༢༠༠༧ ཟླ་༤ ཚེས་༢༦ ཉིན་ྋདཔལ་ལྡན་བོད་མི་མང་སྤྱི་འཐུས་རྒྱ་རི་བུ་ཕྲུག་དང་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་རྣམ་གཉིས་ཆབ་སྲིད་དྲིལ་བསྒྲགས་སློབ་གསོའི་མཛད་འཆར་ཆེད་འདི་ག་སློབ་གྲྭར་གཟིགས་སྐོར་གནང༌། སློབ་ཕྲུག་དང་དགེ་ལས་ཀུན་ལ་དེང་སྐབས་ཀྱི་རྒྱལ་སྤྱིའི་ཆབ་སྲིད་སྤྱི་དང་ཁྱད་པར་བཙན་བྱོལ་གཞུང་གི་སྒྲོམ་གཞི་དང་ལས་གནས་ཁག དེ་བཞིན་བོད་ཀྱི་གནས་སྟངས་དང་ད་ལྟའི་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་ནས་བོད་ཀྱི་སྲོལ་རྒྱུན་དང་དེང་དུས་ཀྱི
་ཤེས་ཡོན་གཉིས་ཀར་དོ་སྣང་དང་སྦྱང་བརྩོན་བགྱིས་ཏེ། ཤེས་ཡོན་དང་ཀུན་སྤྱོད་འདབ་གཤོག་ཟུང་ལྡན་གྱི་མི་རབས་གསར་པ་བསྐྱེད་བསྲིང་བྱ་དགོས་པའི་སྐོར་བཀའ་སློབ་གནང༌། ཕྱི་ལོ་༢༠༠༧ ཟླ་༨ ཚེས་༦ ནས་༩ ཉིན་ཕྱི་རྒྱལ་ཨིན་ལན་སློབ་གྲྭ་ནས་དགེ་རྒན་༣ དང་སློབ་ཕྲུག་༡༣ བཅས་འདི་ག་སློབ་གྲྭར་བོད་པའི་སློབ་གྲྭའི་སྐོར་དང་ཤེས་ཡོན་བརྗེ་རེས་ཆེད་ཕེབས་འབྱོར་བྱུང༌། སློབ་གྲྭའི་ཞོགས་འཛོམས་སར་ཁོང་ཚོའི་སློབ་གྲྭའི་ངོ་སྤྲོད་དང་སྦྲགས་ཉིན་གཅིག་རིང་སྤྱི་ཚོགས་རིག་གནས་སློབ་ཚན་དང་འབྲེལ་འཛམ་གླིང་དུ་སྙན་གྲགས་ཆེ་བའི་རང་བྱུང་ཡ་མཚན་ཅན་སློབ་ཁང་ཆེ་བའི་མདུན་དུ་རྡོ་བརྐོས་ཐོག་གཟིགས་ཞིབ་དང་ངལ་རྩོལ་མཉམ་ལས་བྱས་ཡོད། ཕྱི་ལོ་༢༠༠༧ ཟླ་༩ ཚེས་༦།༧ ཉིན་གཉིས་རིང་སྤོན་ཊ་གཏན་སློབ་ཀྱི་རྩེད་འགྲན་ཐེངས་༢༥ གཏན་འཁེལ་བའི་ཁྱབ་ཁོངས་འབྲིང་རིམ་ཡན་གྱི་སློབ་ཁག་རྩེད་འགྲན་སྐབས་སུ་ཉིན་དང་པོར་དབུ་འབྱེད་མཛད་སྒོའི་ཐོག་དཔལ་ལྡན་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་སྐུ་མགྲོན་གཙོ་བོ་དང་མཉམ་དུ་སམ་བྷོ་ཊ་བོད་སློབ་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་རྣམ་གཉིས་དང་ཉེ་འཁོར་རྒྱ་གར་སློབ་གྲྭ་ཁག་གི་སློབ་སྤྱི་ག
ཙོས་པའི་ས་གནས་ཉེ་འགྲམ་ཁག་གི་གཞིས་འགོ་རྣམ་པ། ཧིན་བོད་འཛའ་འབྲེལ་ཚོགས་པའི་དྲུང་ཆེ་སྐུ་ཞབས་གྷི་ཏ་རམ་ཁྲ་ཀུར་བཅས་མཛད་སྒོའི་སྐུ་མགྲོན་དུ་ཕེབས། ཕྱི་ལོ་༢༠༠༧ ཟླ་༩ ཚེས་༩ ནས་༡༥ བར་དཔལ་ལྡན་ཤེས་རིག་ལས་ཁུངས་ནས་ཕེབས་པའི་མདུན་ལམ་སློབ་སྟོན་པ་སྒྲོལ་དཀར་དབང་མོ་ལགས་ནས་འཛིན་རིམ་བཞིན་སློབ་མ་ཚོ་ལ་སློབ་སྦྱོང་གི་དམིགས་ཡུལ་དང་འགྲོ་ལམ་སྔོན་ཚུད་ནས་བཟོ་དགོས་པ་དང་ལྷག་པར་འཛིན་གྲྭ་༡༠ པ་ནས་ལམ་ཕྱོགས་གང་དུ་ཤར་བསྐྱོད་བྱེད་དགོས་པའི་སྦྱང་བརྩོན་ཤུགས་ཆེ་གནང་དགོས་སྐོར་བཀའ་སློབ་ལམ་སྟོན་ཟབ་རྒྱས་གནང། ཕྱི་ལོ་༢༠༠༨ ཟླ་༡༠ པའི་ནང་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཆེད་ཕེབས་ཀྱིས་དགེ་སློབ་སྤྱི་ལ་གཞི་རིམ་སློབ་གྲྭའི་ནང་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་སྟངས་སྐོར་གཟིགས་ཞིབ་དང་འབྲེལ་ལམ་སྟོན་ཞིབ་རྒྱས་གནང༌། ག) བཀའ་སློབ་གནང་ནས་ཕན་འབྲས་བྱུང་བ། གཟིགས་སྐོར་དང་བཀའ་སློབ་ཀྱི་ཕན་འབྲས་ཆེ་ཆུང་ནི་གཙོ་བོ་གཟིགས་སྐོར་བ་དང་བཀའ་སློབ་སོ་སོའི་ནང་དོན་དང་བརྒྱུད་རིམ། དུས་བསྟུན་མཇུག་སྐྱོང་བཅས་ལ་རག་ལུས་ཀྱི་ཡོད་ཀྱང༌། བཙན་བྱོལ་ནང་བོད་མིའི་སློབ་གྲྭ་དང་གཞིས་ཆགས་ཁག་ཁ་འཐོར་དུ་གནས་པ་དང༌། སྐད་ཡིག་དང་རིག་གཞུང་གི་ཁོར་ཡུག་ཞན་པ་སོགས་ཀྱི་རྒྱུ་རྐྱེན་དུ་མ་ལ་བརྟེན། སློབ་གྲྭའི་ནང་མཁས་དབང་དང་གནད་ཡོད་མི་སྣ་གདན་ཞུས་སམ་འཆར་ལྡན་གཟིགས་སྐོར་དང་བཀའ་སློབ་གནང་རྒྱུ་ནི་དགོས་ངེས་ཧ་ཅང་ཆེན་པོ་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། མི་སྣ་གལ་ཆེན་ཁག་ལ་འབྲེལ་འདྲིས་རྒྱུས་ལོན་དང་བཀའ་སློབ་བཅས་ཀྱིས་དགེ་ལས་སློབ་ཕྲུག་ཚོའི་བློ་སྟོབས་དང་གོ་རྟོགས་འཕེལ་བ་སོགས་ཕན་ཐོགས་བཟང་པོ་བྱུང་ཡོད། ང) ཤེས་ཡོན་ཡར་རྒྱས། དཔལ་ལྡན་བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་འགྲེམས་སྤེལ་གནང་བའི་འོད་སྡེར་ཁག་སློབ་ཕྲུག་དང་དགེ་ལས་རྣམ་པར་གཟིགས་འབུལ་གྱིས་བོད་དོན་སྤྱི་དང་ཁྱད་པར་བོད་གཞུང་གི་གནས་སྟངས་སྐོར་གོ་རྟོགས་སྤེལ་བ་དང༌། སློབ་ཚན་སོ་སོའི་ཚོགས་ཆུང་ཟུར་འཛུགས་བྱས་ཡོད་པ་རྣམས་ལོ་ལྟར་ཐེངས་གསུམ་ཙམ་མཉམ་འཛོམས་ཀྱི་ཡར་རྒྱས་ཐད་གྲོས་བསྡུར
་ལྷུག་པོ་གནང་བཞིན་ཡོད། ལྷག་པར་བོད་ཡིག་ཚོགས་ཆུང་ནས་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་ཐབས་སུ་ཟླ་རེར་འབྲི་རྩོམ་དང༌། ཡིག་གཟུགས་ལས་རིམ་སྤེལ་མུས་དང༌། ཕྱི་ལོ་༢༠༠༨ ནས་བཟུང་བདུན་རེར་ཉིན་གཉིས་རིང་དཔེ་མཛོད་ཁང་དུ་བོད་དགེ་རྣམས་ཀྱི་གཟིགས་རྟོག་འོག་བོད་ཡིག་གི་དཔེ་དེབ་དང་ྋརྒྱལ་བ་རིན་པོ་ཆེའི་བཀའ་སློབ་སོགས་བལྟ་ཀློག་གི་གོམས་ཤིས་བཟང་པོ་སྐྲུན་བཞིན་ཡོད། ལོ་ལྟར་སློབ་ཕྲུག་རྣམས་དབྱར་དུས་གུང་སེང་ནས་ཕྱིར་འབྱོར་འཕྲལ་སློབ་ཕྲུག་ཡོངས་ལ་ཉིན་རྒྱབ་འཛིན་གྲྭ་གྲོལ་རྗེས་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་གཏན་འབེབས་གནང་བའི་སྒྲིག་གཞི་ཁག་ངོ་སྤྲོད་དང་བགྲོ་གླེང་སྤེལ་མུས་མ་ཟད། ཕ་ཚབ་མ་ཚབ་རྣམས་ལ་ཡང་ཤེས་ལྷན་ནས་གཏན་འབེབས་གནང་བའི་ལས་འགན་བཀོད་སྒྲིག་ཡིག་ཆ་བསྐྱར་འབྲེལ་ཞུ་པ་སོགས་སློབ་ཕྲུག་ཚོའི་ཤེས་ཡོན་གོང་སྤེལ་དང་ཡ་རབས་བཟང་སྤྱོད་ལྡན་པའི་བོད་མི་ཞིག་ཏུ་འགྱུར་ཆེད་དུས་རྟག་ཏུ་འབད་བརྩོན་ལྷོད་མེད་ཞུས་དང་ཞུ་མུས་ཡིན། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་རྗེ་འོད་ཟེར་འོག་དབུས་ས་གཉིས་ཀྱི་འབྲེལ་ཡོད་མི་སྣ་རྣམ་པའི་ལམ་སྟོན་འབད་བརྩོན་ལ་བརྟེན་སྤོན་ཊ་བོད་གཞུང་གཏན་སློབ་འདི་བཞིན་ལོ་རེ་བཞིན་ཡར་རྒྱས་འགྲོ་བཞིན་ཡོད་དོ། །
ཅོང་ཏ་ར་སམ་བྷོ་ཊ་གཏན་སློབ།
དཀར་ཆག
༡། འགོ་འཛུགས།
༢། མཐུན་རྐྱེན་འཛུགས་སྐྲུན།
༣། སློབ་འཇུག་དང་ཡིག་རྒྱུགས་གནས་སྟངས།
༤། ཤེས་ཡོན་ལས་རིམ།
༥། གཞུང་འབྲེལ་འཚམས་གཟིགས།
༡། འགོ་འཛུགས།
སློབ་གྲྭ་འདི་ཐོག་མ་ཕྱི་ལོ་༡༩༧༨ ཟླ་༩ ཚེས་༢༦ ཉིན་གསར་འཛུགས་གནང༌། ཐོག་མའི་ཆར་སློབ་ཕྲུག་གྲངས་༣༢ དང་དགེ་ལས་༣ བཅས་ཡོད། ཕྱི་ལོ་༢༠༠༨ ལོའི་ནང་སློབ་ཕྲུག་གྲངས་༣༦༩ དང་དགེ་ལས་༤༢ ཡོད།
༢། མཐུན་རྐྱེན་འཛུགས་སྐྲུན།
ཐོག་མ་ས་གནས་གཞིས་ལས་ཁང་གིས་འཛིན་སྐྱོང་གནང༌། ཕྱི་ལོ་༡༩༧༨ ནས་བཟུང་བོད་གཞུང་ཤེས་རིག་གི་ཁྱབ་ཁོངས་སུ་རྩིས་འབུལ་ཞུས་ཏེ་ཤེས་རིག་ཐད་འཛིན་སློབ་གྲྭའི་ཁོངས་སུ་ཚུད། ཕྱི་ལོ་༡༩༩༨ ལོར་སློབ་ཕྲུག་༢༠༠ ཤོང་ཚད་ཅན་གྱི་ཉལ་ཁང་གསར་རྒྱག་གི་ཨར་ལས་མཇུག་གྲུབ་འཕྲལ་གཏན་འཇགས་སློབ་གྲྭར་བསྒྱུར་འགོ་བརྩམས། དེ་ནས་ད་ལྟའི་བར་ཨར་ལས་ཡོངས་རྫོགས་ཤེས་རིག་ལས་ཁུངས་ནས་ཐུགས་འགན་གཙང་བཞེས་གནང་ཡོད། སྐབས་དེར་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་ཊུ་ཊིང་ཁུལ་གྱི་སློབ་ཕྲུག་༣༠༠ ཙམ་སྡོད་གནས་མཐའ་མཚམས་ཡིན་པའི་རྐྱེན་གྱིས་སློབ་སྦྱོང་གི་གོ་སྐབས་མ་ཐོབ་པ་རྣམས་ལ་ལ་དགོངས་བཞེས་ཀྱིས། ལོ་དེར་སློབ་ཕྲུག་༡༠༠ ཙམ་སློབ་འཇུག་གནང་བ་དང༌། ཕྱི་ལོ་༡༩༩༩ དང་༢༠༠༠ བཅས་སུ་སླར་ཡང་སློབ་ཕྲུག་༡༠༠ རེ་ཚུར་བླངས་ཏེ་གཏན་སློབ་ཏུ་བཅུག སྐབས་དེར་སློབ་ཕྲུག་རྣམས་ཀྱི་འཚོ་སྣོན་སོགས་ཀྱི་ཐད་མ་སུ་རི་བོད་ཁྱིམ་གྱིས་རོགས་རམ་གནང་ཡོད། སྐབས་དེར་ལས་ཤག་ཁག་གཉིས་བརྒྱབ་ཡོད་པའི་ནང་ནས་ལས་ཤག་གཅིག་སློབ་གྲྭའི་ཕྱི་རོལ་དུ་བརྒྱབས་ཡོད་པ་དང་ལས་ཤག་གཅིག་སློབ་གྲྭའི་ནང་བརྒྱབ་ཡོད། འཛིན་ཆས་སོགས་ཡར་རྒྱས་སྐོར་སློབ་ཕྲུག་ཡོངས་རྫོགས་ལ་ཙོག་རྩེ་དང་རྐུབ་སྟེགས་བཅས་འདང་ངེས་བཞིན་པ་ཡོད་པ་མ་ཟད་འཛིན་གྲྭའི་ནང་དཔེ་མཛོད་རེ་རེ་མཁོ་སྒྲུབ་ཞུ་ཡོད།
ཕྱི་ལོ་༢༠༠༡ ལོ་ནས་བཟུང་སློབ་གྲྭའི་ནང་དཔེ་མཛོད་ཁང་གི་མཐུན་རྐྱེན་གསར་འཛུགས་ཐོག་བོད་གཞུང་ཤེས་རིག་ལས་ཁུངས་དང༌། སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་གི་མཐུན་རྐྱེན་རོགས་རམ་འོག་ད་བར་ཁྱོན་བསྡོམས་རྒྱ་བོད་ཨིན་གསུམ་གྱི་དཔེ་དེབ་གྲངས་༨༦༠༠ ཡོད།
ཕྱི་ལོ་༢༠༠༡ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་རོགས་དངུལ་ཐབས་འཚོལ་གྱིས་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་བརྒྱུད་ཀམ་པུ་ཊར་སྡེ་ཚན་གསར་འཛུགས་བྱས་པའི་ནང་ད་ལྟ་ཀམ་པུ་ཊར་གྲངས་༢༠ ཡོད།
ཕྱི་ལོ་༢༠༠༡ ལོར་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་གི་བཀོད་ཁྱབ་བཞིན་ཚན་རིག་བརྟག་དཔྱད་ཁང་གསར་འཛུགས་དང་སྦྲགས་དགོས་ངེས་ཡོ་ཆས་ཡོངས་རྫོགས་གསར་སྒྲིག་བྱས།
ཕྱི་ལོ་༢༠༠༢ ཟླ་༧ ཚེས་༡༨ ཉིན་ཐོག་བརྩེགས་གཉིས་ཅན་གྱི་འཛིན་ཁང་གསར་རྒྱག་ལེགས་གྲུབ་བྱུང་སྟེ། ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་གིས་དབུ་འབྱེད་གནང༌། འཛིན་ཁང་འདི་ལེགས་གྲུབ་བྱུང་བ་དང་མཉམ་དུ་ཕེ་རི་སི་རྒྱལ་སྤྱིའི་བྱིས་པའི་སློབ་གསོའི་ཐེབས་རྩ་ཚོགས་པའི་ཅོན་ཏ་ར་སློབ་གྲྭར་རོགས་སྐྱོར་གྱི་ལས་རིམ་ལེགས་གྲུབ་བྱུང་ཡོད། འཆར་གཞི་དེའི་ཁོངས་སུ་སློབ་ཕྲུག་ཉལ་ཁང་དང༌། སྨན་ཁང༌། དགེ་རྒན་ལས་ཤག་བཅས་འདུས་ཡོད།
ཌན་མག་(SOIR-IM)རོགས་ཚོགས་ཀྱི་རོགས་སྐྱོར་འོག་སམ་བྷོ་ཊ་སྤྱི་ཁྱབ་འཛིན་སྐྱོང་ཡིག་ཚང་གིས་ཕྱི་ལོ་༢༠༠༣ ལོར་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་གི་བཀའ་འབྲེལ་སྐད་ཡིག་སྦྱོང་བརྡར་ཁང་གསར་འཛུགས་ཐོག་རྩིག་བརྙན་འཕྲུལ་འཁོར། ཀམ་པུ་ཊར་སྦྱོང་བརྡར་ཁང༌། འཕྲུལ་དཔར་དང་མྱུར་འཕྲིན། དྲ་རྒྱ་སོགས་ཀྱི་མཐུན་རྐྱེན་མཁོ་སྤྲོད་གནང༌།
ཕྱི་ལོ་༢༠༠༥ ཟླ་༥ པར་ཌན་མག་བོད་ཀྱི་དགེ་རྩ་(Tibet Charity, Denmark)ཚོགས་པའི་རོགས་སྐྱོར་འོག་མི་ཁྱིམ་༢ ཅན་གྱི་ལས་ཤག་གསར་རྒྱག་གི་ལས་གཞི་ལེགས་གྲུབ་བྱུང༌།
ཕྱི་ལོ་༢༠༠༦ ལོར་སམ་བྷོ་ཊ་སྤྱི་ཁྱབ་འཛིན་སྐྱོང་ནས་གཞི་རིམ་བར་མའི་སློབ་ཁག་ནང་ཀམ་པུ་ཊར་གསར་བཅོས་ལས་གཞིའི་ཁྲོད་སློབ་གྲྭའི་ཀམ་པུ་ཊར་སྦྱོང་བརྡར་ཁང་དུ་ཀམ་པུ་ཊར་གསར་པ་༧ མཁོ་སྤྲོད་གནང༌།
ཕྱི་ལོ་༢༠༠༧ ལོར་ཌན་མག་བྱིས་པའི་ཐེབས་རྩེའི་(Danish Chldren Fund)རོགས་རམ་འོག་སློབ་གྲྭ་འདིའི་ཁང་བརྩེགས་ལ་ཞིག་གསོ་དང༌། འཛིན་ཁང་དང་ཁྱམས་རའི་ཞ་ལ་ཨར་འདིང༌། སློབ་གྲྭའི་ར་བའི་ས་གཞི་ཁོད་སྙོམས། ཆུ་ཡུར་ལེགས་བཅོས་སོགས་ཀྱི་ལས་གཞི་བདེ་བླག་ངང་མཇུག་སྐྱོང་གྲུབ།
ལོ་དེར་བཟོ་རིག་སྡེ་ཚན་ཟུར་འཛུགས་བྱས། རྫ་མ། འཚེམ་བུ། ཤིང་བཟོ། ལྷས་མ་སླ་སྟངས། མེ་ཏོག་ཁོག་རྒྱག་སྟངས། རི་མོ་འབྲི་སྟངས་སོགས་སྦྱོང་བརྡར་བཟོ་སྐྲུན་བྱེད་མུས་ཡིན།
སློབ་གྲྭའི་རོལ་ཆ་ཁང་གི་ནང་སྒྲ་སྙན་ཆེ་ཆུང་དང༌། པི་ཝང་ཆེ་ཆུང༌། རྔ་ཆེན། རྒྱུད་མངས་སོགས་རོལ་ཆ་སྣ་མང་ཁྱོན་བསྡོམས་གྲངས་༡༥༡ ལྷག་དང༌། བོད་ཀྱི་ཡུལ་ལུང་སོ་སོའི་སྲོལ་རྒྱུན་གྱོན་ཆས་དང༌། འཁྲབ་ཆས་ཆེ་ཆུང་བསྡོམས་༨༠༠ ལྷག་ཡོད་པ་དུས་ཆེན་དང་མཛད་སྒོའི་སྐབས་བཀོལ་སྤྱོད་བྱེད་མུས་ཡིན།
སློབ་གྲྭ་འདིར་ཁྱོན་བསྡོམས་འཛིན་ཁང་༡༥ དང༌། སློབ་ཕྲུག་ཉལ་ཁང་༨ དཔེ་མཛོད་ཁང་༡ ཚན་རིག་བརྟག་དཔྱད་ཁང་༡ སློབ་ཁྲིད་ཡོ་ཆས་བཟོ་སྐྲུན་ཁང་༡ སྐད་ཡིག་སྦྱོང་བརྡར་ཁང་༡ ཚོགས་ཁང་༡ སྨན་ཁང་༡ རྩེད་ཐང་དང་ཚལ་ཞིང་སོགས་མཐུན་རྐྱེན་གང་ལེགས་ཡོད།
༣། སློབ་འཇུག་དང་ཡིག་རྒྱུགས་གནས་སྟངས།
ཕྱི་ལོ་༡༩༨༩ ནས་༢༠༠༩ བར་ཅོན་ཏ་ར་སློབ་གྲྭའི་སློབ་ཕྲུག་གྲངས་འབོར་གནས་སྟངས་གཤམ་གསལ།
ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་སྡོམ་རྩིས་བྱས་པ་ལྟར་ན། ལོ་དེར་སློབ་གྲྭ་འདིར་སློབ་ཕྲུག་བུ་༡༦༧ དང་བུ་མོ་༡༨༨ བཅས་བསྡོམས་༣༥༥ ཡོད་པའི་ཁྲོད་བུ་༡༦༧ དང་བུ་མོ་༡༨༨ བཅས་ཡོད། ཉིན་སློབ་༥༥ དང་གཏན་སློབ་༣༠༠ ཡོད་པའི་ནང་བོད་རིགས་མ་ཡིན་པའི་སློབ་ཕྲུག་༥ ཡོད། དགེ་རྒན་༢༠ དང་ལས་བྱེད་༡༨ བཅས་ཁྱོན་བསྡོམས་དགེ་ལས་༣༨ ཡོད།
ཕྱི་ལོ་༡༩༩༨ ནས་༢༠༠༨ བར་འདས་པའི་ལོ་ངོ་༡༡ རིང་སློབ་གྲྭ་འདིའི་འཛིན་རིམ་བརྒྱད་པའི་ལོ་འཁོར་ཡིག་རྒྱུགས་ཀྱི་གྲུབ་འབྲས་གནས་སྟངས་གཤམ་གསལ།
གོང་གསལ་རྣམས་ཕུད་ཕྱི་ལོ་༢༠༠༤ དང་༢༠༠༨ ལོ་བཅས་སུ་འཛིན་གྲ་དགུ་པའི་རྒྱུགས་འཕྲོད་བརྒྱ་ཆ་རིམ་པ་བཞིན་བརྒྱ་ཆ་༦༥ དང་༧༦་༦ བཅས་བྱུང་ཡོད།
སློབ་གྲྭ་འདི་འགོ་འཛུགས་གནང་ནས་བཟུང་ཕྱི་ལོ་༡༩༩༦ བར་ཁ་གསལ་ཡིག་ཆ་མེད་པའི་རྐྱེན་གྱིས་སྤྱན་འབུལ་ཞུ་ཐབས་བྲལ་བའི་ཕྱི་ལོ་༡༩༩༧ ནས་ད་བར་ཡིག་ཆའི་ནང་གསལ་བ་ལྟར་ན་ཕྲུག་གྲངས་༥༥༦ གང་ཅིའི་ཐད་མཐའ་འཁྱོལ་བྱུང་ཡོད་པ་གསལ་འདུག
༤། ཤེས་ཡོན་ལས་རིམ།
ཅོན་ཏ་ར་སློབ་གྲྭ་འདིའི་སློབ་ཚན་དང་སློབ་ཁྲིད་དུས་ཚོད་བཀོད་སྒྲིག་བྱེད་སྟངས་སམ་བྷོ་ཊ་སློབ་གྲྭ་བྱིངས་དང་སྤྱི་མཚུངས་ཡིན་ཞིང༌། ཕྱི་ལོ་༢༠༠༦ ལོར་སམ་བྷོ་ཊ་སློབ་ཁག་ཏུ་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ལག་བསྟར་འགོ་འཛུགས་གནང་བ་ནས་བཟུང༌། ཤེས་ཡོན་སྲིད་ཇུས་གསར་བའི་དགོངས་དོན་ལྟར་དགེ་རྒན་འོས་སྦྱོང་ཐོན་པ་དྲུག་བསྐོ་གཞག་གནང་སྟེ། སྦྱང་ཤིང་འགོ་འཛུགས་གནང༌། འཛིན་གྲྭ་བཞི་པར་སླེབས་སྐབས་གཞི་ནས་ཨིན་ཇིའི་སྐད་ཡིག་འགོ་འཛུགས་བྱས་ཡོད། སློབ་ཕྲུག་ལ་ཉེས་རྡུང་གཏོང་ལམ་མཚམས་འཇོག་དགོས་པའི་སྒྲིག་ཁྲིམས་བཟོས་པ་མ་ཟད། ྋགོང་ས་མཆོག་དང་དབུས་ཤེས་རིག་ལས་ཁུངས་ཀྱི་བཀའ་དགོངས་བཞིན་སློབ་གྲྭའི་ནང་ཆོས་དགེ་གཏན་འཛུགས་གནང་དོན་ལྟར། འཛིན་རིམ་དྲུག་པ་ཡན་གྱི་སློབ་མའི་ཁྲོད་བོད་ཀྱི་ཐུན་མོང་མ་ཡིན་པའི་གཏན་ཚིགས་རིག་པའི་སྔོན་འགྲོ་བསྡུས་གྲྭའི་འཆར་ཁྲིད་ཐོག་དམིགས་བསལ་ཤུགས་སྣོན་བརྒྱབ་པས་གྲུབ་འབྲས་བཟང་པོ་ཐོབ་པ་དང༌། སློབ་མ་རྣམས་ཀྱི་མི་གཤིས་དང་བཟང་སྤྱོད་
ཡར་རྒྱས་ཡོང་སླད་ནང་ཆོས་ངོ་སྤྲོད་གལ་ཆེན་དུ་བརྩིས་ནས་རྫོང་སར་བཤད་གྲྭ་ནས་བླ་སྤྲུལ་མཁན་པོ་རྣམས་བདུན་ཕྲག་རེས་མོས་བཞིན་གདན་འདྲེན་ཞུ་བཞིན་ཡོད། ད་བར་མཁན་པོ་བཀྲ་ཤིས་རྡོ་རྗེ། མཁན་པོ་མཁྱེན་རབ་དཔལ་ལྡན། མཁན་པོ་བྱམས་པ་བསྟན་འཕེལ་སོགས་དམིགས་བསལ་གདན་ཞུས་ཀྱིས་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་སྤེལ་ཡོད།
ལོ་རེར་བོད་གཞུང་སློབ་གྲྭ་སྤྱི་མཚུངས་བཞིན་བུམ་སྐྱོན་གསུམ་བྲལ་གྱི་སློབ་ཕྲུག་བུ་༡ དང་བུ་མོ་༡ བཅས་འདེམས་སྒྲུག་བྱེད་མུས་ཡིན་ལ། ཕྱི་ལོ་༢༠༠༨ ལོར་སློབ་ཕྲུག་བུ་ཉི་མ་བཀྲ་ཤིས་དང༌། བུ་མོ་ཀུན་བཟང་ལྷ་སྐྱིད་གཉིས་ལ་བུམ་སྐྱོན་གསུམ་བྲལ་གྱི་བྱ་དགའ་དང་ལག་འཁྱེར་གསོལ་རས་གནང༌།
ལོ་རེར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་གཏན་ཉིན་སློབ་གྲྭའི་རྒྱལ་ཡོངས་བོད་ཡིག་རྩོམ་འབྲིའི་འགྲན་བསྡུར་ནང་ཕྱི་ལོ་༢༠༠༠ ལོར་འཛིན་རིམ་བརྒྱད་པའི་སློབ་ཕྲུག་ཤེས་རབ་དབང་མོ་དང༌། ཕྱི་ལོ་༢༠༠༥ ལོར་འཛིན་རིམ་བཅུ་པའི་སློབ་མ་བྱུ་རུ་དབང་མོ་བཅས་ལ་བྱ་དགའ་ལག་འཁྱེར་གསོལ་རས་ཐོབ།
ཕྱི་ལོ་༢༠༠༩ ཟླ་༣ ཚེས་༩ ཉིན་བོད་གཞུང་དམངས་གཉིས་ཀྱིས་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་འབུལ་བའི་མཛད་སྒོའི་ཐོག་དྷ་སྟེང་བོད་ཁྱིམ་དང༌། མ་སུ་རི་བོད་ཁྱིམ། སིམ་ལ་གཏན་སློབ་བཅས་དང་ལྷན་སློབ་གྲྭ་འདིའི་སློབ་ཕྲུག་གཉིས་ཀྱིས་ྋགོང་ས་མཆོག་གི་དྲུང་དུ་རིགས་ལམ་རྩོད་རྒྱུགས་སྤྱན་འབུལ་ཞུས་པར། ཐུགས་དགྱེས་མཉེས་ཆེན་པོས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ཞིང་སྐུ་པར་བསྒྲོན་པ་སོགས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་གྱུར།
༥། གཞུང་འབྲེལ་འཚམས་གཟིགས།
སློབ་གྲྭ་འདིར་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དང༌། ྋདཔལ་རྒྱལ་བ་ཀརྨ་པ། ྋས་སྐྱ་བདག་ཁྲི་རིན་པོ་ཆེ། བྱ་དུར་རིན་པོ་ཆེ། བུ་མང་རིན་པོ་ཆེ། བླ་ཁ་རིན་པོ་ཆེ་སོགས་བླ་ཆེན་ཁག་དང༌། བོད་མི་མང་སྤྱི་འཐུས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ། སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས། སྤྱི་འཐུས་ཚེ་རིང་བཀྲ་ཤིས། སྤྱི་འཐུས་ཚེ་རིང་པོ་སོགས་བོད་མི་མང་སྤྱི་འཐུས་རྣམ་པ། ཤེས་རིག་བཀའ་བློན་རིན་ཆེན་མཁའ་འགྲོ་དང༌། བཀའ་བློན་ཐུབ་བསྟན་ལུང་རིགས། ཤེས་རིག་དྲུང་ཟུར་ཚེ་རིང་དབང་རྒྱལ། དྲུང་ཆེ་དངོས་གྲུབ་ཚེ་རིང༌། ཤེས་རིག་དྲུང་ཆེ་ཚེ་རིང་དོན་གྲུབ། ད་ལྟའི་དྲུང་ཆེ་ལས་ཐོག་ཀརྨ་དགེ་ལེགས་བཅས་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་མཛད་གཙོ་རྣམ་པ། གཞན་ཡང་དགེ་བཤེས་རྡོ་རྗེ་དགྲ་འདུལ་དང༌། དགུ་བཅུ་གསུམ་ཆབ་སྲིད་བཙོན་གྲོལ་ཚོགས་པའི་ཚོགས་གཙོ་ངག་དབང་འོད་འབར་སོགས་གདན་ཞུས་ཀྱིས་བཀའ་སློབ་གསུང་བཤད་གོ་སྒྲིག སམ་བྷོ་ཊ་བོད་གཞུང་སློབ་གྲྭའི་སྤྱི་ཁྱབ་ཡིག་ཚང་འགན་འཛིན་སྐུ་ཞབས་ཀརྨ་ཆུང་བདག་དང༌། བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་སོགས་འབྲེལ་ཡོད་དུ་མས་ཤེས་ཡོན་དང་འཛིན་སྐྱོང་གང་ཅིར་རྟོག་ཞིབ་དང་ལམ་སྟོན་གནང་དང་གནང་མུས་ཡིན།
ཁྱད་པར་ཕྱི་ལོ་༡༩༩༩ ཟླ་༣ ཚེས་༢༥ ཉིན་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་སློབ་གྲྭ་འདིའི་ཚོགས་ཁང་དང༌། སློབ་ཕྲུག་ཉལ་ཁང་ལ་རབ་གནས་དབུ་འབྱེད་བཀའ་དྲིན་བསྐྱངས། སྐབས་དེར་ྋགོང་ས་མཆོག་ནས་སློབ་གྲྭའི་དཔལ་འབྱོར་གྱི་རྒྱུ་གྲོན་རོགས་སྐྱོར་གནང་མཁན་འཛམ་གླིང་བྱིས་པའི་ཐེབས་རྩའི་སྐུ་ཚབ་སྐུ་ཞབས་སེ་ཌི་རིག་ཝ་ཁོ་ཛ་(Mr.Cedric Wachholz, representative of UNESCO)ལ་མཇལ་དར་བསྒྲོན་པ་དང་ལྷན་ཐུགས་རྗེའི་གསུང་བཤད་གནང༌།
ཕྱི་ལོ་༢༠༠༦ ཟླ་༡༡ པའི་ནང་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཆེད་ཕེབས་ཀྱིས་ལོ་འཁོར་ཤེས་ཡོན་རྟོག་ཞིབ་དང་འབྲེལ་དགེ་སློབ་སྤྱི་ལ་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་སྟངས་སྐོར་ལམ་སྟོན་ཞིབ་རྒྱས་གནང༌།
ཕྱི་ལོ་༢༠༠༦ ཟླ་༡༡ ཚེས་༢༠ ནང་ཤེས་རིག་ལས་ཁུངས་ཀྱི་དྲུང་ལས་བསྟན་འཛིན་བློ་གསལ་དང༌། དྲུང་ལས་སྐལ་བཟང་རིན་ཆེན་རྣམ་གཉིས་སློབ་གྲྭ་འདིར་སྤྱི་ཡོངས་ཤེས་ཡོན་རྟོག་ཞིབ་དང་འབྲེལ་ཨིན་ལན་བོད་ཀྱི་ཐེབས་རྩའི་རོགས་དངུལ་ལས་འཆར་ལ་དམིགས་བསལ་རྟོག་ཞིབ་གནང༌།
ཕྱི་ལོ་༢༠༠༧ ཟླ་༥ པའི་ནང་དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་བཀའ་འབྲེལ་བཞིན་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་སློབ་གྲྭ་འདིར་ཆེད་ཕེབས་ཀྱིས་སློབ་ཕྲུག་རྣམས་ལ་ནང་ཆོས་ཀྱི་གོ་རྟོགས་སྤེལ་བར་ཕན་ཐོགས་ཆེན་པོ་ཐོབ།
ཕྱི་ལོ་༢༠༠༨ ཟླ་༡༠ པའི་ནང་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཆེད་ཕེབས་ཀྱིས་ཤེས་ཡོན་རྟོག་ཞིབ་དང་ཆབས་ཅིག དགེ་སློབ་ཡོངས་ལ་གཞི་རིམ་སློབ་གྲྭའི་ནང་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་སྟངས་སྐོར་ལམ་སྟོན་ཞིབ་རྒྱས་གནང༌།
གཞན་ཡང་ཌན་མག་དང༌། ཨིན་ལན། འཇར་པན། ཨོ་སི་ཊི་རི་ལི་ཡ། སུད་སི། ཨི་སི་རལ་སོགས་ཕྱི་རྒྱལ་ཡུལ་ཁག་གི་སྐུ་མགྲོན་དང་སྦྱིན་བདག རོགས་ཚོགས་ལས་བྱེད་བཅས་སློབ་གྲྭ་འདིར་འཚམས་གཟིགས་ཀྱིས་རོགས་རམ་གནང་དང་གནང་མུས་ཐོག རྒྱ་གར་གྱི་ས་གནས་རྫོང་དཔོན།(SDM) ས་གནས་སྐོར་སྲུང་སྤྱི་ཁྱབ།(Asstt. Sub Inspector Police Station Chauntra) མཁས་དབང་གོ་སོ། ཌོག་ཊར་ཤར་མ།(Dr. Sharma from Paprola) ཌོག་ཊར་ས་དན་ན་(Dr. Sadana Dentist)སོགས་ཆེད་ལས་མཁས་པ་དང༌། སྐུ་ཞབས་ཇམ་ཝལ་(Sh. Jamwal DSP)སོགས་དཔོན་རིགས་ཁག་ཀྱང་སློབ་གྲྭ་འདིར་འཚམས་གཟིགས་ཀྱིས་གལ་ཆེའི་གསུང་བཤད་གནང་ཡོད།
གངས་སྐྱིད་སམ་བྷོ་ཊ་ཉིན་སློབ།
དཀར་ཆག
༡། འགོ་འཛུགས།
༢། མཐུན་རྐྱེན་འཛུགས་སྐྲུན།
༣། སློབ་ཐོན་གྲངས་འབོར།
༤། ཤེས་ཡོན་ལས་རིམ།
༥། གཞུང་འབྲེལ་འཚམས་གཟིགས།
༡། འགོ་འཛུགས།
སློབ་གྲྭ་ཐོག་མར་ཕྱི་ལོ་༡༩༧༥།༧༦ ཡས་མས་སུ་དྷ་ས་བོད་ཁྱིམ་གྱིས་གངས་སྐྱིད་གཞུང་ཞབས་རྣམ་པའི་ཕྲུ་གུ་སློབ་འཇུག་ཆེད་གསར་འཛུགས་གནང༌། སྐབས་དེར་སློབ་གྲྭའི་ནང་སློབ་ཕྲུག་གྲངས་༢༥ དང༌། དགེ་ལས་༢ མ་གཏོགས་མེད། (དགེ་རྒན་༡ མ་མ་དང་ཡིག་སྐྱེལ་གཅིག་ལྕོགས་༡ བཅས་ཡོད།)
ཕྱི་ལོ་༢༠༠༨ ལོར་ཁྱོན་བསྡོམས་སློབ་ཕྲུག་༨༢ དང་དགེ་ལས་༡༡ བཅས་ཡོད།(དགེ་ཆེ་༡ དམའ་རིམ་དགེ་རྒན་༡ སྔོན་དགེ་༧ ཡིག་སྐྱེལ་༡ དང་མ་བྱན་༡ བཅས་ཁྱོན་བསྡོམས་༡༡ ཡོད།)
༢། མཐུན་རྐྱེན་འཛུགས་སྐྲུན།
གངས་སྐྱིད་སཾ་བྷོ་ཊ་ཉིན་སློབ་འདི་བཞིན་ཕྱི་ལོ་༡༩༧༥།༧༦ ལོར་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་དབུ་འཛིན་ལྕམ་སྐུ་རྗེ་བཙུན་པདྨ་མཆོག་ནས་བཞུགས་སྒར་གངས་ཅན་སྐྱིད་གཤོངས་སུ་གནས་སྡོད་བོད་གཞུང་གི་སྲི་ཞུ་བ་རྣམས་ཀྱི་བུ་ཕྲུག་གི་ཤེས་ཡོན་གཟིགས་སྐྱོང་ཆེད་སྔོན་འགྲོའི་སློབ་གྲྭ་ཞིག་དགོས་ངེས་ལ་གཟིགས་ནས་གསར་འཛུགས་གནང༌།
དེ་ནས་བཟུང་དྷ་ས་བོད་ཁྱིམ་གྱི་གཟིགས་རྟོག་འོག་ཚུད་དེ་ཐོག་མའི་ཆར་འཛིན་ཁང་གཅིག་གསར་རྒྱག་གནང༌། སྐབས་དེར་སློབ་ཕྲུག་༢༥ ཙམ་དང་དགེ་ལས་༢ བཅས་ཡོད།
དེ་རྗེས་ཕྱི་ལོ་༡༩༧༨ ལོ་ནས་བོད་ཁྱིམ་ནས་བོད་གཞུང་ཤེས་རིག་ལས་ཁུངས་ལ་རྩིས་སྤྲོད་ཀྱིས་ཤེས་རིག་ཐད་འཛིན་འོག་ཡོད་པའི་གཞི་རིམ་འོག་མའི་སློབ་གྲྭ་ཞིག་ཏུ་གྱུར། སྐབས་དེར་སློབ་ཕྲུག་༤༠ དགེ་ལས་༣ བཅས་ཡོད།
དེ་རྗེས་ཕྱི་ལོ་༡༩༨༣ ལོ་ནས་སློབ་ཕྲུག་གྲངས་འབོར་༦༧ དང་འཛིན་ཁང་༤ ཡོད་པས་འཛིན་ཁང་རྙིང་པ་གསུམ་གྱི་ནང་སྔོན་འགྲོ་གཉིས་པ་དང་འཛིན་རིམ་དང་པོ་དང་གཉིས་པ་བཅས་དང༌། དགེ་ལས་གྲངས་༥ ཡོད་པའི་ཁོངས་སུ་ཨོས་ཊི་ལི་ཡ་ནས་ཡིན་པའི་དགེ་རྒན་དང་བླངས་པ་གཅིག་ཀྱང་ཡོད༌།
ཕྱི་ལོ་༡༩༨༤ ནང་སྔོན་འགྲོ་གོང་འོག་གཉིས་དང་འཛིན་རིམ་དང་པོ་ནས་བཞི་པ་བར་ཡོད། སྐབས་དེར་འཛིན་རིམ་གསུམ་པའི་ནང་སློབ་ཕྲུག་གྲངས་༦ དང་བཞི་པའི་ནང་སློབ་ཕྲུག་གྲངས་༣ མཉམ་བསྲེས་ཀྱིས་འཛིན་སྡེ་གཅིག་བྱས་ཡོད་ལ། དགེ་ལས་གྲངས་༦ ཡོད།
ཕྱི་ལོ་༡༩༨༥ ལོ་ནས་སྤྱིར་བཏང་སློབ་ཕྲུག་གྲངས་འབོར་མང་དུ་ཕྱིན་ཡོད་ནའང་འཛིན་རིམ་གསུམ་པ་དང་བཞི་པའི་ནང་སློབ་མ་གྲངས་འབོར་ཉུང་དུ་ཕྱིན་པ་ལ་བརྟེན་རང་གཞུང་ཤེས་རིག་ལས་ཁུངས་ནས་འཛིན་རིམ་གཅོག་ཆ་གནང་ནས་འཛིན་གྲྭ་གཉིས་པ་བར་ཕབ་རྒྱུའི་གཏན་འབེབས་གནང༌།
ཕྱི་ལོ་༡༩༩༠ ལོར་ད་ཡོད་འཛིན་ཁང་༣ དང་ཐབ་ཚང་གསང་སྤྱོད་བཅས་ཤེས་རིག་ལས་ཁུངས་ཀྱིས་གཟིགས་རྟོག་འོག་གསར་རྒྱག་གནང༌། ཕྱི་ལོ་༢༠༠༠ ལོར་སྔར་གྱི་འཛིན་ཁང་རྙིང་པ་༣ གཏོར་བའི་ཤུལ་དུ་ད་ཡོད་ཚོགས་ཁང་༡ དང་འཛིན་ཁང་༢ དོ་ཁང་བཅས་གསར་སྐྲུན་གནང༌། དེ་རྗེས་སློབ་མའི་གྲངས་འབོར་ལ་གཞིགས་པའི་འཛིན་ཆས་སོགས་ཀྱང་རིམ་པའི་ཡར་རྒྱས་གང་འཚམས་ཕྱིན་ཡོད།
ཕྱི་ལོ་༢༠༠༠ ལོ་ནས་སྔོན་འགྲོ་གོང་འོག་གཉིས་ཀྱི་ཚབ་ཏུ་སྔོན་འགྲོ་ལོ་རིམ་གསུམ་( Stage I, II and III)སྔོན་འགྲོ་དང་པོ་གཉིས་པ་གསུམ་པ་བཅས་ཀྱི་མོན་ཊེ་སོ་རིའི་ལམ་སྲོལ་གཏན་འབེབས་གནང༌། སློབ་མའི་སློབ་འཇུག་གི་ལོ་ཚད་ཡང་ལོ་བཞི་ནས་ཕབ་སྟེ་ལོ་གསུམ་གཏན་འབེབས་དང་སྦྲགས་སློབ་ཁྲིད་བྱེད་ཕྱོགས་ཐད་མོན་ཊེ་སོ་རིའི་སློབ་ཁྲིད་ལམ་སྲོལ་ལག་བསྟར་དགོས་པའི་བཀོད་ཁྱབ་བཞིན་བསྐྱོད་མུས་ཡིན།
གངས་སྐྱིད་ཉིན་སློབ་འདི་དྷ་ས་གངས་ཅན་སྐྱིད་གཤོངས་ཀྱི་དབུས་ལས་ཁུངས་ཁག་དང་འདབས་འབྲེལ་དུ་གནས་གཤིས། ས་རྒྱ་ཅུང་དོག་ཅིང་རྒྱ་བསྐྱེད་ཀྱི་མདུན་ལམ་མེད་ནའང༌། ཕྱི་ལོ་༢༠༠༤ ལོར་རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་རོགས་དངུལ་ཐབས་འཚོལ་གྱིས་བསྐྱར་དུ་འཛིན་ཁང་༡ དང་སློབ་གྲྭའི་དཔེ་མཛོད་ཁང་བཅས་གསར་སྐྲུན་གནང༌།
དེང་སྐབས་སློབ་གྲྭ་འདིར་འཛིན་ཁང་༥ ཚོགས་ཁང་ཆུང་ཆུང་༡ དགེ་རྒན་ལས་སྒྲུབ་ཁང་༡ དཔེ་མཛོད་ཁང་དང་ཐབ་ཚང་བཅས་ཁྱོན་བསྡོམས་ཁང་མིག་༩ དང་གསང་སྤྱོད་ཁག་༢ བཅས་ས་བབ་དང་གནས་ཡུལ་ལ་གཞིགས་པའི་འཛིན་ཁང་དང་འཛིན་ཆས་སོགས་ཀྱང་གང་ལེགས་ཡོད་པའི་ཐོག ཕྱི་ལོ་༢༠༠༥ ལོའི་དགུན་ཁའི་གུང་གསེང་སྐབས་དགེ་རྒན་ཕ་མའི་ཚོགས་ཆུང་གིས་མ་དངུལ་ཐབས་འཚོལ་གྱིས་སློབ་གྲྭའི་མདུན་གྱི་རྩེད་ཐང་ལ་ཐོག་འགེབས་བཟོ་འཛུགས་གནང་བ་་དང༌། སློབ་མ་རྣམས་ཆར་ཞོད་སྐབས་དང་ཉིན་གུང་གསོལ་ཚིགས་བཞེས་རྒྱུར་སྟབས་བདེ་བསྐྲུན་ཡོད།
སློབ་གྲྭའི་ནང་གཞས་དང་ཞབས་བྲོ། གཏམ་བརྗོད། ཟློས་གར་སོགས་འཁྲབ་སྟོན་གཟིགས་འབུལ་ཆེད་བོད་གཞུང་ཤེས་རིག་ལས་ཁུངས་དང་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང༌། དགེ་རྒན་ཕ་མའི་འཐུས་ཚོགས་སོགས་བརྒྱུད་ཆོལ་གསུམ་ཡུལ་ལུང་མི་འདྲ་བའི་གྱོན་ཆས་གྲངས་༢༢༥ དང༌། སྒྲ་སྙན་དང་རྔ་ཆུང༌། གླིང་བུ་སོགས་རོལ་ཆ་སྣ་འཛོམས་ཡོད།
ཕྱི་ལོ་༢༠༠༥ ཟླ་༡༠ ཚེས་༣ ནས་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་གི་མཐུན་སྦྱོར་དང་དགེ་རྒན་ཕ་མའི་ཚོགས་ཆུང་གི་གཟིགས་རྟོག་འོག་སློབ་ཕྲུག་རྣམས་ལ་ཉིན་གུང་གསོལ་ཚིགས་འབུལ་ཐུབ་བྱུང་བས། བོད་གཞུང་ལས་བྱེད་རྣམས་ལ་ཉིན་གུང་གི་དུས་གསེང་ཆུ་ཚོད་གཅིག་རིང་ཕྲུ་གུར་གུང་ཚིགས་སྟེར་དཀའ་བའི་དཀའ་ངལ་གཙང་སེལ་བྱས་ཡོད།
ཕྱི་ལོ་༢༠༠༦ ལོར་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན། སྔོན་འགྲོའི་ནང་ཡིག་རྒྱུགས་ཀྱི་ལམ་སྲོལ་མཚམས་འཇོག་བྱས་ཤིང༌། གཞི་རིམ་འོག་མའི་ནང་ཡིག་རྒྱུགས་ཀྱི་གྲུབ་འབྲས་བརྒྱ་ཆ་ལྔ་བཅུའི་ཐོག་ཕྲུ་གུའི་རྒྱུན་གཏན་གྱི་ཤེས་སྤྱོད་ལ་ཉམས་ཞིབ་རྒྱུན་སྲིང་བྱས་པའི་ལམ་ནས་འཛིན་གྲྭ་གོང་མར་འཕོ་རྒྱུའི་ལམ་སྲོལ་ལག་བསྟར་བྱས་པ་མ་ཟད། གྲུབ་འབྲས་ཁག་ཀྱང་ཨང་སྡེ་ལམ་ལུགས་ཁོ་ནའི་ཐོག་སྤྲོད་རྒྱུའི་གཏན་འབེབས་ལག་བསྟར་ཞུ་མུས་ཡིན།
༣། སློབ་ཐོན་གྲངས་འབོར།
སློབ་གྲྭ་འགོ་ཚུགས་པ་ནས་ཕྱི་ལོ་༢༠༠༨ བར་འཛིན་གྲྭ་མཐའ་འཁྱོལ་བའི་སློབ་ཕྲུག་ཁ་གྲངས་ནི། ཕྱི་ལོ་༡༩༧༨ ནས་ཕྱི་ལོ་༢༠༠༨ བར་སློབ་འཇུག་གྲངས་༡༡༠༨ བྱུང་ཡོད་པ་དང༌། ཕྱི་ལོ་༡༩༨༣ ནས་༢༠༠༨ བར་སློབ་གྲྭ་འདི་ནས་འཛིན་རིམ་གཉིས་པ་ཐོན་པའི་སློབ་ཕྲུག་༣༧༡ བྱུང་ཡོད། སློབ་གྲྭ་འདི་ནས་ཐོན་པའི་སློབ་མ་མང་ཆེ་བ་སློབ་གྲྭ་གང་དུ་བསྐྱོད་ཀྱང་སློབ་སྦྱོང་དང་སྤྱོད་ལམ་ལེགས་གྲས་སུ་ཚུད་བཞིན་ཡོད།
ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྡོམ་རྩིས་ལྟར་ན། ལོར་དེར་གངས་སྐྱིད་ཉིན་སློབ་ཏུ་སློབ་ཕྲུག་བུ་༥༦ དང་བུ་མོ་༥༣ བཅས་ཁྱོན་བསྡོམས་༡༠༩ ཡོད་པ་ཚང་མ་ཉིན་སློབ་ཡིན་ཞིང༌། དགེ་རྒན་༩ དང་ལས་བྱེད་༢ བཅས་ཁྱོན་བསྡོམས་དགེ་ལས་༡༡ ཡོད།
འདས་པའི་ལོ་ངོ་༢༡ རིང་སློབ་གྲྭ་འདིའི་སློབ་མའི་གྲངས་འབོར་གནས་སྟངས་གཤམ་གསལ།
༤། ཤེས་ཡོན་ལས་རིམ།
ཕྱི་ལོ་༢༠༠༦ ལོའི་དུས་ཚིགས་གཉིས་པ་ནས་བཟུང་སཾ་བྷོ་ཊ་ཁྱབ་ཁོངས་སློབ་གྲྭ་ཡོངས་སུ་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་སྔོན་འགྲོ་ནས་འཛིན་རིམ་གསུམ་པ་བར་བོད་ཡིག་མ་གཏོགས་སྐད་ཡིག་གཞན་སློབ་ཁྲིད་མཚམས་འཇོག་གིས་རིམ་གྱིས་ཤེས་ཡོན་སྲིད་བྱུས་གསར་པའི་དཔེ་སྟོན་ལམ་སྲོལ་ཅན་དུ་བསྒྱུར་ཡོད་ནའང༌། སློབ་གྲྭའི་དགེ་རྒན་ཕ་མའི་ཚོགས་ཆུང་གིས་རང་གཞུང་ཤེས་རིག་དྲུང་ཆེ་དང་སཾ་བྷོ་ཊ་སྤྱི་ཁྱབ་འགན་འཛིན་རྣམ་གཉིས་ལ་གངས་སྐྱིད་སམ་བྷོ་ཊ་ཉིན་སློབ་ཏུ་གནས་སྐབས་རིང་ཨིན་ཇི་སྐད་ཡིག་སློབ་ཁྲིད་གནང་རྒྱུར་དམིགས་བསལ་དགོངས་བཞེས་གནང་ཕྱོགས་སྐོར་སྙན་སེང་ཞུ་བ་བཞིན་ལོ་གཅིག་རིང་སྔོན་འགྲོ་གཉིས་པ་ནས་འཛིན་རིམ་གཉིས་པ་བར་ཨིན་ཇི་སློབ་ཁྲིད་ཞུས་ཡོད།
ཕྱི་ལོ་༢༠༠༦ ལོར་སྔོན་འགྲོ་གཉིས་པ་དང་གསུམ་པ་མཉམ་བསྲེས་ཀྱིས་སྡེ་ཚན་གསུམ་དང༌། འཛིན་གྲྭ་དང་པོ་དང་གཉིས་པ་མཉམ་བསྲེས་ཀྱིས་སྡེ་ཚན་གཉིས་བཅས་སུ་དབྱེ་ནས་མཉམ་བསྲེས་འཛིན་གྲྭའི་ལམ་སྲོལ་ལག་བསྟར་བྱེད་མུས་ཡིན། དེ་ནས་ཕྱི་ལོ་༢༠༠༧ ལོར་སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་ཡིག་ཚང་གི་གཟིགས་རྟོག་འོག་འཛིན་ཆས་ཚང་མ་འགྱུར་བཅོས་བཏང་སྟེ། ཅོག་རྩེ་དམའ་བོ་སློབ་མའི་ལོ་ཚད་དང་རིང་ཐུང་ལ་གཞིགས་པའི་གསར་བཟོ་གནང་ཡོད་པས་ཅོག་རྩེ་ཟུར་དྲུག་དང་ཟུར་བརྒྱད་ཅན་རེར་སློབ་མ་དྲུག་དང་བརྒྱད་ལ་བརྩིས་ཏེ་བསྡོམས་ཅོག་ཙེ་གྲངས་༡༧ དང་སློབ་མའི་འོག་གདན་༤༢ དགེ་རྒན་ཆེད་འབོལ་གདན་ཆེ་བ་གྲངས་༧ བཅས་གསར་གཟིགས་གནང༌། འཛིན་ཁང་ནང་སློབ་མའི་དེབ་ཆས་འཇོག་ཆེད་བང་ཁྲི་ཆེ་ཆུང་གཉིས་རེ་ཡོད།
བོད་ཀྱི་ཡི་གེ་ནི་བརྡ་དག་དང་སྒྲ་སྦྱོར་ཐད་འཛམ་གླིང་གི་སྔོན་ཐོན་གྲས་སུ་ཡོད་པ་མ་ཟད། ཡིག་གཟུགས་ཐད་མིག་གི་དགའ་སྟོན་དུ་འགྱུར་བའི་ཐུན་མིན་ཁྱད་ཆོས་རྒྱུན་འཛིན་སླད། སློབ་ཕྲུག་ཚོར་ཆུང་དུས་ནས་བོད་ཡིག་ཡིག་གཟུགས་སྦྱོང་བརྡར་ལ་དམིགས་བསལ་ཤུགས་སྣོན་རྒྱག་དགོས་པའི་བཀའ་དགོངས་བཞིན།
སྔོན་འགྲོ་ནས་བཟུང་བོད་ཀྱི་སྲོལ་རྒྱུན་ལམ་སྲོལ་ལྟར་སྦྱང་ཤིང་ཐོག་ཡིག་གཟུགས་འབྲི་སྟངས་སློབ་ཁྲིད་འགོ་འཛུགས་བྱས་པས། དེང་སྐབས་འཛིན་རིམ་དང་པོའི་སློབ་མ་མང་ཆེ་བའི་སྦྱང་ཤིང་སྟེང་དབྱངས་གསལ་འདོགས་རལ་ཅན་དང༌། དེ་བཞིན་འཛིན་རིམ་གཉིས་པའི་སློབ་མ་རྣམས་དབྱངས་བཞི་དང་འདོགས་ཅན་མགོ་ཅན་ཚུགས་རིང་སོགས་འབྲི་སྟངས་སྦྱོང་བཞིན་ཡོད། ཕྱི་ལོ་༢༠༠༧ ལོ་ནས་བཟུང་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་འཛིན་རིམ་དང་པོ་དང་གཉིས་པའི་སློབ་མ་རྣམས་ལ་བཟོ་རིག་པ་སློབ་ཁྲིད་ཀྱི་འགོ་བཙུགས། དེང་སྐབས་སློབ་མ་སོ་སོའི་ལོ་ཚད་དང་འབྱོན་ཐང་ལ་གཞིགས་པའི་ཤོག་བུ་ལྟེབས་བརྩེགས་ཀྱིས་ཅ་དངོས་འདྲ་མིན་བཟོ་སྟངས་དང༌། ཤིས་ཤོག་དང༌། བེད་མེད་ཅ་དངོས་བསྐྱར་བཅོས་ཀྱིས་མཁོ་ཕན་ཅན་གྱི་ཅ་དངོས་འདྲ་མིན་བཟོ་སྟངས་སློབ་ཁྲིད་བྱེད་མུས་ཡིན་པས། སློབ་མ་རྣམས་ཀྱང་དེ་རིགས་བཟོ་སྦྱོང་ཐད་སྤྲོ་སྣང་ཆེན་པོས་འཛུལ་ཞུགས་བྱེད་བཞིན་ཡོད།
གཞན་ཡང་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་སློབ་ཕྲུག་ཚོའི་ལུས་སེམས་འཚར་ལོངས་ལ་སྨན་པའི་ལུས་ཀྱི་རྩལ་སྦྱོང་ལ་སློབ་ཚན་དང་མཚུངས་པའི་དོ་སྣང་སྤྲད་དེ། བདུན་རེར་ལུས་སྦྱོང་སློབ་ཚན་ཚོགས་ཐེངས་གཉིས་ཡོད་པའི་ཐོག རེས་གཟའ་པ་སངས་ནམ་ཡིན་ལ་སྲིད་བྱུས་ལས་གསུངས་པའི་རྣལ་འབྱོར་གྱི་དབུགས་སྦྱོང་དང་ལུས་སྦྱོང༌། གཞན་ཡང་སྲོལ་རྒྱུན་གྱི་རྩེད་རིགས་འདྲ་མིན་སློབ་ཁྲིད་ཞུ་མུས་ཡིན།
ཕྱི་ལོ་༢༠༠༨ སློབ་དུས་གསར་པ་ནས་བཟུང་ཨིན་ཇི་སློབ་ཁྲིད་བྱ་རྒྱུར་མཚམས་འཇོག་གིས་ཤེས་ཡོན་སྲིད་བྱུས་ལམ་སྲོལ་གཙང་མ་ལག་བསྟར་བྱས་པ་ནས་བཟུང༌། སློབ་མ་རྣམས་བོད་ཀྱི་སྐད་ཡིག་དང་ཡིག་གཟུགས་སྤྱིར་བཏང་ཤེས་བྱ་དང་རྣམ་སྤྱོད་སོགས་ཀྱི་གནས་ཚད་གོང་འཕེལ་ཕྱིན་ཡོད་པ་དང༌། ད་ལྟ་འཛིན་རིམ་དང་པོ་དང་གཉིས་པའི་སློབ་མ་རྣམས་བོད་སྐད་ཡིག་ཐོག་གཏམ་དཔེ་དང༌། སྙན་ཚིག ལེགས་བཤད་ལྗོན་དབང༌། དགུ་མཐའ་སོགས་བློ་འཛིན་དང་གཞན་ཡང་མིང་ཚིག་དང་བྱ་ཚིག་གང་མང་གི་ཚིག་སྒྲུབ་སྣ་ཚོགས་བཟོ་ཐུབ་པ་མ་ཟད། སྲོག་ཆགས་དང་རྩི་ཤིང་སྣ་ཚོགས་དངོས་པོ་འདྲ་མིན་སོགས་ཀྱི་ལས་འཆར་དང་རྩོམ་ཐུང་འདྲ་མིན་རང་ངོས་ནས་འབྲི་ཐུབ་ཀྱི་ཡོད། ལྷག་པར་དེང་སྐབས་བོད་སྐད་ཡིག་གི་སྒྲུང་དེབ་སྣ་ཚོགས་དང་ཚུགས་ཐུང་དབུ་ཅན་འབྲུ་ཚ་སོགས་ཀློག་ཐུབ་ཀྱི་ཡོད་པ་དང་སྤྱོད་ལམ་ལྟ་བུར་མཚོན་ན་རང་བཞིན་གྱིས་གཞན་ལ་གུས་ཞབས་དང་དགོངས་དག་ཞུ་བ་བཟོད་སྒོམ་བྱེད་ཐུབ་པ་ཆེ་བའི་ཆུང་བ་ཚོར་ལྟ་རྟོག་དང་ཆུང་བའི་རྒན་པར་བརྩི་བཀུར་བྱ་ཤེས་པ་ལྟ་བུ་ཡིན། གཞན་ཡང་སློབ་གྲྭའི་རྒྱུན་མཁོའི་གནས་སྟངས་ཐད་ལ་ཡང་སྔར་ལས་ཡར་རྒྱས་ཕྱིན་པ་བཅས་བྱུང་ཡོད།
ཕྱི་ལོ་༡༩༨༥ ལོ་ནས་བཟུང་ལོ་རེར་སློབ་མ་ཡོངས་ཀྱི་ནང་ནས་སློབ་ཕྲུག་བུ་གཅིག་དང་བུ་མོ་གཅིག་བཅས་ལ་བུམ་སྐྱོན་གསུམ་བྲལ་གྱི་སློབ་མའི་བྱ་དགའ་དང་ལག་འཁྱེར་གནང་མུས་ཡིན།
ལོ་རེའི་ཕྱི་ཟླ་༧ ཚེས་༦ ྋསྤྱི་ནོར་ྋ་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་དང་གཞུང་མང་མཛད་སྒོ་ནམ་ཡོད་ལ་སློབ་གྲྭ་འདིའི་སློབ་མ་རྣམས་ཀྱིས་བོད་ཀྱི་གཞས་སྣ་ཞབས་བྲོ་འཁྲབ་སྟོན་གཟིགས་འབུལ་ཞུ་བ་མ་ཟད། ལོ་རེའི་ཕྱི་ཟླ་༡༠ ཚེས་༢ ཉིན་བདག་ཉིད་ཆེན་པོ་གྷན་དྷི་མཆོག་གི་སྐུའི་འཁྲུངས་ཚེས་དང་སྟབས་བསྟུན་མེག་གྷན་བོད་ཁྱིམ་ཉིན་སློབ་དང་ཡོངས་གླིང་སྔོན་འགྲོའི་སློབ་གྲྭ་བཅས་དང་ལྷན་རང་གཞུང་ཟློས་གར་ཚོགས་ཁང་དུ་སེར་སྐྱ་མི་མང་ལ་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུ་མུས་ཡིན།
ཕྱི་ལོ་༡༩༩༩ ལོ་ནས་བཟུང་གངས་སྐྱིད་སམ་བྷོ་ཊ་ཉིན་སློབ་ཏུ་ལོ་རེར་རྩེད་འགྲན་ཉིན་མོ་འགོ་འཛུགས་ཀྱིས། ལོ་རེའི་ཕྱི་ཟླ་༡༠ བདུན་ཕྲག་བཞི་པའི་ནང་ལོ་འཁོར་རྩེད་འགྲན་གྱི་མཛད་སྒོ་སྲུང་བརྩིའི་སྐབས། ཐོག་མར་སློབ་ཕྲུག་ཚོའི་ཡོ་ག་དང་ལུས་སྦྱོང༌། རུ་སྒྲིག་འགྲེམས་སྟོན་ཞུས་རྗེས། སློབ་མ་ཚོའི་ན་ལོ་དང་དགའ་ཕྱོགས་ལ་གཞིགས་ཏེ་གླུ་གཞས་དང་ཞབས་བྲོ་གཟིགས་འབུལ་དང༌། ལུས་རྩལ་དང་རྩེད་རིགས་འདྲ་མིན་གྱི་འགྲན་བསྡུར་སྤེལ་བར་ཕ་མ་དང་གཟིགས་མོ་བ་རྣམས་འདུ་འཛོམས་ཆེ་ཞིང་ཚང་མས་དགའ་སྤྲོ་ཆེན་པོས་སློབ་ཕྲུག་ཚོར་བློ་སྟོབས་སྤེལ་བ་ཡིན། ལོ་འཁོར་རྩེད་འགྲན་ནང་རྩེད་སྣའི་རྣམ་གྲངས་གཤམ་གསལ།
ཀ) མི་ཊར་སུམ་ཅུའི་རྒྱུག་འགྲན།
ཁ) ཤེལ་རིལ་བླུགས་པའི་ཐུར་མ་ཁ་ལ་བཟུང་བའི་རྒྱུག་འགྲན།
ག) རྐང་པའི་དབར་སྤོ་ལོ་བཅུག་པའི་རྒྱུག་འགྲན།
ང) ཐག་མཆོང་འགྲན་བསྡུར།
ཅ) ཤིང་ཏོག་ཟ་བའི་འགྲན་བསྡུར།
ཆ) ལྒང་ཕུག་བརྟོལ་བའི་འགྲན་བསྡུར།
ཇ) གོས་གྱོན་འགྲན་བསྡུར།
ཉ) ཁབ་མིག་བརྒྱུས་རྩལ་གྱི་འགྲན་བསྡུར།
ཏ) ཆུ་མངར་མོ་འཐུང་རྩལ་འགྲན་བསྡུར།
ཐ) ཞྭ་མོ་གཡོགས་རྩལ་འགྲན་བསྡུར།
ད) ཕྲེང་ཐག་བརྒྱུས་རྩལ་འགྲན་བསྡུར།
ན) ཚོན་མདོག་དབྱེ་འབྱེད་ཀྱི་འགྲན་བསྡུར།
པ) ཞབས་བཀྱག་འཕྲོག་པའི་འགྲན་བསྡུར།
ཕ) རྐང་པ་གསུམ་གྱི་རྒྱུགས་རྩལ་འགྲན་བསྡུར།
བ) སྦལ་པ་མཆོང་རྩལ་འགྲན་བསྡུར།
མ) རྐང་འཁོར་གཏོང་རྩལ་འགྲན་བསྡུར།
ཙ) ཐག་འཐེན་འགྲན་བསྡུར་བཅས།
༥། གཞུང་འབྲེལ་འཚམས་གཟིགས།
གངས་སྐྱིད་སཾ་བྷོ་ཊ་ཉིན་སློབ་འདི་བཞུགས་སྒར་དབུས་ལྷན་ཁང་ཁག་དང་སློབ་གྲྭའི་འགོ་ཁུངས་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་བཅས་ཐག་ཉེའི་ཡོད་ཅིང༌། སློབ་གྲྭའི་ཉིན་རྒྱུན་ལས་དོན་ཐོག་འབྲེལ་གཏུགས་ཞུ་མུས་ལ་བརྟེན། གཞུང་འབྲེལ་མི་སྣས་གཟིགས་སྐོར་དང་རྟོག་ཞིབ་སོགས་ཀྱི་དུས་བཅད་བཟོས་མེད་ནའང༌། ལོ་རེའི་སློབ་གྲྭའི་རྩེད་འགྲན་མཛད་སྒོའི་ཐོག་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྐུ་ཚབ་དང༌། ཚོགས་སྡེ་དང་གཞུང་འབྲེལ་མི་སྣ་གདན་ཞུས་བྱེད་མུས་ཐོག དབུས་ཤེས་རིག་ལས་ཁུངས་དང་སམ་བྷོ་ཊ་ཡིག་ཚང་འགན་འཛིན་བཅས་འབྲེལ་ཡོད་རྣམས་ཀྱི་སྣེ་འཁྲིད་འོག་ཕྱི་རྒྱལ་རོགས་ཚོགས་མི་སྣ་སློབ་གྲྭར་གཟིགས་སྐོར་དུ་ཕེབས་མུས་ཡིན།
ཕྱི་ལོ་༢༠༠༡ དང་༢༠༠༢ ལོར་རང་གཞུང་ཤེས་རིག་ཤེས་ཡོན་འགན་འཛིན་རྣམ་གཉིས་ཀྱིས་ལོ་འཁོར་ཤེས་ཡོན་རྟོག་ཞིབ་གནང་སྐབས། འདི་ག་སློབ་དགེ་ཡོངས་ཀྱིས་སློབ་ཁྲིད་བྱེད་ཕྱོགས་དང་བྱེད་སྒོ་ཁག་ལ་བསྔགས་བརྗོད་དང་གལ་ཆེའི་ལམ་སྟོན་གནང་བ་སྙིང་བཅངས་ཀྱིས་མུ་མཐུད་ལག་བསྟར་ཞུ་བཞིན་ཡོད།
ཕྱི་ལོ་༢༠༠༥ ལོར་རང་གཞུང་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་གནང་བའི་སཾ་བྷོ་ཊ་ཁྱབ་ཁོངས་སློབ་གྲྭའི་སློབ་དགེ་ཚང་མ་ལ་ཤེས་ཡོན་སྲིད་བྱུས་གསར་པའི་ལམ་སྲོལ་བཞིན་སཱ་ར་མཐོ་སློབ་ཏུ་ཟབ་སྦྱོང་གནང་བ་བཞིན་འདི་ག་སློབ་དགེ་ཚང་མ་ལ་ཡང་གཅིག་མཚུངས་གོ་སྐབས་བྱུང་ཡོད།
ཕྱི་ལོ་༢༠༠༨ ལོར་སློབ་དགེ་ཚོས་ཨིན་ཇི་སྐད་ཡིག་གི་འཁྲིད་ཆས་ཁག་རྣམས་བོད་སྐད་ཡིག་གི་འཁྲིད་ཆས་སུ་བསྒྱུར་ནས་འཁྲིད་ཆས་སྣ་ཚོགས་བཟོ་སྐྲུན་བྱས་ཡོད་པ་མ་ཟད། ཟུར་བལྟའི་བརྩམས་སྒྲུང་ཐུང་ངུ་རི་མོ་དང་བཅས་པ་གང་མང་དང་སློབ་ཕྲུག་ཚོའི་སེམས་ཁམས་དང་གནས་ཚད་ལ་གཞིགས་པའི་སློབ་ཁྲིད་ཡོ་ཆས་གང་མང་བེད་སྤྱོད་བྱེད་བཞིན་ཡོད།
ཕྱི་ལོ་༢༠༠༨ ཟླ་༧ པའི་ནང་སཾ་ཊ་སྤྱི་ཁྱབ་ཡིག་ཚང་ནས་ཁྱབ་ཁོངས་སློབ་མ་རྣམས་ཀྱི་བོད་ཡིག་ཡིག་གཟུགས་སྤྱི་མཚུངས་ཡར་རྒྱས་ཡོང་ཆེད་སཾ་ཊ་སྤྱི་ཁྱབ་ཡིག་ཚང་གི་ལས་བྱེད་སྐུ་ཞབས་བསྟན་འཛིན་དབང་འདུས་ལགས་ཆེད་གཏོང་གིས་འདི་ག་དགེ་སློབ་ཡོངས་ལ་བོད་ཡིག་ཡིག་གཟུགས་སྦྱོང་བརྡར་སྤྲད་པས་གྲུབ་འབྲས་མི་དམན་པ་བྱུང༌།
༦། སློབ་གྲྭ་འདིའི་དོན་ཆེན་ཁག
གངས་སྐྱིད་སམ་བྷོ་ཊ་ཉིན་སློབ་འདི་ཉིད་ཀྱི་ལོ་རྒྱུས་དོན་ཆེན་རྣམས་རགས་བསྡུས་སུ་བཀོད་པ་གཤམ་གསལ།
༡) ཕྱི་ལོ་༡༩༧༦ ལོར་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་ཁྱབ་ཁོངས་ཡོད་ཅིང༌། ཐོག་མའི་ཆར་སློབ་ཕྲུག་གྲངས་༢༥ དགེ་ལས་གྲངས་༢ བཅས་ཡོད།
༢) ཕྱི་ལོ་༡༩༧༨ ལོ་ནས་རང་གཞུང་ཤེས་རིག་ཁྱབ་ཁོངས་སུ་ཚུད་ཅིང༌། སློབ་ཕྲུག་༤༠ དགེ་ལས་༣ བཅས་ཡོད།
༣) ཕྱི་ལོ་༡༩༨༣ ལོར་སློབ་ཕྲུག་༦༧ དགེ་ལས་༥ འཛིན་རིམ་གསུམ་པ་བར་སྤར་ཆ་བྱུང༌།
༤) ཕྱི་ལོ་༡༩༨༤ ལོར་སློབ་ཕྲུག་༨༥ ཡས་མས་དང༌། དགེ་ལས་གྲངས་༦ འཛིན་རིམ་བཞི་པ་བར་སྤར་ཆ་བྱུང༌།
༥) ཕྱི་ལོ་༡༩༨༥ ལོར་འཛིན་རིམ་གསུམ་དང་བཞི་པ་མེད་པར་བཟོས་པ་དང༌། སྔོན་འགྲོ་གོང་འོག་གཉིས་དང༌། འཛིན་རིམ་དང་པོ་དང་གཉིས་པ་བར་ཡོད། སྐབས་དེར་ཁྱོན་བསྡོམས་སློབ་ཕྲུག་༩༠ དང་དགེ་ལས་༧ བཅས་ཡོད།
༦) ཕྱི་ལོ་༡༩༨༦ ལོར་སློབ་ཕྲུག་༨༢ དང༌། དགེ་ལས་༧ བཅས་ཡོད།
༧) ཕྱི་ལོ་༡༩༨༧ ལོར་སློབ་ཕྲུག་༦༥ དང༌། དགེ་ལས་༧ བཅས་ཡོད།
༨) ཕྱི་ལོ་༡༩༨༨ ལོར་སློབ་ཕྲུག་༦༥ དང༌། དགེ་ལས་༧ བཅས་ཡོད།
༩) ཕྲི་ལོ་༡༩༨༩ ལོར་སློབ་ཕྲུག་༦༦ དང༌། དགེ་ལས་༧ བཅས་ཡོད།
༡༠) ཕྱི་ལོ་༡༩༩༠ ལོར་སློབ་ཕྲུག་༦༦ དང༌། དགེ་ལས་༧ བཅས་ཡོད།
༡༡) ཕྱི་ལོ་༡༩༩༡ ནས་༡༩༩༤ ལོ་བར་སློབ་ཕྲུག་གྲངས་རིམ་པ་བཞིན་༦༦།༨༧།༨༠།༨༦ དང༌། དགེ་ལས་༨ བཅས་ཡོད།
༡༢) ཕྱི་ལོ་༡༩༩༥ ནས་༡༩༩༨ བར་རིམ་པ་བཞིན་ཕྲུག་གྲངས་༩༤།༡༠༣།༡༠༧།༡༡༤ དང༌། དགེ་ལས་༡༠ བཅས་ཡོད།
༡༣) ཕྱི་ལོ་༡༩༩༩ ལོར་སློབ་མ་༡༢༢ དང༌། དགེ་ལས་༡༠ ཡོད། ལོ་འདིར་འཛིན་ཁང་གསུམ་གསར་སྐྲུན་བྱས།
༡༤) ཕྱི་ལོ་༢༠༠༠ སློབ་ཕྲུག་༡༢༧ དང༌། དགེ་ལས་༡༠ ཚོགས་ཁང་དང་འཛིན་ཁང་གཉིས་གསར་སྐྲུན་གནང༌།
༡༥) ཕྱི་ལོ་༢༠༠༡ དང་༢༠༠༢ ལོ་སོ་སོར། སློབ་ཕྲུག་༡༢༥ དང་༡༢༢ བཅས་དང༌། དགེ་ལས་༡༠ བཅས་ཡོད།
༡༦) ཕྱི་ལོ་༢༠༠༣ དང་༢༠༠༤ ལོ་སོ་སོར་སློབ་ཕྲུག་༡༣༥ དང་༡༤༢ བཅས་དང༌། དགེ་ལས་༡༠ བཅས་ཡོད། འཛིན་ཁང་རྙིང་པ་བཤིག་པའི་ཚབ་ལ་འཛིན་ཁང་གསར་པ་གཅིག་དང་སློབ་གྲྭའི་དཔེ་མཛོད་ཁང་བཅས་གསར་སྐྲུན་གནང༌།
༡༧) ཕྱི་ལོ་༢༠༠༥ དང་༢༠༠༦ ལོ་སོ་སོར་སློབ་མ་༡༤༢ དང་༡༣༦ དགེ་ལས་༡༡ བཅས་ཡོད།
༡༨) ཕྱི་ལོ་༢༠༠༧ དང་༢༠༠༨ ལོ་སོ་སོར་སློབ་མ་༡༠༩ དང་༨༢ དགེ་ལས་༡༡ བཅས་ཡོད།
གངས་སྐྱིད་ཉིན་སློབ་ཀྱི་དགེ་ཆེའམ་འགན་འཛིན་རིམ་པའི་མཚན་གཞུང་།
༡། ཕྱི་ལོ་༡༩༧༨ ནས་༡༩༨༣ བར་སྐལ་སྒྲོན།
༢། ཕྱི་ལོ༡༩༨༤ ནས་༡༩༨༥ བར་ཇེ་ནི་གེ་ལཱ་ས་སྦེ།
༣། ཕྱི་ལོ་༡༩༨༥ ནས་༡༩༩༧ བར་བསོད་ནམས་བཀྲ་ཤིས།
༤། ཕྱི་ལོ་༡༩༩༨ ནས་༡༩༩༥ བར་སྐལ་སྒྲོན།
༥། ཕྱི་ལོ་༡༩༩༥ ཟླ་༡༠ པ་ནས་ད་བར་རྡོ་རྗེ་སྒྲོལ་མ།
སྦིར་སམ་བྷོ་ཊ་ཉིན་སློབ།
དཀར་ཆག
༡། འགོ་འཛུགས།
༢། མཐུན་རྐྱེན་འཛུགས་སྐྲུན།
༣། སློབ་ཐོན་གྲངས་འབོར།
༤། ཤེས་ཡོན་ལས་རིམ།
༥། གཞུང་འབྲེལ་འཚམས་གཟིགས།
༡། འགོ་འཛུགས།
སློབ་གྲྭ་འདི་ནི་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་ཁོངས་སྦིར་ཞེས་པའི་ས་གནས་སུ་ཡོད་ཅིང༌། བཞུགས་སྒར་དྷ་ས་ནས་ཀི་ལོ་མི་ཊར་༧༠ ཡས་མས་དང༌། སྦིར་ས་གནས་གཡས་གཡོན་དུ་ཅོན་ཏ་ར་སློབ་གྲྭ་གཉིས་དང༌། སུ་ཇ་བོད་ཁྱིམ་སློབ་ཁག་གཉིས་བཅས་ཡོད།
སློབ་གྲྭ་འདི་ཉིད་ཐོག་མ་ཕྱི་ལོ་༡༩༦༩ ཟླ་༣ ཚེས་༡ ཉིན་སྦིར་བོད་མིའི་བཟོ་ལས་གཞིས་ཆགས་ཚོགས་པ་(TIRS)ཡིས་གསར་འཛུགས་གནང༌། ཐོག་མའི་ཆར་སློབ་ཕྲུག་༧ ཡོད།
དེ་རྗེས་ཕྱི་ལོ་༡༩༧༡ ལོར་སློབ་ཕྲུག་༥༥ ཡས་མས་དང་དགེ་རྒན་༢ འགན་འཛིན་༡ ཡིག་སྐྱེལ་༡ བཅས་ཁྱོན་དགེ་ལས་༤ ཡོད་ལ། ཕྱི་ལོ་༡༩༩༨ ལོར་སློབ་ཕྲུག་༡༢༢ དང་དགེ་ལས་༡༥ བཅས་ཡོད།
ཕྱི་ལོ་༢༠༠༨ ལོར་སློབ་གྲྭ་འདིའི་ནང་སློབ་ཕྲུག་༩༨ དང༌། དགེ་ལས་༡༢ ཡོད།(གཞི་རིམ་འོག་མའི་དགེ་རྒན་༤ སྔོན་འགྲོའི་དགེ་རྒན་༡ ཟློས་གར་དགེ་རྒན་༡ རྩིས་དྲུང་༡ དགེ་ཆེ་༡ མ་བྱན་༡ བཅས)
༢། མཐུན་རྐྱེན་འཛུགས་སྐྲུན།
སྦིར་ས་གནས་འདིར་སྡེ་དགེ་གཞིས་ཆགས་དང༌། ནང་ཆེན་གཞིས་ཆགས། སྦིར་བོད་ཚོགས་ཞེས་གཞིས་ཆགས་ཁག་གསུམ་ཡོད་ཅིང༌། སློབ་གྲྭ་འདི་ནི་གཞིས་ཁག་གསུམ་སྤྱི་མཐུན་ཆེད་ཡིན། དེ་ཡང་ཕྱི་ལོ་༡༩༦༩ ལོར་སྦིར་བོད་མིའི་བཟོ་ལས་གཞིས་ཆགས་ཚོགས་པས་(TIRS)གསར་འཛུགས་ཀྱིས་འཛིན་སྐྱོང་གནང༌། ཐོག་མའི་ཆར་འཛིན་ཁང་༣ དང༌། ཡིག་ཚང་ཆུང་ཆུང་༡ ཚོགས་ཁང་༡ ལས་ཤག་༡ བཅས་ཡོད་འདུག སློབ་ཁང་ཕལ་ཆེ་བ་རྡོ་རྩིག་དང་རླབས་དབྱིབས་ཨར་འདམ་ཁོ་ནས་འཛུགས་སྐྲུན་བྱས་ཡོད། འཛིན་ཁང་ནང་ཤིང་གི་ནག་པང་རེ་དང་དགེ་རྒན་ལ་ཞབས་སྟེགས་དང་ཅོག་ཙེ་རེ། སློབ་ཕྲུག་རྣམས་འབོལ་གདན་སྲབ་མོའི་སྟེང་དཀྱིལ་ཀྲུང་བྱས་ནས་སྡོད་ཀྱི་ཡོད།
ཐོག་མར་ཕྱི་ལོ་༡༩༦༩ ལོར་སྦིར་གཞིས་ཆགས་ཀྱི་འགོ་འཛིན་བྱ་རྒོད་ཚང་དཔོན་རྣམ་རྒྱལ་རྡོ་རྗེ་དང་གཏེར་སྟོན་ཆོས་གླིང་རིན་པོ་ཆེ་སྐུ་ཐོག་གོང་མ་བཅས་ནས་སྦིར་གཞིས་ཆགས་ཀྱི་ས་ཆ་འདི་རྒྱ་གར་བ་བཟོ་གྲྭའི་བདག་པོ་ཞིག་ནས་སྤུས་གཟིགས་གནང༌། སྦིར་ཉིན་སློབ་ཐོག་མར་བོད་མིའི་བཟོ་ལས་གཞིས་ཆགས་ཚོགས་པས་གསར་འཛུགས་གནང་ཞིང༌། རིམ་པར་འཛིན་རིམ་ལྔ་པའི་ཚད་དུ་སླེབས། ཕྱི་ལོ་༡༩༧༢ ལོར་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱིས་རོགས་རམ་གནང་སྟེ་དགེ་ཆེ་ཞིག་བསྐོ་གཏོང་དང་གསོལ་ཕོགས་མཐུན་རྐྱེན་སྦྱོར་སྤྲོད་གནང༌།
ཕྱི་ལོ་༡༩༧༦ ལོ་ནས་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་གཞི་རིམ་དགེ་རྒན་རོགས་སྐྱོར་(Grant in aid)འོག་བོད་དགེ་བསྐོ་འཛུགས་གནང་འགོ་བརྩམས། རྗེས་སུ་ཕྱི་ལོ་༡༩༨༤ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཐད་ཀར་འཛིན་སྐྱོང་གནང་འགོ་བརྩམས་ཏེ། སློབ་གྲྭའི་སྔོན་རྩིས་དང་འགན་འཛིན་ཚོགས་ཆེན་འགོ་འཛུགས་གནང་འདུག དེ་ལྟར་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་དང་བོད་གཞུང་ཤེས་རིག་ལས་ཁུངས་གཉིས་ཀས་བསྐོ་གཏོང་གནང་བའི་དགེ་ཆེ་ཡོད་སྟབས། སློབ་གྲྭའི་འཛིན་སྐྱོང་ཐད་སྟབས་མི་བདེ་བར་གྱུར་ཏེ་དཀའ་ངལ་རིམ་པར་འཕྲད། ཕྱིས་སུ་དབུས་བོད་སློབ་འཛིན་ཚོགས་ཀྱི་དགེ་ཆེ་ཕྱིར་འཐེན་གནང་ཡོད།
ཕྱི་ལོ་༡༩༩༧ ལོར་ཨིན་ལན་བྱིས་པའི་རོགས་ཚོགས་ཀྱི་རོགས་རམ་ཕྱིར་འཐེན་གནང་བའི་རྐྱེན་གྱིས་གཞིས་ཆགས་ཁག་གིས་འཛིན་སྐྱོང་གནང་བཞིན་པའི་སྔོན་འགྲོའི་སློབ་གྲྭ་སྒོ་བརྒྱབ་སྟེ་ཤེས་རིག་ལས་ཁུངས་ཀྱིས་ཐད་འཛིན་གནང་བའི་ཉིན་སློབ་ནང་ཟླ་སྒྲིལ་བཏང་འདུག
ཕྱི་ལོ་༡༩༩༩ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་འཛིན་སྐྱོང་སྒྲོམ་གཞི་བཅོས་སྒྱུར་གནང་སྟེ། ཤེས་རིག་ཐད་འཛིན་སློབ་གྲྭ་ཁག་གི་འཛིན་སྐྱོང་སླད་སམ་བྷོ་ཊ་བོད་སློབ་འཛིན་སྐྱོང་སྤྱི་ཁྱབ་ཡིག་ཚང་རང་སྐྱོང་གི་ངོ་བོར་ཟུར་འཛུགས་གནང་རྗེས། སྦིར་ཉིན་སློབ་འདིའི་འཛིན་སྐྱོང་ལའང་ཡར་རྒྱས་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད། ལོ་ལྟར་སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་གྱིས་སློབ་གྲྭའི་འགོ་འཛིན་ཚོགས་ཆེན་བསྡུ་སྐོང་གིས་དགོངས་འཆར་དང་གསར་གཏོད་དགོས་ངེས་ཅི་ཡོད་གོ་བསྡུར་གྲོས་ཆོད་བཞག་སྟེ་ལག་ལེན་མཐིལ་ཕྱིན་གནང་ཡོད། ད་ལྟའི་ཆར་དགེ་རྒན་ཚང་མ་ཚད་ལྡན་འོས་སྦྱོང་ཐོན་པའི་བོད་མི་ཤ་སྟག་ཡིན་པ་མ་ཟད། དགེ་ལས་ཚང་མར་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་ཟབ་སྦྱོང་ཐོབ་ཡོད།
ཕྱི་ལོ་༡༩༩༠ ལོར་བོད་གཞུང་འཕྲོད་བསྟེན་ལས་ཁུངས་བརྒྱུད་སློབ་ཕྲུག་གསང་སྤྱོད་བཞི་གསར་རྒྱག་གི་རོགས་དངུལ་གསོལ་སྩལ་བྱུང་བའི་ཐོག ཤེས་རིག་ལས་ཁུངས་ཀྱི་རོགས་རམ་འོག་འཛིན་ཁང་༢ དང་ཡིག་ཚང་༡ བཅས་གསར་རྒྱག་ཐུབ་པ་བྱུང༌།
ཕྱི་ལོ་༢༠༠༣ ལོར་སམ་བྷོ་ཊ་བོད་སློབ་སྤྱི་ཁྱབ་ཡིག་ཚང་བརྒྱུད་མོན་ཊེ་སོ་རིའི་རྩེད་མོའི་ལམ་ནས་སློབ་ཁྲིད་གནང་བའི་མཐུན་རྐྱེན་ཆེད་ཧིན་སྒོར་༣༡༨༤༥ རོགས་སྐྱོར་བྱུང༌།
ཕྱི་ལོ་༢༠༠༥ ལོར་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་བརྒྱུད་སློབ་གྲྭའི་དཔེ་མཛོད་གསར་འཛུགས་དང༌། ཕྱི་ལོ་༢༠༠༩ ལོར་ཀམ་པུ་ཊར་སྦྱོང་བརྡར་ཁང་གསར་འཛུགས་ཀྱིས་ཀམ་པུ་ཊར་གྲངས་༡༠ མཐུན་སྦྱོར་གནང༌།
ཕྱི་ལོ་༢༠༠༦ ལོར་ནོར་ཝེ་ཨན་སི་ཨེ་(Norwegian Church Aid)རོགས་ཚོགས་ཀྱིས་རོགས་དངུལ་སྒོར་༣༦༤༥༨༦ བཏང་སྟེ་སློབ་གྲྭའི་དགེ་རྒན་ལས་ཤག་འཕར་མ་གསར་རྒྱག་གི་ལས་གཞི་ལག་བསྟར་ལེགས་གྲུབ་བྱུང༌།
ཕྱི་ལོ་༢༠༠༧།༢༠༠༨ ལོར་སློབ་གྲྭའི་འཛིན་ཁང་གསར་རྒྱག་ཆེད་བོད་གཞུང་དཔལ་འབྱོར་ལས་ཁུངས་ནས་རོགས་དངུལ་སྒོར་འབུམ་༡༡ མ་ཟིན་ཙམ་གནང་སོན་ལྟར་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་གི་གཟིགས་རྟོག་འོག་ལས་གཞི་ལག་བསྟར་ལེགས་གྲུབ་བྱུང་ཡོད།
བོད་དང་གནས་ཡུལ་རྒྱལ་ཁབ་ཀྱི་དུས་ཆེན་གལ་ཆེན་ཁག་བརྩི་སྲུང་དང༌། གནས་ཡུལ་གཞིས་སྒར་གྱི་སྤྱི་ཚོགས་མཛད་སྒོར་འཛུལ་ཞུགས་ཆེད་དུས་རྒྱུན་གཞས་དང་ཞབས་བྲོ། གཏམ་བརྗོད། ཟློས་གར་བཅས་སྦྱོང་བརྡར་གྱིས་འཁྲབ་སྟོན་གཟིགས་འབུལ་ཆེད་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་བརྒྱུད་ཕྱི་ལོ་༢༠༠༧ དང་༢༠༠༨ བཅས་སོ་སོར་འཁྲབ་ཆས་དང་གྱོན་ཆས་འདྲ་མིན་གྲངས་༢༠༠ ལྷག་དང༌། སྒྲ་སྙན་དང་པི་ཝང༌། རྔ་ཆེ་ཆུང༌། རྒྱུད་མངས། གླིང་བུ་སོགས་རོལ་ཆ་༥༣ ཡོད།
ད་ཡོད་ཀྱི་ཁང་པའི་མཐུན་རྐྱེན་ནི། སྦིར་ས་གནས་ཀོང་སྤྲུལ་རིན་པོ་ཆེ་བརྒྱུད་ནས་མ་ཎི་དུང་སྒྲུབ་ཚོགས་ཁང་དང་སློབ་གྲྭའི་ཚོགས་ཁང་བཅས་ལ་ཕན་པའི་རོགས་དངུལ་སྒོར་འབུམ་༢༥ སྡེ་དགེ་ལས་ཁུངས་བརྒྱུད་རོགས་མགོན་གནང༌། བོད་གཞུང་ཤེས་རིག་ལས་ཁུངས་ནས་སློབ་གྲྭའི་འཛིན་ཁང་གཉིས་དང་ལས་ཤག་གཉིས་ལ་ཕན་པའི་རོགས་དངུལ་སྒོར་༡༤༣༠༠༠༢ ཐབས་འཚོལ་གནང་སྟེ་ཕྱི་ལོ་༢༠༠༨ ལོར་ཨར་ལས་ལེགས་གྲུབ་བྱུང༌།
༣། སློབ་ཕྲུག་གྲངས་འབོར།
ཕྱི་ལོ་༡༩༦༩ ལོར་སློབ་གྲྭ་འདི་གསར་འཛུགས་གནང་བ་ནས་ཕྱི་ལོ་༢༠༠༨ བར་ཁྱོན་བསྡོམས་སློབ་ཕྲུག་༡༠༠༠ ཡས་མས་བྱུང་ཡོད་པའི་ནང་བརྒྱ་ཆ་༩༩ ཡིས་འཛིན་གྲྭ་མཐའ་འཁྱོལ་བ་བྱུང་ཡོད།
ཕྱིས་སུ་ཅོན་ཏ་ར་ས་གནས་སུ་བོད་ཕྲུག་ཁྱིམ་སྡེ་གསར་འཛུགས་བྱུང་འཕྲལ་སྡེ་དགེ་གཞིས་ཆགས་ཁོངས་གཏོགས་སློབ་ཕྲུག་རྣམས་སྦིར་ཉིན་སློབ་ནས་སྔོན་འགྲོ་ཐོན་རྗེས་ཅོན་ཏ་ར་བོད་ཁྱིམ་གཏན་སློབ་ནང་སློབ་ཡོན་རྩ་ཆག་གིས་སློབ་
འཇུག་བྱས་པའི་རྐྱེན་གྱིས། སྦིར་ཉིན་སློབ་འདིའི་སློབ་ཕྲུག་གྲངས་འབོར་ཉུང་དུ་སོང་ཡོད།
འདས་པའི་ལོ་ངོ་༢༡ རིང་སློབ་གྲྭའི་འདིའི་སློབ་ཕྲུག་གྲངས་འབོར་འཕར་ཆག་གི་གནས་སྟངས་གཤམ་གསལ།
ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྡོམ་རྩིས་ལྟར་ན། ལོར་དེར་སྦིར་ཉིན་སློབ་ཏུ་སློབ་ཕྲུག་བུ་༥༨ དང་བུ་མོ་༤༦ བཅས་ཁྱོན་བསྡོམས་༡༠༤ ཡོད་པ་ཚང་མ་ཉིན་སློབ་ཡིན་ཞིང༌། དགེ་རྒན་༡༠ དང་ལས་བྱེད་༣ བཅས་ཁྱོན་བསྡོམས་ད
གེ་ལས་༡༣ ཡོད།
༤། ཤེས་ཡོན་ལས་རིམ།
ཕྱི་ལོ་༢༠༠༦ ཟླ་༣ ཚེས་༡༥ ཉིན་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་ནས་ཁྱབ་ཁོངས་སློབ་གྲྭ་ཚང་མར་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་རྒྱུའི་བཀོད་ཁྱབ་གནང་བ་ནས་བཟུང༌། སྦིར་ཉིན་སློབ་ཀྱི་དགེ་ལས་ཚང་མ་རེས་མོས་བཞིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་ཟབ་སྦྱོང་ནང་འཛུལ་ཞུགས་གནང་བ་མ་ཟད། ཟབ་སྦྱོང་ལས་ཐོབ་པའི་གལ་
ཆེའི་ཤེས་བྱ་ལག་བསྟར་ཆེད་འགོ་ལས་ནང་ཁུལ་གོ་བསྡུར་བགྲོ་གླེང་ཞིབ་རྒྱས་བརྒྱུད་སྲིད་བྱུས་ལག་ལེན་དོན་འཁེལ་བྱས་པའི་ནང་
དོན་ཁག་ཅིག་གཤམ་གསལ་ལྟར་ཡིན།
ཀ) དེ་སྔོན་འཛིན་ཁང་ལོ་རིམ་གཙོ་བོར་བཟུང་སྟེ་འཛིན་གྲྭ་དབྱེ་བའི་ལམ་སྲོལ་ལ་འགྱུར་བ་བཏང་སྟེ། མཉམ་བསྲེས་འཛིན་གྲྭ་འགོ་འཛུགས་ཀྱིས་ལོ་ན་དང་འཛིན་རིམ་མི་འདྲ་བའི་སློབ་ཕྲུག་དུ་མ་མཉམ་བསྲེས་ཀྱིས་སློབ་ཁྲིད་གནང་འགོ་བརྩམས།
ཁ) འཛིན་གྲྭ་སོ་སོའི་ནང་དཔེ་མཛོད་ཆུང་ཆུང་རེ་ཡོད་པས། དགེ་སློབ་གཉིས་ཀས་དགོས་ངེས་དེབ་རིགས་སྐབས་བསྟུན་བཀོལ་སྤྱོད་བྱེད་པའི་མཐུན་རྐྱེན་བསྐྲུན་ཡོད།
ག) སྔ་མའི་སློབ་ཁྲིད་ཀྱི་རྣམ་པ་བཞིན་འཆད་ཀློག་འབྲི་ཁོ་ན་མ་ཡིན་པར། དགེ་སློབ་གཉིས་ལ་བྱེད་སྒོ་རིགས་ཇེ་མང་དུ་བཏང་ཡོད།
ང) ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་སྔོན་འགྲོ་ནས་འཛིན་རིམ་གསུམ་པ་བར་བོད་སྐད་ཁོ་ནའི་ལམ་ནས་སློབ་ཁྲིད་དང་གཏམ་གླེང་བྱེད་པ།
ཅ) འཛིན་རིམ་དང་པོ་ནས་བཟུང་བོད་ཡིག་ཡིག་གཟུགས་སྦྱང་ཤིང་ཐོག་འབྲི་སྦྱོང་བྱེད་ལམ་འགོ་འཛུགས་གནང་ཡོད།
ཆ) གཞི་རིམ་འོག་མའི་ཡིག་རྒྱུགས་སྐབས་དེ་སྔའི་བརྒྱ་ཆ་སྤྲོད་པའི་ལམ་ལུགས་མཚམས་འཇོག་བྱས་ཏེ། འབྲི་ཀློག་དག་གསུམ་ལ་ཨང་སྡེ་སྤྲོད་པའི་ལམ་ལུགས་སྤྱོད་པའི་ཐོག དགེ་རྒན་གྱིས་སློབ་མར་ཕྱོགས་ཡོངས་ནས་ཞིབ་འཇུག་གནང་བའི་ལམ་ནས་སློབ་ཕྲུག་གི་གྲུབ་འབྲས་གདེང་འཇོག་གནང་བཞིན་ཡོད།
ཇ) ཡིག་རྒྱུགས་དང་སློབ་ཁྲིད་སྐབས་སློབ་དེབ་གཙོ་བོར་འཛིན་པའི་སྔར་སྲོལ་དོར་ཏེ། ཕྱི་ལོ་༢༠༠༨ ཟླ་༧ པར་བོད་གཞུང་ཤེས་རིག་ལས་ཁུངས་ནས་ཤེས་ཡོན་སྲིད་བྱུས་དགོངས་དོན་བཞིན་སྔོན་འགྲོ་ནས་གཞི་རིམ་འོག་མ་འཛིན་རིམ་ལྔ་པ་བར་གྱི་བསླབ་གཞིའི་རྩ་འཛིན་གཏན་འབེབས་བཀོད་ཁྱབ་གནང་བ་དེ་རྩ་འཛིན་ཞུས་ཏེ། ས་གནས་དང་ཁོར་ཡུག་ལ་འཚམས་ཤིང༌། སློབ་ཕྲུག་བྱེ་བྲག་ལ་འཚམས་པའི་བསླབ་གཞི་འདེམས་སྒྲུག་གིས་སློབ་ཁྲིད་གནང་བཞིན་ཡོད།
ཉ) སློབ་སྦྱོང་ནི་མི་ཚེ་དོན་དང་ལྡན་པ། བདེ་སྐྱིད་ལྡན་པ་ཞིག་བཟོ་སླད་ཡིན་ཕྱིར། དགེ་རྒན་གྱིས་སློབ་ཁྲིད་གནང་སྐབས་སྤྲོ་སྣང་ལྡན་པའི་ཁོར་ཡུག་ཅིག་བསྐྲུན་རྒྱུར་དམིགས་བསལ་ཐུགས་སྣང་གནང་སྟེ། སློབ་མར་ནང་ལས་དང་གནོན་ཤུགས་གང་ཉུང་སྤྲོད་པ། སློབ་ཚན་ལ་དགའ་ཞེན་དང་སྤྲོ་སྣང་གོང་སྤེལ་གཏོང་བ་གཙོ་བོར་འཛིན་བཞིན་ཡོད།
ཏ) ལོ་རེར་སློབ་མ་ཡོངས་ཀྱི་ནང་ནས་སློབ་ཕྲུག་བུ་གཅིག་དང་བུ་མོ་གཅིག་བཅས་ལ་བུམ་སྐྱོན་གསུམ་བྲལ་གྱི་སློབ་མའི་བྱ་དགའ་དང་ལག་འཁྱེར་གནང་མུས་ཡིན།
མདོར་ན། གོང་གསལ་བྱེད་ཐབས་ཀྱིས་གཙོས་པའི་སྲིད་བྱུས་དགོངས་དོན་རྣམས་ལག་བསྟར་གྱིས་འཛིན་ཁང་གི་ཁོར་ཡུག་དང༌། སློབ་ཁྲིད་ཀྱི་དམིགས་ཡུལ་དང་ཁ་ཕྱོགས། སློབ་ཚན་འདེམས་སྒྲུག ཡིག་རྒྱུགས། དུས་རྒྱུན་གྱི་བྱེད་སྒོ་སོགས་ལ་འགྱུར་བ་ཆེན་པོ་བྱུང་བ་མ་ཟད། སློབ་ཕྲུག་རྣམས་ཆུང་དུས་ནས་བོད་ཡིག་འབྲི་ཀློག་སྦྱོར་གསུམ་དང་ཡིག་གཟུགས་ཐོག་ཡར་རྒྱས་མངོན་གསལ་བྱུང་ཞིང༌། དོགས་འདྲི་དང༌། བརྩད་ཞིབ། མཉམ་ཞུགས་བཅས་ཀྱི་སྣང་ཚུལ་མངོན་གསལ་གྱིས་ཇེ་མང་དུ་སོང་བ། སློབ་ཕྲུག་རྣམས་གནོན་ཤུགས་དང་དངངས་འཚབ་མེད་པར་དགའ་དགའ་སྤྲོ་སྤྲོའི་ངང་སློབ་གྲྭར་ཡོང་བ་དང༌། འཛིན་གྲྭ་ཚོགས་རྒྱུར་སུན་སྣང་ཇེ་ཉུང་དུ་སོང་བ། དགེ་སློབ་དབར་འཚེར་སྣང་དང་དོགས་སྣང་ཉུང་དུ་སོང་སྟེ་ཡིད་ཆེས་དང་འབྲེལ་ལམ་ཇེ་དམ་དུ་སོང་བ། གང་སྦྱངས་པའི་ཤེས་ཡོན་ཐོག་དགའ་ཞེན་ལྡན་པ་སོགས་གྲུབ་འབྲས་སུ་བགྲང་ཆོག་པའི་མངོན་རྟགས་མང་པོ་བྱུང་ཡོད་ནའང༌། དེ་དང་ལྷན་དུ་སློབ་ཕྲུག་ལ་སློབ་ཁྲིད་དང་བཀོད་ཇུས་སྟངས་འཛིན་བྱ་རྒྱུའང་སྔར་ལས་དཀའ་རུ་གྱུར་ཏེ། སྒྲིག་ལམ་ཐོག་ཕྲན་བུ་ཉམས་རྒུད་བྱུང་བའི་ཚོར་སྣང་བྱུང་ཡོད།
༥། གཞུང་འབྲེལ་འཚམས་གཟིགས།
སྦིར་ཉིན་སློབ་འདིར་དུས་ནས་དུས་སུ་གཞུང་འབྲེལ་མི་སྣ་གཟིགས་སྐོར་རིམ་ཕེབས་ཀྱིས་དགོས་ངེས་ལམ་སྟོན་དང་རྟོག་ཞིབ་གནད་སྨིན་གནང་ཡོད། དེ་ཡང་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་དང་སམ་བྷོ་ཊ་བོད་སློབ་སྤྱི་ཁྱབ་ཡིག་ཚང་འགན་འཛིན་བཅས་ནས་ལོ་འཁོར་ཤེས་ཡོན་ཞིབ་འཇུག་གནང་བཞིན་ཡོད་པ་དང༌། དེ་མིན་གཞུང་འབྲེལ་མི་སྣ་དུ་མ་ཞིག་གཟིགས་སྐོར་དུ་ཕེབས་པ་ལས་ཉེ་བའི་ལོ་ཤས་རིང་གི་གནས་ཚུལ་ཁག་ཅིག་ཞུས་ན།
ཕྱི་ལོ་༢༠༠༦ ཟླ་༡༡ ཚེས་༢༠ ནང་ཤེས་རིག་ལས་ཁུངས་ཀྱི་དྲུང་ལས་བསྟན་འཛིན་བློ་གསལ་དང༌། དྲུང་ལས་སྐལ་བཟང་རིན་ཆེན་རྣམ་གཉིས་སློབ་གྲྭ་འདིར་སྤྱི་ཡོངས་ཤེས་ཡོན་རྟོག་ཞིབ་དང་འབྲེལ་ཨིན་ལན་བོད་ཀྱི་ཐེབས་རྩའི་རོགས་དངུལ་ལས་འཆར་ལ་དམིགས་བསལ་རྟོག་ཞིབ་གནང༌།
ཕྱི་ལོ་༢༠༠༦ ཟླ་༡༡ ཚེས་༢༧།༢༨ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཉིན་སློབ་ནང་ཤེས་ཡོན་རྟོག་ཞིབ་གནང་སྐབས་སློབ་སྟོན་གནང་རྒྱུར། སློབ་ཕྲུག་ཚོའི་ངོས་ནས་དགེ་རྒན་ལ་དྲི་བ་མང་པོ་འདྲི་དགོས་པ་དང༌། དགེ་རྒན་ཚོའི་ངོས་ནས་དང་ལེན་གྱིས་དྲིས་ལན་འདེབས་དགོས། སློབ་ཕྲུག་ཚོའི་བྱེད་སྤྱོད་ལ་དགེ་རྒན་དང་ཕ་མས་ཐུགས་སྣང་ཆེན་པོས་ཁ་ཡ་བྱེད་དགོས་གསུངས།
ཕྱི་ལོ་༢༠༠༧ ཟླ་༡༠ ཚེས་༨ ཉིན་སམ་བྷོ་ཊ་བོད་སློབ་སྤྱི་ཁྱབ་འཛིན་འགན་སྐུ་ཞབས་ཀརྨ་ཆུང་བདག་ལགས་ཀྱིས་ཉིན་སློབ་ནང་གཟིགས་སྐོར་སྐབས་གསུངས་དོན། “ལས་ཀ་གང་ཞིག་ཡིན་ནའང་བྱེད་སྟངས་མ་འགྲིགས་པ་ཡོང་སྲིད། བྱེད་སྟངས་མ་འགྲིགས་པ་ཙམ་ལ་ཧ་ལས་རྒྱུ་མེད། གཙོ་བོ་བྱེད་སྟངས་འགྲིགས་ཡོད་མེད་ལ་དུས་བསྟུན་ཞིབ་བཤེར་གནང་རྒྱུ་གལ་ཆེ། དེ་དགེ་འདོན་སྐྱོན་བསྲང་གནང་དགོས། ལས་ཀ་མ་བྱས་པའམ། སྔ་མའི་རྒྱུན་སྲོལ་ཙམ་ལ་མགོ་འཐོམས་ཏེ་དོན་ཕན་ལྡན་པའི་གྲུབ་འབྲས་ཤིག་ཐོན་མི་ཐུབ།” ཞེས་སོགས་ལམ་སྟོན་གསུང་བཤད་གནང་བ་དང༌། དེ་བཞིན་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་གསུང་བཤད་ནང༌། དགེ་རྒན་དང་ཕ་མ་ཚོས་ཤེས་ཡོན་སྲིད་བྱུས་ཀྱི་འབྲུ་དོན་སྤྱི་དང༌། ཁྱད་པར་སྲིད་བྱུས་ཀྱི་ངོ་བོ་དང་དགོས་དམིགས་སྐོར་དགེ་རྒན་རྣམ་པས་ངེས་པར་གསལ་པོ་རྟོགས་ཐུབ་པ་དགོས་རྒྱུ་དང༌། (CCA)ཟུར་དུ་འཇོག་དགོས་ཞེས་སོགས་སློབ་སྟོན་ཞིབ་རྒྱས་གནང༌།
ཕྱི་ལོ་༢༠༠༩ ཟླ་༧ ཚེས་༡ ཉིན་ཤེས་ཡོན་འགན་འཛིན་ཚེ་རིང་ཕུན་ཚོགས་ལགས་སྦིར་ཉིན་སློབ་འདིར་ལོ་འཁོར་ཤེས་ཡོན་རྟོག་ཞིབ་ལ་ཕེབས་སྐབས་ལམ་སྟོན་གནང་དོན། དགེ་རྒན་རྣམས་སློབ་ཁྲིད་སྐབས་བསླབ་གཞི་གཙོ་བོར་དམིགས་བཀར་དམ་འཛིན་བྱ་དགོས་པ་ལས། སློབ་ཕྲུག་རྣམས་འཁྲུལ་གཞིའི་བརྗོད་གཞི་འདྲ་མིན་ལ་མི་ཕྱོགས་པ་བྱ་དགོས། སློབ་ཕྲུག་རྣམས་སློབ་གྲྭར་དགའ་ཞེན་སླེབས་ཆེད་འཛིན་ཁང་ནང་སློབ་མའི་འདྲ་པར་སོགས་སྦྱར་རྒྱུ་མ་ཟད། སློབ་ཁྲིད་སྐབས་འཇམ་པོ་དང་བྱེད་སྒོ་ལ་དགེ་རྒན་རང་ཉིད་མཉམ་ཞུགས་བྱ་དགོས། འཛིན་གྲྭ་བཞི་པའི་སློབ་ཕྲུག་རྣམས་ཨིན་ཡིག་ཀློག་རྩལ་ཐོག་དམིགས་བསལ་ཤུགས་སྣོན་རྒྱག་དགོས་སོགས་ཀྱི་གལ་གནད་འབུར་འདོན་གྱིས་སློབ་སྟོན་གནང༌།
མ་ན་ལི་སམ་བྷོ་ཊ་ཉིན་སློབ།
དཀར་ཆག
༡། འགོ་འཛུགས།
༢། མཐུན་རྐྱེན་འཛུགས་སྐྲུན།
༣། སློབ་ཕྲུག་གྲངས་འབོར་དང་མཐར་ཕྱིན་སློབ་མའི་གྲངས་འབོར།
༤། ཤེས་ཡོན་ལས་རིམ།
༥། གཞུང་འབྲེལ་འཚམས་གཟིགས།
༡། འགོ་འཛུགས།
ཕྱི་ལོ་༡༩༥༩ ལོ་ནས་བོད་མི་རྣམས་རྒྱ་གར་ནང་བཙན་བྱོལ་དུ་སླེབས་རིམ་བཞིན་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེ་ནང་ལམ་བཟོའི་ལས་ཀ་བྱས་ཡོད་པའི་ཁྲོད། མ་ན་ལི་ས་ཁུལ་དུ་བོད་མི་ལམ་བཟོ་བ་མི་ཉུང་བ་ཞིག་ཡོད་པ་ཁོང་ཚོའི་ཕྲུ་གུ་རྣམས་འཇོག་ཡུལ་གྱི་སློབ་གྲྭ་ལྟ་བུ་ཞིག་མེད་ཐབས་མེད་པའི་དགོས་མཁོར་གཞིགས་ཏེ། ཕྱི་ལོ་༡༩༦༢ ལོར་ཐོག་མར་སྔོན་འགྲོའི་སློབ་གྲྭ་ཞིག་གསར་འཛུགས་བྱས་འདུག སྐབས་དེར་གང་ཅིའི་ཐད་གནས་སྟངས་ཞན་པའི་དབང་གིས་མ་ན་ལི་བོད་དགོན་དགེ་ལུགས་དགོན་པའི་ཉེ་འགྲམ་དུ་འཛིན་གྲྭ་ཚོགས་ཡུལ་བྱས་ཏེ། འཛིན་ཁང་གི་དོད་དུ་རས་གུར་ཕུབ་སྟེ་སློབ་ཁྲིད་ཀྱི་བྱ་བ་འགོ་འཛུགས་བྱས་ཡོད་ལ། ཐོག་མའི་ཆར་སློབ་མ་གྲངས་༢༠ ཙམ་དང་དགེ་རྒན་༡ མ་ཚབ་༡ བཅས་ཡོད།
ཕྱི་ལོ་༢༠༠༨ ལོར་ཉིན་སློབ་འདིར་སྔོན་འགྲོ་ནས་འཛིན་གྲྭ་ལྔ་པ་བར་སློབ་ཕྲུག་གྲངས་༩༠ དང༌། སློབ་དགེ་གྲངས་༨ དེ་མིན་ལས་བྱེད་གྲངས་༦ བཅས་བསྡོམས་ལས་བྱེད་གྲངས་༡༤ ཡོད།
༢། མཐུན་རྐྱེན་འཛུགས་སྐྲུན།
གུར་ནང་མུ་མཐུད་འཛིན་གྲྭ་རྒྱུན་འཁྱོངས་བྱ་ཐབས་མེད་སྟབས་ཕྱི་ལོ་༡༩༦༢ ལོའི་ལོ་མཇུག་ཙམ་ནས་བཟུང་འབྲེལ་ཡོད་ཕ་མའི་འཐུས་མི་རྣམས་ནས་འཕྲལ་ཕུགས་གཉིས་ལ་ཕན་ཐོགས་ཡོད་པའི་སློབ་གྲྭ་ཞིག་གསར་རྒྱག་ཐུབ་པའི་གྲོས་བསྡུར་ལྷུག་པོ་གནང་མཐར། མ་ན་ལི་ནས་ས་ཐག་ཀི་ལོ་མི་ཊར་༣ ཙམ་ཡོད་པའི་རྒས་གསོ་ཁང་ཞེས་པའི་ས་གནས་སུ་ཕ་མའི་དཔལ་འབྱོར་གནས་སྟངས་ལ་གཞིགས་པའི་སློབ་གྲྭ་གསར་སྐྲུན་བྱ་རྒྱུ་མང་མོས་གྲོས་འཆམ་བྱུང་བ་དང༌། ཕ་མ་སོ་སོ་ནས་མ་དངུལ་བསྡུ་རུབ་བྱས་པའི་ཐོག་ཚོགས་སྐྱིད་དང་མི་མང་གཞན་ནས་ཞལ་འདེབས་བསྡུ་རུབ་སོགས་མ་དངུལ་ཐབས་འཚོལ་དོན་སྨིན་བྱུང་རྗེས། གོང་གསལ་ས་གནས་སུ་འཛིན་གྲྭ་དང་པོ་ནས་བརྒྱད་པ་བར་ཚུགས་ཐུབ་པའི་ཁང་མིག་གྲངས་༡༠ ལྷག་ཙམ་ཡོད་པའི་ཤིང་ཁང་ཞིག་ཕ་མ་རང་ངོས་ནས་དང་བླངས་ཀྱིས་གསར་རྒྱག་ལེགས་གྲུབ་བྱུང༌།
དེ་རྗེས་སྔོན་འགྲོ་ནས་འཛིན་གྲྭ་གཉིས་པ་བར་ཚུགས་ཐུབ་པ་བྱུང་ཡོད་ཀྱང༌། སློབ་གྲྭའི་འཛིན་སྐྱོང་དང་འགྲོ་གྲོན་ཐད་དཀའ་ངལ་རིམ་པར་འཕྲད་པའི་དབང་གིས་རང་གཞུང་ཤེས་རིག་ལྷན་ཁང་ལ་རྩིས་བཞེས་ཡོང་བའི་འབོད་སྐུལ་རིམ་པ་ཞུས་མཐར་དོན་སྨིན་བྱུང་སྟེ། ཕྱི་ལོ་༡༩༧༨ ལོར་ཤེས་རིག་ལྷན་ཁང་ནས་རྩིས་བཞེས་ཀྱིས་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ལ་རེ་བསྐུལ་ཞུས་པ་བཞིན་སློབ་གྲྭ་འདི་དབུས་བོད་སློབ་འཛིན་ཚོགས་ཀྱི་རོགས་སྐྱོར་སློབ་གྲྭའི་ཁོངས་སུ་འཇུག་བཞེས་གནང༌། དེ་ནས་བོད་གཞུང་ཤེས་རིག་ལྷན་ཁང་ནས་དགེ་ཆེ་དང་དགེ་རྒན་རིམ་བཞིན་བསྐོ་གཏོང་སོགས་གཟིགས་རྟོག་འོག་སློབ་གྲྭའི་འཛིན་སྐྱོང་དང་མཐུན་རྐྱེན་ཡར་རྒྱས་ཕྱིན་ཏེ། དགེ་ལས་དང་སློབ་ཕྲུག་གི་གྲངས་འབོར་རིམ་འཕར་གྱིས་སྔོན་འགྲོ་ནས་འཛིན་གྲྭ་བརྒྱད་པ་བར་ཚུགས་ཐུབ་པ་བྱུང༌།
འོན་ཀྱང༌། རྗེས་སུ་སློབ་གྲྭ་ཆགས་ཡུལ་ས་གནས་དེ་མ་ན་ལི་གྲོང་ཁྱེར་གྱི་བཙོག་ཆུ་གསོག་ས་བཟོ་གྲྭའི་འཆར་གཞིའི་ནང་འཁེལ་བར་བརྟེན། འབྲེལ་ཡོད་ལས་ཁུངས་ནས་སློབ་གྲྭ་ས་གནས་གཞན་ལ་མགྱོགས་མྱུར་གནས་སྤོ་དགོས་པའི་བཀོད་ཁྱབ་ཡི་གེ་རིམ་འབྱོར་ལ་བརྟེན། དགེ་ཆེ་མཆོག་གིས་གཙོས་པའི་འབྲེལ་ཡོད་ཕ་མའི་མི་འཐུས་རྣམས་ནས་ཧི་མ་ཅལ་མངའ་སྡེ་གཞུང་ལ་སློབ་གྲྭ་འདི་བཞིན་ལྡི་ལི་བོད་སློབ་འཛིན་ཚོགས་ཀྱི་འཛིན་སྐྱོང་འོག་ཏུ་གནས་པའི་སློབ་གྲྭ་ཞིག་ཡིན་པ་མ་ཟད། ཕྱི་ལོ་༡༩༦༢ ལོ་ནས་ས་གནས་སུ་རྒྱུན་གནས་ཀྱིས་ལོ་མང་ཕྱིན་པའི་སློབ་གྲྭ་ཞིག་ཡིན་གཤིས་ད་ཆ་ས་ཆ་གཞན་ལ་སྤོ་ཡུལ་གྱི་དམིགས་སྒོ་གང་ཡང་མེད་པ། གལ་སྲིད་སློབ་གྲྭ་ས་ཆ་གཞན་ལ་གནས་སྤོ་དགོས་ཚེ་མངའ་སྡེ་གཞུང་ནས་སློབ་གྲྭའི་དངོས་ཡོད་བདེ་སྡུག་ལ་གཟིགས་ཏེ་སྤོ་ཡུལ་གྱི་ས་ཆ་ཚབ་གསར་ཞིག་གསོལ་རས་ཡོང་བའི་ཞུ་སྙན་རབ་དང་རིམ་པ་ཕུལ་བའི་འདྲ་བཤུས་རྣམས་རང་གཞུང་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་དང་བོད་སློབ་འཛིན་ཚོགས་ཀྱི་དྲུང་ཆེ་སོགས་ལ་འབུལ་ལམ་ཞུས་པ་བཞིན་འབྲེལ་ཡོད་ཤེས་ལྷན་ནས་དེ་ལྟར་མངའ་སྡེ་གཞུང་སོགས་ལ་རྒྱུན་མཐུད་འབྲེལ་མོལ་ཞུས་འབྲས་སུ། མ་ན་ལི་ཉེ་འགྲམ་རང་རིག་ཞེས་པའི་ས་ཆར་སློབ་གྲྭ་གསར་རྒྱག་བྱ་ཡུལ་གྱི་ས་ཆ་བཀའ་འཁྲོལ་དོན་སྨིན་བྱུང༌།
རང་གཞུང་ཤེས་རིག་ལས་ཁུངས་ནས་འཕྲལ་ཕུགས་གང་ཅིར་དགོངས་པ་ཆེ་བཞེས་ཀྱིས་མ་དངུལ་འབོར་ཆེན་ནར་གཏོང་གནང་སྟེ་གོང་གསལ་ས་གནས་སུ་༡༩༩༤ ལོ་ནས་སློབ་ཁང་གསར་རྒྱག་གི་ཨར་ལས་འགོ་བཙུགས་གནང་ཐུབ་པ་བྱུང་ཡོད། འོན་ཀྱང་ཨར་ལས་མཇུག་སྒྲིལ་མ་བྱུང་གོང༌། ཕྱི་ལོ་༡༩༩༥ ལོར་སློབ་གྲྭ་རྙིང་པ་ཆགས་ཡུལ་གྱི་ས་ཆ་ཚང་མ་ཆུ་ལོག་གིས་གཙང་འཁྱེར་བྱས་པའི་དབང་གིས་བདུན་ཕྲག་འགའི་རིང་སློབ་གྲྭ་ཚུགས་ཡུལ་མེད་པའི་དཀའ་ངལ་འཕྲད་སྟབས། བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་བཀའ་འབྲེལ་ལྟར་ཕ་མའི་མི་འཐུས་རྣམས་ནས་སློབ་གྲྭ་ཚོགས་ཡུལ་གྱི་ཁང་མིག་༡༢ ཙམ་ཡོད་པའི་ཁང་པ་ཆེ་ཙམ་ཞིག་སྔ་གཡར་ཐབས་འཚོལ་བྱས་ཏེ་ལོ་གཅིག་ཙམ་གྱི་རིང་གནས་དེར་སྤོས་སྡོད་བྱ་དགོས་བྱུང་ཞིང༌། དེ་བཞིན་ལས་བྱེད་རྣམས་ཀྱི་དཀའ་སེལ་ཆེད་ལས་ཤག་གསར་པ་མ་གྲུབ་བར་མ་ན་ལིའི་ཉེ་འགྲམ་ཨ་ལུ་ཐང་ཀ་ཞེས་པར་ལས་ཤག་ཐབས་འཚོལ་གོ་སྒྲིག་གནང་སྟེ་དེའི་ནང་ལོ་ངོ་གཉིས་ལྷག་ཙམ་གནས་སྡོད་བྱ་དགོས་བྱུང་ཡོད།
དེ་རྗེས་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་མ་ན་ལི་རང་རིག་ས་གནས་སུ་སློབ་ཁང་ཐོག་བརྩེགས་གསུམ་ཅན་གྱི་འཛིན་ཁང་དང་ལས་ཁང༌། ལས་ཤག་སོགས་བརྩིས་པའི་ཁང་མིག་ཆེ་ཆུང་ཁྱོན་བསྡོམས་༥༥ ལྷག་ཡོད་པའི་སློབ་ཁང་གསར་རྒྱག་གི་ཨར་པོའི་ལས་གཞི་ཕྱི་ལོ་༡༩༩༦ ལོར་ལེགས་གྲུབ་བྱུང་སྟེ། དགེ་ལས་སློབ་ཕྲུག་ཚང་མ་དགའ་སྤྲོ་ཆེན་པོའི་ངང་སློབ་གྲྭ་གསར་པར་གནས་སྤོ་ཐུབ་པ་བྱུང་བ་བཞིན། ཕྱི་ལོ་༡༩༩༦ ཟླ་༧ ཚེས་༤ ཉིན་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་སློབ་གྲྭ་གསར་པའི་དབུ་འབྱེད་མཛད་སྒོར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ། ས་གཞི་བྱིན་གྱིས་རླབས་ཤིང་དགེ་ལས་སློབ་ཕྲུག་ཕ་མ་ཚང་མར་བཀའ་སློབ་སྤྱི་སྩལ་བྱུང་བའི་རྙེད་དཀའི་སྐལ་བ་བཟང་པོ་ཐོབ་ཡོད།
དེ་རྗེས་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཐུགས་རྗེའི་བཀའ་དྲིན་ལས་དགོས་མཁོའི་ཤེས་ཡོན་གྱི་མཐུན་རྐྱེན་རྣམས་ཡར་ངོའི་ཟླ་ལྟར་འཕེལ་ཏེ། རིམ་བཞིན་མིང་དོན་མཚུངས་པའི་འབྲིང་རིམ་སློབ་གྲྭ་ཚད་ལྡན་ཞིག་ཏུ་གྱུར་ཡོད་ནའང༌། རྩ་བའི་འདིར་འཁོད་བོད་མི་ཕལ་ཆེ་བ་དུས་ཚིགས་ལ་བརྟེན་པའི་ཚོང་ལས་གཉེར་མཁན་ཤ་སྟག་ཡིན་པས། དབྱར་དུས་མ་ནི་ལིར་གྱོན་ཆས་ཚོང་ལས་གཉེར་བ་དང༌། དགུན་དུས་ལྷོ་ཕྱོགས་སོགས་རྒྱ་ཐང་དུ་དགུན་གོས་ཚོང་ལས་ཆེད་ཕྱིར་བསྐྱོད་གནང་མུས་རྐྱེན་གྱིས་སློབ་གྲྭར་ཉལ་ཁང་མཐུན་རྐྱེན་སྦྱོར་སྤྲོད་རེ་སྐུལ་ལ་དགོངས་བཞེས་ཀྱིས་བྷུན་ཏར་གཏན་སློབ་གསར་འཛུགས་གནང་བ་དང༌། ཕྱི་ལོ་༢༠༠༣ ལོར་བོད་གཞུང་ཤེས་རིག་ལས་ཁུངས་དང་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་གི་དགོངས་གཞི་ལྟར་འཛིན་གྲྭ་དྲུག་པ་ནས་བརྒྱད་པ་བར་གྱི་སློབ་ཕྲུག་དང་དེ་དང་འབྲེལ་བའི་འཛིན་ཆས་དང་ཤེས་ཡོན་གྱི་ཡོ་བྱད་ཚང་མ་སམ་བྷོ་ཊ་བྷུན་ཏར་གཏན་སློབ་ལ་གནས་སྤོ་གནང་བས། མ་ན་ལི་ཉིན་སློབ་འདིའི་གནས་སྟངས་ལ་འཕོ་འགྱུར་ཆེན་པོ་བྱུང༌། དེ་ནས་བཟུང་སློབ་གྲྭ་འདིའི་འཛིན་རིམ་ལྔ་པ་མཐར་ཕྱིན་རྗེས། བྷུན་ཏར་གཏན་སློབ་ནང་ཚུད་རྒྱུགས་ཀྱི་ལམ་ནས་སློབ་འཇུག་ལག་བསྟར་ཞུ་མུས་ཡིན།
ཕྱི་ལོ་༢༠༠༤ ལོར་ཕ་རན་སི་(AET)རོགས་ཚོགས་ཀྱི་རོགས་སྐྱོར་འོག་སློབ་གྲྭའི་སྔར་ཡོད་དཔེ་མཛོད་ཡར་རྒྱས་ཀྱི་ལས་འཆར་ལག་བསྟར་གྱིས་དཔེ་མཛོད་ཁང་གི་མཐུན་རྐྱེན་ཡར་རྒྱས་བཏང་བས་དགེ་སློབ་གཉིས་ལ་ཕན་ཐོགས་ཆེན་པོ་བྱུང༌།
མདོར་ན། ད་ལྟ་ཉིན་སློབ་འདིར་འཛིན་ཁང་༦ དང༌། དཔེ་མཛོད་ཁང་༡ ཀམ་པུ་ཊར་༡༠ ཚན་རིག་བརྟག་དཔྱད་ཁང་༡(༡༩༩༦) ཚོགས་ཁང་༡ སྨན་ཁང་༡ ཚལ་ཞིང་མི་ཊར་ཁ་གང་མ་༧ དགེ་ལས་ངལ་གསོ་ཁང་༡(༡༩༩༦) རོལ་ཆ་ཁང་༡ ལས་ཤག་༡༣(༡༩༩༨) ཡིག་ཚང་༡ བུ་བཅོལ་ཁང་༡ སྐུ་མགྲོན་ཁང་༡(༢༠༠༥)བཅས་ཡོད།
བོད་དང་གནས་ཡུལ་རྒྱལ་ཁབ་ཀྱི་དུས་ཆེན་གལ་ཆེན་ཁག་བརྩི་སྲུང་དང༌། གནས་ཡུལ་གཞིས་སྒར་གྱི་སྤྱི་ཚོགས་མཛད་སྒོར་འཛུལ་ཞུགས་ཆེད་དུས་རྒྱུན་གཞས་དང་ཞབས་བྲོ། གཏམ་བརྗོད་སོགས་སྦྱོང་བརྡར་དང་འཁྲབ་སྟོན་གཟིགས་འབུལ་ཆེད་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་བརྒྱུད་ཕྱི་ལོ་༡༩༩༩ ནས་༢༠༠༨ བར་འཁྲབ་ཆས་དང་གྱོན་ཆས་འདྲ་མིན་རྣམ་གྲངས་༢༢༩ ལྷག་དང༌། སྒྲ་སྙན་དང་པི་ཝང༌། རྔ་ཆེ་ཆུང༌། རྒྱུད་མངས། སྦུག་ཆལ། གླིང་བུ་སོགས་རོལ་ཆ་༤༣ བཅས་ཡོད།
༣། སློབ་ཕྲུག་གྲངས་འབོར་དང་མཐར་ཕྱིན་སློབ་མའི་གྲངས་འབོར།
ཕྱི་ལོ་༡༩༧༨ ནས་༢༠༠༨ བར་མ་ན་ལི་ཉིན་སློབ་འདིར་སློབ་འཇུག་བྱས་པའི་སློབ་མ་ཁྱོན་བསྡོམས་གྲངས་༩༣༥ ཟིན་ཡོད་པའི་ཁྲོད། འཛིན་གྲྭ་བརྒྱད་པ་མཐར་ཕྱིན་པའི་སློབ་མ་གྲངས་༡༩༧ བྱུང་ཡོད།
ཕྱི་ལོ་༡༩༨༩ ནས་ཕྱི་ལོ་༢༠༠༩ བར་འདས་པའི་ལོ་ངོ་༢༡ རིང་གི་སློབ་འཇུག་གནས་སྟངས་གཤམ་གསལ།
ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྡོམ་རྩིས་ལྟར་ན། ལོ་དེར་མ་ན་ལི་སློབ་གྲྭ་འདིར་སློབ་ཕྲུག་བུ་༤༣ དང་བུ་མོ་༤༢ བཅས་བསྡོམས་༨༥ ཡོད་པ་ཚང་མ་ཉིན་སློབ་བོད་ཕྲུག་ཡིན། དགེ་རྒན་༩ དང་ལས་བྱེད་༦ བཅས་ཁྱོན་བསྡོམས་དགེ་ལས་༡༥ ཡོད།
༤། ཤེས་ཡོན་ལས་རིམ།
སློབ་ཕྲུག་གི་ཕྱི་ནང་ཤེས་ཡོན་གོང་འཕེལ་ཆེད་འབྲེལ་ཡོད་དགེ་རྒན་རྣམས་ནས་རྒྱུན་གཏན་འཛིན་གྲྭ་ཕྱི་ནང་དུ་སློབ་ཁྲིད་ལམ་སྟོན་བརྒྱུད་ལམ་འདྲ་མིན་བཀོལ་སྤྱོད་ཀྱིས་ལག་བསྟར་གནང་མུས་ཡིན་མོད། དེ་དག་ཁ་ཡོད་ལག་ཡོད་ཀྱི་མདའ་མོ་འབེན་ཐོག་འཁེལ་མིན་ལ་དུས་ནས་དུས་སུ་རྟོག་ཞིབ་ཆེད་ཤེས་ཡོན་སྡེ་ཚན་ཞིག་ཟུར་འཛུགས་དགོས་པའི་དགེ་མཚན་དུ་མར་གཟིགས་ཏེ། ཉིན་སློབ་འདིས་ཕྱི་ལོ་༡༩༩༧ ལོར་འབྲེལ་ཡོད་དགེ་རྒན་ཚང་མ་ལྷན་ཚོགས་ཀྱིས་དགེ་རྒན་བཞི་ལས་གྲུབ་པའི་ཤེས་ཡོན་སྡེ་ཚན་ཞིག་མང་མོས་འོས་བསྡུའི་ལམ་ནས་གསར་འཛུགས་ཀྱིས་སློབ་གྲྭའི་ཤེས་ཡོན་དང་འབྲེལ་བའི་ལས་རིམ་བཀོད་སྒྲིག་དང་རྟོག་ཞིབ་བྱེད་མུས་ཡིན།
གོང་གསལ་སྡེ་ཚན་རྣམས་ནས་ལོ་ལྟར་ཟུར་དུ་ལྷན་ཚོགས་གནང་སྟེ་འཛིན་གྲྭ་སོ་སོའི་སློབ་ཁྲིད་བྱེད་སྟངས་དང་སློབ་མའི་ལུས་ངག་ཡིད་གསུམ་དང་འབྲེལ་བའི་དམིགས་བསལ་ཡར་རྒྱས་གཏོང་དགོས་ཕྱོགས་དང༌། དོ་སྣང་བྱེད་ཕྱོགས། ཤུགས་སྣོན་རྒྱག་དགོས་ས་མང་པོ་ཡོད་པའི་ནང་ནས་གལ་ཆེ་རྣམས་ཟུར་འདོན་ངོས་འཛིན་གྱིས། དེ་དག་དགེ་ལས་ཚོགས་འདུའི་སྐབས་གྲོས་བསྡུར་འགྲེལ་བརྗོད་བགྲོ་གླེང་ལྷུག་སྐྱོང་ལམ་ནས་མང་མོས་མོས་མཐུན་བྱུང་བའི་དོན་གནད་རྣམས་ལོ་དེའི་ལས་ཀའི་དམིགས་འབེན་དུ་བརྩིས་ཏེ་ནུས་པ་ལེགས་ཐོན་ཐུབ་པའི་ལས་འགུལ་སྤེལ་བཞིན་ཡོད་ཅིང༌། དེ་ནི་སློབ་མའི་མི་ཚེའི་ནང་རྒྱུན་འཇགས་ཐུབ་པའི་དོན་ལྡན་གྱི་ཕན་ཐོགས་ཡོད་པ་མངོན་ལགས། དཔེར་ན་སྔ་ལོ་སློབ་མ་ནང་ཁུལ་ཞེ་སའི་ཐོག་ནས་བཀའ་མོལ་གནང་རྒྱུ་དང༌། རྒན་པས་ཆུང་བར་གྲོགས་རམ་བྱེད་ཕྱོགས་ཐད་ཤུགས་སྣོན་བསྐྱོན་ཏེ་དམིགས་བསལ་ལས་འགུལ་སྤེལ་བ་དེས། སློབ་མ་ཡོངས་ལ་དགེ་ཕན་མངོན་གསལ་བྱུང་ཡོད་ཅིང༌། དེ་བཞིན་འདི་ལོར་དམིགས་བསལ་དོ་སྣང་བྱེད་སའི་དོན་གནད་མང་པོ་ཞིག་ཡོད་པ་ནས་ཡ་རབས་བཟང་སྤྱོད་གོང་འཕེལ་གཏོང་ཕྱོགས་དང་གཞོགས་འདེགས་དེབ་རིགས་བལྟ་ཀློག་གི་གོམས་གཤིས་འཇགས་ཐབས། ཡིག་གཟུགས་ཡར་རྒྱས་གཏོང་རྒྱུ་གསུམ་ལ་དམིགས་བསལ་ཤུགས་སྣོན་དང་ལམ་སྟོན་བརྒྱུད་བསྐུལ་གྱི་ལས་འགུལ་སྤེལ་ཐབས་བྱེད་མུས་ཡིན།
ལོ་རེར་བོད་གཞུང་ཤེས་རིག་ལས་ཁུངས་དང་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་བཅས་ནས་དགེ་སློབ་གཉིས་ལ་དཔྱད་གཞི་དང་བཀླག་བྱའི་བོད་ཡིག་ཚགས་དེབ་དང་སློབ་ཁྲིད་ཡོ་ཆས་སོགས་མཁོ་འདོན་གནང་བ་བཞིན། བདག་ཉར་དང་འགྲེམས་སྤེལ། བཀོལ་སྤྱོད་ཚུལ་མཐུན་བྱེད་མུས་ཡིན།
ཕྱི་ལོ་༢༠༠༧ ལོར་སམ་བྷོ་ཊ་བོད་སློབ་ཚང་མར་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ལག་བསྟར་འགོ་འཛུགས་བྱས་པའི་མཇུག་འབྲས་སམ་ཁྱད་པར་ཆེ་ཤོས་ཤིག་ནི། འཛིན་གྲྭའི་རྣམ་པར་འཕོ་འགྱུར་ཕྱིན་པ་དེ་ཡིན་ཅིང༌། སྔོན་ཡོད་འཛིན་གྲྭའི་མདུན་ལྕོག་མཐོ་བོ་དང་རྐུབ་སྟེགས་རྣམས་ཚོང་འགྲུལ་གྱིས་འཛིན་ཁང་ཚང་མའི་ཞ་ལར་ས་གདན་གསར་པ་བཏིང་ཡོད་པ་དང༌། སློབ་མ་ལྔ་རེ་ཤོང་བའི་མདུན་ལྕོག་སྒོར་སྒོར་དམའ་པོ་ཡོད་པ་སློབ་མའི་གྲངས་ཚད་ལ་གཞིགས་ཏེ་གསར་བཟོ་གནང་ཞིང༌། དེ་བཞིན་འཛིན་ཁང་གི་ཕྱོགས་བཞིར་སློབ་མ་རྣམས་ཀྱི་ཀློག་དེབ་དང་འབྲི་དེབ་འཇོག་སའི་བང་ཁྲི། ཟུར་བལྟའི་དེབ་དང་སྒྲུང་དེབ་སོགས་འཇོག་སའི་བང་ཁྲི། དེ་བཞིན་རྩེད་ཆས་(Chess)སོགས་འཇོག་ཡུལ་གྱི་བང་ཁྲི། གྱང་ངོས་སུ་གྱང་སྦྱར་སྤང་དེབ་སོགས་གསར་སྒྲིག་གནང་བ་དེས་འཛིན་ཆས་ཀྱི་གནས་སྟངས་ཕུན་སུམ་ཇེ་ཚོགས་སུ་གྱུར་པ་དང་སྦྲགས་འཛིན་གྲྭའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
ཤེས་ཡོན་སྲིད་བྱུས་ངོ་སྤྲོད་ཕྱག་བསྟར་གནང་རྒྱུར་བོད་མི་རིགས་ཀྱི་འཕྲལ་ཕུགས་བདེ་དོན་དང་འབྲེལ་བའི་དགོས་པ་གཏིང་ཟབ་བརྗོད་དཀའ་བ་ཡོད་རུང༌། ད་ལྟའི་དཀའ་གནད་དང་གནས་སྟངས་སེམས་བཅངས་ཀྱིས་འབྲེལ་ཡོད་སློབ་མར་ཁ་ཡོད་ལག་ཡོད་ཀྱི་དགེ་ཕན་མངོན་པ་ནི། སློབ་མའི་སེམས་ནང་གི་དོན་གནད་གླེང་འདོད་པ་དེ་འབྲེལ་ཡོད་དགེ་ལས་ལ་ཞེད་སྣང་མེད་པའི་ཐོག་ཤོད་ཐུབ་པ་དེ་རེད། དེས་དོན་གནད་ཅི་ཞིག་སྟོན་ནམ་ཞེ་ན། སློབ་ཁྲིད་སྐབས་བཙན་ཤུགས་མ་ཡིན་པར་རང་དབང་གི་ཁོར་ཡུག་ནང་སེམས་ཐག་ཉེ་བོའི་ཐོག་ནས་སློབ་ཁྲིད་སྙུགས་བསྲིང་དགོས་གལ་ཆེ་བ་བསྟན་པ་མིན་ནམ་སྙམ།
འཛིན་གྲྭ་མཉམ་བསྲེས་ལམ་ལུགས་ཀྱི་དགོས་དོན་གཙོ་གྲས་ཤིག་ནི་སློབ་ཕྲུག་ནང་ཁུལ་རོགས་ཕན་དང་མཉམ་རུབ་ཀྱི་འདུ་ཤེས་གོང་སྤེལ་བྱ་རྒྱུའི་དགེ་ཕན་ཡོད་སྐོར་ལ་ལེགས་ཉེས་ཀྱི་འགྲེལ་བརྗོད་ཞུ་དཀའ་རུང༌། གང་ལྟར་དགེ་རྒན་རྣམས་ཀྱིས་སློབ་ཁྲིད་སྐབས་རིག་པ་བསྒྲིམས་ཏེ་མུ་མཐུད་གདོང་ལེན་བྱ་དགོས་པའི་ཁོར་ཡུག་ཅིག་ཡིན་པ་ནི་གདོན་མི་ཟ། དེ་འབྲེལ་གལ་སྲིད་སློབ་མའི་གྲངས་འབོར་ཆེ་ཙམ་ཡོད་ན་སྐྱོ་གྲས་དག་ལ་དམིགས་བསལ་དོ་སྣང་སྤྲོད་མ་ཐུབ་པའི་ཞན་ཆ་ཡང་མངོན་ཡང༌། མཉམ་བསྲེས་ལམ་ལུགས་འདི་བཞིན་དགེ་རྒན་གྱི་གྲངས་འབོར་ཉུང་གྲས་ཀྱི་སློབ་གྲྭར་དམིགས་བསལ་དགེ་ཕན་ཆེ་བར་མངོན།
༥། གཞུང་འབྲེལ་འཚམས་གཟིགས།
ཕྱི་ལོ་༢༠༠༦ དང་༢༠༠༧ ནང་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་གི་འགན་འཛིན་ཀརྨ་ཆུང་བདག་མཆོག་འདི་ག་ཉིན་སློབ་ལ་རྟོག་ཞིབ་ཕེབས་འབྱོར་གྱིས་དགེ་རྒན་རྣམས་ལ་མཉམ་བསྲེས་འཛིན་གྲའི་ནང་སློབ་ཁྲིད་བྱ་ཕྱོགས་ཐད་ལམ་སྟོན་བཀའ་སློབ་ཟབ་རྒྱས་གནང་ཞིང༌། ཡིག་རྒྱུགས་བརྒྱ་ཆ་སྤྲོད་ཕྱོགས་ཀྱང་ཨང་ཀའི་ཐོག་མ་ཡིན་པ་ཨང་སྡེ་(Grade)གོ་རིམ་ཐོག་སྤྲོད་རྒྱུ་ལག་བསྟར་བྱ་དགོས་སྐོར་ལ་བཀའ་སློབ་ཟབ་ནན་གནང་བའི་དགོངས་དོན་རྣམས་འབྲེལ་ཡོད་དགེ་རྒན་རྣམས་ལ་དགེ་ཕན་ཆེན་པོ་ཐོབ་པ་བྱུང་ཡོད།
ཕྱི་ལོ་༢༠༠༧ ལོར་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་མཆོག་སློབ་གྲྭར་གཞུང་འབྲེལ་ཤེས་ཡོན་རྟོག་ཞིབ་ཏུ་ཆེད་ཕེབས་ཀྱིས་དགེ་རྒན་རྣམ་པའི་སློབ་ཁྲིད་གནང་ཕྱོགས་ལ་གཟིགས་ཞིབ་གྲུབ་རྗེས། སློབ་མ་རྣམས་ནས་སྒྲུང་དེབ་སོགས་གང་མང་ཀློག་ཐབས་སུ་དཔེ་མཛོད་ལ་འགྲོ་རྒྱུར་སྤྲོ་བ་འཕེལ་ཐུབ་པའི་བརྒྱུད་བསྐུལ་གྱི་ཤུགས་སྣོན་རྒྱག་དགོས་པའི་བཀའ་སློབ་ལམ་སྟོན་གནང༌།
ཕྱི་ལོ་༢༠༠༧ ལོར་སམ་བྷོ་ཊ་སྤྱི་ཡིག་ཚང་གི་ལས་བྱེད་བསྟན་འཛིན་དབང་འདུས་ལགས་སློབ་གྲྭར་འཚམས་གཟིགས་སུ་ཕེབས་སྐབས། སློབ་མ་ཚོའི་འབྲི་དེབ་ལ་གཟིགས་རྟོག་གནང་རྗེས། འབྲེལ་ཡོད་དགེ་རྒན་རྣམས་ལ་ལམ་སྟོན་བཀའ་སློབ་གནང་དོན་དུ། དགེ་རྒན་རང་ངོས་ནས་ཡིག་གཟུགས་ལ་དོ་སྣང་གང་ཆེ་གནང་ཐོག་སློབ་མར་སྲོལ་རྒྱུན་གྱི་ཡིག་གཟུགས་འབྲི་སྟངས་ཀྱི་གཞི་གཏན་ཚུགས་ཐུབ་པའི་ལམ་སྟོན་རྒྱུན་མཐུད་གནང་གལ་གྱི་བཀའ་སློབ་ལམ་སྟོན་གནང༌།
དེ་བཞིན་ལོ་དེའི་ཟླ་༤ པའི་ཟླ་མཇུག་ཏུ་དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་བཀའ་འབྲེལ་བཞིན་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་སློབ་གྲྭ་འདིར་ཆེད་ཕེབས་ཀྱིས་སློབ་ཕྲུག་རྣམས་ལ་ནང་ཆོས་ཀྱི་གོ་རྟོགས་སྤེལ་བར་ཕན་ཐོགས་ཆེན་པོ་ཐོབ།
ཕྱི་ལོ་༢༠༠༦ ལོར་སམ་བྷོ་ཊ་སྤོན་ཊ་གཏན་སློབ་ཀྱི་སློབ་སྤྱི་ལྕམ་སྐུ་ཡར་འཕེལ་ལགས་སློབ་གྲྭར་ཕེབས་འབྱོར་གྱིས་འབྲེལ་ཡོད་དགེ་རྒན་རྣམས་ལ། བྷེང་ལོར་གྲོང་ཁྱེར་གྱི་ཀིར་ཤི་ན་མུར་ཏི་སློབ་གྲྭའི་དགེ་སློབ་རྣམས་ནས་ཉིན་ཞག་ཕྲུགས་གཅིག་ནང་ཤེས་ཡོན་གྱི་བྱེད་སྒོ་ག་རེ་གནང་གི་ཡོད་མེད་སྐོར་དང༌། ཁོང་རང་གི་གཟིགས་ཚུལ་དང་མྱོང་ཚོར་གང་བྱུང་རྣམས་འགྲེལ་བརྗོད་གནང་སྟེ། མཉམ་བསྲེས་འཛིན་གྲྭའི་ནང་སློབ་ཁྲིད་ལག་བསྟར་གནང་ཕྱོགས་ཐད་ལ་དགེ་ཕན་གང་ལེགས་བྱུང་སོང་སྙམ།
ཕྱི་ལོ་༢༠༠༨ ལོར་རང་གཞུང་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་མ་ན་ལི་ལ་ཆིབས་བསྒྱུར་སྐབས་འདི་ག་ཉིན་སློབ་ལའང་གཟིགས་སྐོར་གནང༌། འཛིན་གྲྭ་ཚང་མའི་སློབ་ཁྲིད་བྱེད་ཕྱོགས་ལ་ཐུགས་ཞིབ་དང་སློབ་མ་དག་ལ་འདྲི་བརྩད་སོགས་གནང་རྗེས། ཐུགས་དགྱེས་ཚོར་ཆེན་པོས་བཀའ་ཕེབས་དོན། སློབ་མ་རྣམས་ལ་དྲི་བ་དྲིས་སྐབས་ཁོ་ཚོའི་གདོང་པར་ཞེད་སྣང་གི་རྣམ་པ་རྩ་བ་ནས་མེད་པའི་སྒོ་ནས་གླེང་མོལ་བྱེད་སྟངས་ལ་གཞིགས་ན། ཤེས་ཡོན་སྲིད་བྱུས་ཀྱི་དགོས་དོན་ཆེན་པོ་ཞིག་འགྲུབ་འདུག་ཅེས་པའི་བཀའ་སློབ་ཕེབས་པའི་དགོངས་དོན་ལ་མནོ་བསམ་ཞིབ་ཏུ་བཏང་དུས། འབྲེལ་ཡོད་དགེ་ལས་རྣམས་ཀྱིས་ཧུར་བསྐྱེད་འབད་འབངས་ཞུས་པ་བྱེ་མ་ཆུ་སིམ་དུ་གྱུར་མེད་པར་དོན་འབྲས་ཕྲན་བུ་སོན་ཡོད་པ་ནི་ཡིད་སྤྲོའི་གནས་སུ་གྱུར་ཏོ། །
པུ་རུ་ཝ་ལ་སམ་བྷོ་ཊ་ཉིན་སློབ།
དཀར་ཆག
༡། འགོ་འཛུགས།
༢། མཐུན་རྐྱེན་འཛུགས་སྐྲུན།
༣། སློབ་ཕྲུག་གྲངས་འབོར་དང་ཡིག་རྒྱུགས་གནས་སྟངས།
༤། ཤེས་རིམ་ལས་རིམ་དང་གྲུབ་འབྲས།
༥། ཤེས་ཡོན་སྲིད་བྱུས་ལག་བསྟར་གྱི་གནས་སྟངས།
༦། གཞུང་འབྲེལ་འཚམས་གཟིགས།
༡། འགོ་འཛུགས།
པུ་རུ་ཝ་ལ་སམ་བྷོ་ཊ་ཉིན་སློབ་ནི་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་སེར་མོར་རྫོང་ཁོངས་ཀྱི་ས་སྐྱ་གཞིས་སྒར་ནང་ཡོད། ཕྱི་ལོ་༡༩༦༤ ལོར་གནས་མཆོག་རྡོ་རྗེ་གདན་དུ་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་བོད་ཀྱི་རིས་མེད་ཆོས་རྒྱུད་ཆེན་པོའི་དབུ་འཁྲིད་ལྷན་ཚོགས་ཤིག་བསྐྱངས་པའི་སྐབས། ྋགོང་ས་མཆོག་གིས་རིས་མེད་ཆོས་རྒྱུད་ཆེན་པོ་སོ་སོའི་རྒྱུན་འཛིན་ཆོས་སྡེའི་བསྟི་གནས་དགོན་རེ་བཞེངས་རྒྱུའི་བཀའ་བཟང་ཕེབས་དོན་བཞིན། ྋསྐྱབས་མགོན་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ནས་དཔལ་ལྡན་ས་སྐྱ་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་བསྟི་གནས་མ་དགོན་ཆོས་གཞིས་དང་བཅས་པ་གསར་བཞེངས་གནང་རྒྱུའི་དགོངས་བཞེས་གནང་སྟེ། སིམ་ལ་དང༌། ཀང་ར། ན་ནི་ཏལ། ལྡེ་ར་ལྡུན། སེར་མོར་སོགས་ལ་ས་བབས་གཟིགས་ཞིབ་གནང་རྗེས། མཐར་སེར་མོར་རྫོང་ཁོངས་པུ་རུ་ཝ་ལའི་ས་གནས་འདི་བཞིན་གནམ་གཤིས་དྲོད་གྲང་སྙོམས་པ་དང༌། ཆུ་དང་རླུང་གཙང་བ། ས་ཆའི་ཆགས་བབས་མཛེས་སྡུག་ལྡན་པ། ཕྱོགས་མཐའ་ཕན་ཚུན་འགྲོ་འོང་བདེ་བ་སོགས་ལ་དགོངས་གཟིགས་ཀྱིས། ཕྱི་ལོ་༡༩༦༩ ཟླ་༧ ཚེས་༢༤ ཉིན་དཔལ་ལྡན་ས་སྐྱ་གོང་མ་རིན་པོ་ཆེའི་ཐུགས་འཁུར་འོག་གཞིས་ཆགས་དེབ་སྐྱེལ་གནང་སྟེ། སྒང་ཏོག་སོགས་བྱང་ཤར་ས་ཁུལ་ནས་བོད་མི་མང་པོ་གནས་སྤོས་ཀྱིས་གནས་འདིར་གཞིས་ཆགས་པ་དང་འབྲེལ། ཕྱི་ལོ་༡༩༦༩ ཟླ་༩ ཚེས་༢ ཉིན་སློབ་གྲྭ་གསར་འཛུགས་གནང་བ་དང༌། ཕྱི་ལོ་༡༩༨༡ ཟླ་༡༢ ཚེས་༡༢ ཉིན་ས་སྐྱ་དགོན་པ་གསར་རྒྱག་མཛད། སུད་སི་བོད་མིའི་རོགས་ཚོགས་(Swiss Aid to Tibetans,SAT)བརྒྱུད་ལྕམ་སྐུ་མུ་ནོ་ཐེ་ར(Mrs. Munoth)ཞེས་པས་རོགས་རམ་གནང་སྟེ་ཐོག་མའི་ཆར་འཛིན་ཁང་༣ དང༌། ཡིག་ཚང་དང་གཉེར་ཁང་གཅིག་ལྕོགས་ཁང་མིག་༡ བཅས་ཁང་མིག་བཞི་གསར་རྒྱག་གནང༌། སྐབས་དེར་སློབ་གྲྭ་འདིའི་མིང་ལ་ས་སྐྱ་མུ་ནོ་ཐེ་སློབ་གྲྭ་ (Sakya Munoth School ) ཞེས་བཏགས།
༢། མཐུན་རྐྱེན་འཛུགས་སྐྲུན།
སློབ་ཁང་གིས་ཨར་ལས་འཛུགས་སྐྲུན་རྣམས་གཞིས་ཆགས་ཀྱི་མི་མང་ཚོས་དང་བླངས་ཞབས་ཞུ་ཞུས་པ་དང༌། ས་རྡོ་དང་བྱེ་མ་འོར་འདྲེན་ཆ་ཚང་གཞིས་ཆགས་ལས་ཁང་གི་འདྲུད་འཐེན་འཁོར་ལོ་གླ་མེད་ནར་གཏོང་གནང་བ་མ་ཟད། ཨར་ལས་འགན་འཁུར་ཆ་ཚང་དགེ་རྒན་ཕ་མའི་ཚོགས་ཆུང་ནས་ཐུགས་འགན་བཞེས། ལས་ཤག་རྣམས་སམ་བྷོ་ཊ་བོད་གཞུང་སློབ་གྲྭའི་སྤྱི་ཁྱབ་ཡིག་ཚང་ནས་དམིགས་གསལ་བཀའ་འཁྲོལ་སྩལ་གནང་གིས་རིམ་པས་ས་གནས་ཡུལ་མི་ལས་གླ་བ་ཐབས་འཚོལ་གྱིས་འཛུགས་སྐྲུན་བྱས། དེ་བཞིན་སློབ་གྲྭའི་འཛིན་ཆས་ལ་སོགས་པའི་དགོས་མཁོ་རྣམས་རིམ་པས་ཤེས་ལྷན་དང་སཾ་བྷོ་ཊ་ས་གནས་ནས་མཁོ་སྒྲུབ་གནང༌། སློབ་གྲྭ་འདི་ཐོག་མར་ཚུགས་སྐབས་སློབ་ཕྲུག་གྲངས་༡༠ དང་ལས་བྱེད་༢ ཁང་མིག་༤ བཅས་ཡོད། ད་ལྟ་སློབ་གྲྭའི་འཛིན་ཁང་༥ དང༌། གསོལ་ཐབ་༡ ཚོགས་༡ དཔེ་མཛོད་༡ ལས་བྱེད་ངལ་གསོ་ཁང་༡ ཡིག་ཚང་༡ རོལ་ཆ་ཁང་༡ སྔོན་འགྲོའི་འཛིན་ཁང་༢ བཅས་བསྡོམས་ཁང་མིག་གྲངས་༡༣ ཡོད།
༣། སློབ་ཕྲུག་གྲངས་འབོར་དང་ཡིག་རྒྱུགས་གནས་སྟངས།
ཕྱི་ལོ་༡༩༦༩ ལོར་སློབ་གྲྭ་གསར་འཛུགས་བྱས་པ་ནས་ཕྱི་ལོ་༢༠༠༨ བར། སློབ་འཇུག་དེབ་ཐོར་བཀོད་ཡོད་པའི་སློབ་ཕྲུག་ཁྱོན་བསྡོམས་གྲངས་༥༡༩ བྱུང་ཡོད་པ་དང༌། སློབ་གྲྭ་དེ་ནས་མཐར་ཕྱིན་པའི་སློབ་ཕྲུག་གྲངས་༥༠༠ ཡས་མས་བྱུང་ཡོད། སློབ་གྲྭ་འདིར་ཐོག་མར་སློབ་ཕྲུག་གྲངས་༡༠ དང་དགེ་ལས་༢ ལས་མེད། ཕྱི་ལོ་༡༩༧༣ བར་སློབ་གྲྭའི་རྒྱུན་གྲོན་ཕལ་ཆེ་བ་ལྡི་ལི་བཟོ་ལས་ཚོགས་པས་(Tibetan Industrial Rehabilitation Society, TIRS)ནར་གཏོང་གནང་ཡོད། ཕྱི་ལོ་༡༩༧༣ ནས་བཟུང་དབུས་བོད་སློབ་འཛིན་ཚོགས་ནས་ཟླ་རེར་རྒྱུན་གྲོན་སྒོར་༡༢༥ དང༌། ཉིན་མོའི་ལྟོ་དོད་ཆེད་སློབ་ཕྲུག་རེར་ཉིན་རེར་པད་༣༥ སློབ་དགེ་གཉིས་ཀྱི་གསོལ་ཕོགས། སློབ་དེབ་ཆ་ཚང་བཅས་ནར་གཏོང་གནང་ཡོད་ནའང་འཛིན་སྐྱོང་སྔར་བཞིན་བོད་མི་བཟོ་ལས་ཚོགས་པ་དང༌། གཞིས་ཆགས་མི་མང་གཉིས་མཉམ་རུབ་ཀྱིས་གནང་ཡོད། ཕྱི་ལོ་༡༩༧༨ ལོར་སློབ་གྲྭ་འདི་སྔོན་འགྲོ་ནས་འཛིན་རིམ་བརྒྱད་པ་བར་ཡོད་པའི་གཞི་རིམ་བར་མའི་སློབ་གྲྭ་ཞིག་ཏུ་འཚར་ལོངས་བྱུང་ཡོད་ཀྱང༌། སྐབས་དེར་སློབ་ཁྲིད་བྱེད་མཁན་དགེ་རྒན་༣ ལས་མེད་སྟབས་དཀའ་ངལ་ཆེ་ཙམ་འཕྲད་ཡོད། རྗེས་སུ་བཟོ་གཞིས་ཁག་གི་འགོ་འཛིན་རྣམ་པས་སློབ་ཕྲུག་ཚོ་ཞག་སྡོད་བྱ་ཡུལ་ཞིག་དགོས་གལ་ཆེ་ལུགས་གོང་རིམ་ལ་སྙན་སེང་ཞུས་མཐར། ཉལ་ཁང་གི་མཐུན་རྐྱེན་ལྡན་པའི་སྤོན་ཊ་གཏན་སློབ་གསར་འཛུགས་གནང་བ་དང་ཆབས་ཅིག་ཉིན་སློབ་འདི་བཞིན་འཛིན་རིམ་ལྔ་པར་མར་ཕབ། ཕྱི་ལོ་༡༩༨༡ ལོ་མཇུག་ཏུ་ལྡི་ལི་བོད་མིའི་བཟོ་ལས་ཚོགས་པ་དེ་བོད་གཞུང་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་དབུས་ངལ་སེལ་ཚོགས་པར་(CTRC)ཟླ་བསྒྲིལ་བྱས། ཟླ་ཤས་རིང་དབུས་ངལ་སེལ་ཚོགས་པས་མུ་མཐུད་འཛིན་སྐྱོང་བྱས། དེ་རྗེས་རང་གཞུང་ཤེས་རིག་ལས་ཁུངས་ནས་རྩིས་བཞེས་གནང་ནའང་རྒྱུན་གྲོན་སྔར་བཞིན་བོད་སློབ་འཛིན་སྐྱོང་ཚོགས་ནས་གནང་ཡོད། ཕྱི་ལོ་༡༩༨༦ ཟླ་༣ ཚེས་༢༢ ཉིན་བོད་གཞུང་ཤེས་རིག་ལྷན་ཁང་ནས་ཤེས་རིག་ཐད་འཛིན་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ་ལྷན་ཚོགས་ཐོག པུ་རུ་ཝ་ལ་ཉིན་སློབ་འདིར་ད་བར་དབུས་བོད་སློབ་འཛིན་ཚོགས་ཀྱིས་རོགས་སྐྱོར་གནང་ཡོད་ནའང༌། དཔལ་འབྱོར་ཐོག་དཀའ་ངལ་འཕྲད་མུས་གནས་སྟངས་ལ་དགོངས་གཟིགས་ཀྱིས་ཕྱི་ལོ་༡༩༨༧ ནས་སློབ་གྲྭའི་འགྲོ་གྲོན་འཕར་མ་རྣམས་བོད་གཞུང་ཤེས་རིག་ལྷན་ཁང་ནས་ཐད་ཀར་ནར་གཏོང་གནང་བས། སློབ་གྲྭའི་འཛིན་ཆས་ཞིག་གསོ་དང་གསར་གཟིགས། དེབ་ཆས་དང་ཉིན་གུང་གསོལ་ཚིགས།
སློབ་གྲྭའི་ར་སྐོར་ཤིང་རྭའི་ཚབ་ཏུ་ཨར་འདམ་གྱི་ར་སྐོར་གསར་རྒྱག་སོགས་གཟིགས་རྟོག་དང་རོགས་སྐྱོར་གང་ལེགས་གནང༌། ཚོགས་ཁང་གསར་རྒྱག་ཆེད་རང་གཞུང་ཤེས་རིག་ལས་ཁུངས་ནས་སྒོར་༤༣༩༦༠ བཏང་བའི་ཁར། ས་གནས་གཞིས་ལས་ཁང་གིས་སྒོར་༢༤༠༠༠ གནང་བ་དང༌། འཛུགས་སྐྲུན་ལས་གཞིའི་ཆེད་གཞིས་ལས་ཁང་གི་འདྲུད་འཐེན་འཁོར་ལོ་རིན་མེད་གཡར་པོ་བཅས་རོགས་སྐྱོར་བླ་མེད་གནང༌། སློབ་ཕྲུག་ཚོའི་ཉིན་གུང་ལྟོ་དོད་ཆེད་དབུས་བོད་སློབ་འཛིན་ཚོགས་ཀྱིས་སློབ་ཕྲུག་རེར་ཉིན་རེར་སྒོར་༠་༣༥ གནང་བ་དེ་རིམ་གྱིས་སྒོར་༠་༧༥ བར་འཕར་ཆ་བྱུང་བའི་ཐོག ཤེས་ལྷན་གྱིས་སློབ་ཕྲུག་རེར་ཉིན་རེར་སྒོར་༠་༢༥ འཕར་སྣོན་གནང་ཡོད་ནའང་ད་དུང་འདང་མིན་བྱུང་བར། ས་གནས་གཞིས་ལས་ཁང་གིས་རོགས་རམ་གནང་ཡོད། ཕྱི་ལོ་༡༩༨༢ ལོ་ནས་བཟུང་ས་གནས་གཞིས་ལས་ཁང་གིས་སློབ་ཕྲུག་ཚོར་ལོ་རེར་སྒྲིག་ཆས་ཆ་ཚང་རེ་སྦྱོར་སྤྲོད་གནང་བའི་ཐོག དེ་རྗེས་དགུན་དུས་བོད་མི་རྣམས་བལ་གོས་ཚོང་ལས་ཆེད་ས་ཁུལ་གཞན་དུ་ཕྱིན་པའི་རིགས་ཀྱི་ཕྲུ་གུ་བདག་ཉར་དང་སློབ་སྦྱོང་གོ་སྒྲིག་བྱ་ཡུལ་ཉལ་ཁང་ཡང་གོ་སྒྲིག་གནང༌། ཕྱི་ལོ་༡༩༩༤ ལོར་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ཉེར་ལྔ་འཁོར་བའི་དུས་དྲན་མཛད་སྒོའི་ཐོག་དཔལ་ལྡན་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་དང༌། སྤོན་ཊར་གནས་བཞུགས་མངའ་སྡེའི་འཐུས་མི་སྐུ་ཞབས་ས་ཌར་ར་ཏན་སིང་(Mr.Sadar Rattan Singh, MLA)བཅས་ཀྱིས་དབུས་པའི་འཕགས་བོད་ཀྱི་གནད་ཡོད་མང་པོ་ཆེད་ཕེབས་འཚམས་གཟིགས་ཀྱིས་གསུང་འཕྲིན་དང་བཀའ་སློབ་གནང༌། ལོ་དེར་སློབ་གྲྭའི་ནང་སློབ་ཕྲུག་གྲངས་༡༠༡ དང་དགེ་རྒན་༧ ཡིག་གད་༡ མ་བྱན་༡ བཅས་ཡོད། ཕྱི་ལོ་༡༩༩༩ ནས་ད་བར་འཛིན་སྐྱོང་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་ནས་གནང་མུས་ཡིན། ད་ལྟ་སློབ་གྲྭའི་ནང་སྔོན་འགྲོ་ནས་འཛིན་རིམ་ལྔ་པ་བར་སློབ་ཕྲུག་གྲངས་༡༠༡ ཡོད་ལ། དགེ་རྒན་ལས་བྱེད་གྲངས་༩ འགན་འཛིན་བརྩིས་པའི་དང༌། དགེ་རྒན་མ་ཡིན་པའི་ལས་བྱེད་གྲངས་༣ རྩིས་དྲུང་༡ ཡིག་སྐྱེལ་༡ མ་བྱན་༡ བཅས་ཁྱོན་བསྡོམས་དགེ་ལས་༡༢ ཡོད།
༤། ཤེས་རིམ་ལས་རིམ་དང་གྲུབ་འབྲས།
སློབ་གྲྭའི་ཡིག་རྒྱུགས་ཟིན་ཐོ་གཞིར་བཟུང་ན།
སློབ་གྲྭ་འདིའི་ཕྱི་ལོ་༡༩༧༤ ནས་༢༠༠༧ བར་གྱི་སློབ་གྲྭའི་གྲུབ་འབྲས་ཀྱི་ཆ་སྙོམས་རྒྱུགས་འཕྲོད་བརྒྱ་ཆ་ནི་༩༠་༨ ཡིན། ད་ལྟའི་ཆར་གཞི་རིམ་འོག་མའི་སློབ་གྲྭར་ཡིག་རྒྱུགས་གཏོང་ཕྱོགས་ཐད་འགྱུར་བ་ཤུགས་ཆེར་བྱུང་ཡོད་པར་བརྟེན། གཞི་རིམ་འོག་མའི་ནང་སློབ་ཕྲུག་གྲུབ་འབྲས་མ་སོན་པར་རྗེས་ལུས་ཐེབས་པ་ཧ་ལམ་མེད། ཕྱི་ལོ་༡༩༦༩ ནས་༡༩༩༤ བར་ཁྱོན་བསྡོམས་སློབ་ཕྲུག་༣༠༠ ལྷག་སློབ་གྲྭ་འདི་ནས་སློབ་མཐར་ཕྱིན་ཡོད། ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་སྡོམ་རྩིས་བྱས་པ་ལྟར་ན། ལོ་དེར་པུ་རུ་ཝ་ལ་སློབ་གྲྭ་འདིར་སློབ་ཕྲུག་བུ་༥༡ དང་བུ་མོ་༤༩ བཅས་བསྡོམས་༡༠༠ ཡོད་པ་ཚང་མ་ཉིན་སློབ་བོད་ཕྲུག་ཡིན། དགེ་རྒན་༩ དང་ལས་བྱེད་༣ བཅས་ཁྱོན་བསྡོམས་དགེ་ལས་༡༢ ཡོད། ཕྱི་ལོ་༡༩༨༩ ནས་༢༠༠༩ བར་འདས་པའི་ལོ་ངོ་༢༡ རིང་པུ་རུ་ཝ་ལ་ས་གཞིས་སློབ་གྲྭ་འདིའི་སློབ་མའི་གྲངས་འབོར་གནས་སྟངས་གཤམ་གསལ། ཕྱི་ལོ་༡༩༧༤ ནས་༡༩༩༤ བར་འདས་པའི་ལོ་ངོ་༢༠ རིང་སློབ་གྲྭ་འདིའི་སློབ་མའི་གྲངས་འབོར་དང་སྤྱི་ཡོངས་ལོ་འཁོར་ཡིག་རྒྱུགས་གྲུབ་འབྲས་གཤམ་གསལ།
ཕྱི་ལོ། | རྒྱུགས་ཞུགས་བུ། | རྒྱུགས་ཞུགས་བུ་མོ། | ཁྱོན་ཡོངས་ཕྲུག་གྲངས། | རྒྱུགས་འཕྲོད་བརྒྱ་ཆ། |
ཕྱི་ལོ་༡༩༧༤ | ༢༠ | ༢༣ | ༤༣ | ༨༦་༢ |
ཕྱི་ལོ་༡༩༧༥ | ༢༡ | ༢༢ | ༤༣ | ༩༠་༣ |
ཕྱི་ལོ་༡༩༧༦ | ༡༧ | ༡༦ | ༣༣ | ༡༠༠ |
ཕྱི་ལོ་༡༩༧༧ | ༢༥ | ༡༦ | ༤༡ | ༩༢་༦ |
ཕྱི་ལོ་༡༩༧༨ | ༢༡ | ༡༧ | ༣༨ | ༡༠༠ |
ཕྱི་ལོ་༡༩༧༩ | ༢༠ | ༢༣ | ༤༣ | ༩༧་༠ |
ཕྱི་ལོ་༡༩༨༠ | ༢༨ | ༢༠ | ༤༨ | ༩༧་༠ |
ཕྱི་ལོ་༡༩༨༡ | ༢༥ | ༢༥ | ༥༠ | ༨༨་༠ |
ཕྱི་ལོ་༡༩༨༢ | ༢༣ | ༣༠ | ༥༣ | ༨༨་༠ |
ཕྱི་ལོ་༡༩༨༣ | ༢༥ | ༤༣ | ༦༨ | ༨༥་༠ |
ཕྱི་ལོ་༡༩༨༤ | ༢༧ | ༣༡ | ༥༨ | ༩༤་༨ |
ཕྱི་ལོ་༡༩༨༥ | ༣༠ | ༣༦ | ༦༦ | ༨༧་༠ |
ཕྱི་ལོ་༡༩༨༦ | ༣༢ | ༣༦ | ༦༨ | ༨༥་༠ |
ཕྱི་ལོ་༡༩༨༧ | ༣༧ | ༣༩ | ༧༦ | ༧༡་༠ |
ཕྱི་ལོ་༡༩༨༨ | ༣༠ | ༣༩ | ༦༩ | ༨༢་༠ |
ཕྱི་ལོ་༡༩༨༩ | ༤༣ | ༥༣ | ༩༦ | ༧༩་༡ |
ཕྱི་ལོ་༡༩༩༠ | ༤༧ | ༣༨ | ༨༥ | ༨༠་༠ |
ཕྱི་ལོ་༡༩༩༡ | ༥༣ | ༤༩ | ༡༠༢ | ༨༩་༠ |
ཕྱི་ལོ་༡༩༩༢ | ༥༧ | ༥༡ | ༡༠༨ | ༩༤་༠ |
ཕྱི་ལོ་༡༩༩༣ | ༥༩ | ༤༢ | ༡༠༡ | ༨༤་༠ |
ཕྱི་ལོ་༡༩༩༤ | ༤༩ | ༥༢ | ༡༠༡ | ༨༥་༠ |
༥། ཤེས་ཡོན་སྲིད་བྱུས་ལག་བསྟར་གྱི་གནས་སྟངས།
ཕྱི་ལོ་༢༠༠༧ ལོར་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་སམ་བྷོ་ཊ་སློབ་ཁག་ནང་ལག་བསྟར་བྱས་པ་ནས་བཟུང༌། སློབ་གྲྭའི་ནང་སྔར་གྱིས་སློབ་ཁྲིད་བྱེད་སྟངས་དགེ་རྒན་གྱིས་བཤད་སློབ་མས་ཉན་རྐྱང་བྱ་རྒྱུའི་སྣང་ཚུལ་ཇེ་ཉུང་དུ་སོང་བ་དང་ཆབས་ཅིག དུས་རྒྱུན་དགེ་ལས་ཚོའི་བསམ་པར། སློབ་ཁྲིད་ཟེར་བ་འཛིན་ཁང་ནང་ནས་ཕྱིར་མ་ཐོན་པར་འབྲི་ཀློག་བྱེད་པ་ཙམ་དང༌། སློབ་མའི་ཤེས་ཚད་ཟེར་དུས་ཆུ་ཚོད་གཉིས་གསུམ་ཙམ་གྱི་ཡིག་རྒྱུགས་ཨང་ཆ་ཁོ་ནར་བལྟ་བའི་གོམས་སྲོལ་ངན་པ་འགྱུར་བ་སོང་སྟེ། སློབ་ཁྲིད་དང་སློབ་མའི་དབར་གྱི་འབྲེལ་ལམ་སྙོམས་སྒྲིག་དང་ལེགས་བཅོས་གཏོང་རྒྱུ། དུས་རྒྱུན་སློབ་ཕྲུག་ལ་ཉེས་རྡུང་ཉུང་བར་གཏོང་རྒྱུ་བཅས་གལ་ཆེར་འཛིན་པ་སོགས་གང་ལྟར་དགེ་ལས་ལ་སོགས་ཕ་མ་མི་དམངས་ཚང་མས་མཉམ་རུབ་དང་སྲིད་བྱུས་གསར་པར་གོ་རྒྱ་ཆེ་བ་བྱུང་ཚེ་མ་འོངས་སྲིད་བྱུས་ལག་ལེན་དོན་ལྡན་ཞིག་ཡོང་ཐུབ་པ་འདུག སློབ་གྲྭའི་གྲུབ་འབྲས་ཡང་སྔར་ལས་ལྷག་པའི་ཡར་རྒྱས་དང་སློབ་མའི་སེམས་ཀྱི་ནང་ཡིག་ཚད་ཡིན་པའི་དངངས་སྐྲག་དང་སྡུག་བསྔལ་མེད་པ་བཅས་ཀྱི་ཕན་ཐོགས་བྱུང་འདུག།
༦། གཞུང་འབྲེལ་འཚམས་གཟིགས།
པུ་རུ་ཝ་ལ་ཉིན་སློབ་འདི་ཉིད་དུས་ཐོག་མ་ཉིད་ནས་ྋསྐྱབས་མགོན་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་ཐུགས་འཁུར་ཆེན་པོས་རོགས་མགོན་ཚད་མེད་གནང་ཡོད་པ་མ་ཟད། ཕྱི་ལོ་༡༩༨༢ ཟླ་༤ པར་མགོན་པོ་གང་ཉིད་ས་གནས་འདིའི་ས་སྐྱ་ཐུབ་བསྟན་རྣམ་རྒྱལ་གླིང་དགོན་པར་བདུན་གཅིག་རིང་ཆིབས་བསྒྱུར་སྐབས་སློབ་གྲྭ་འདིར་ཆེད་ཕེབས་བཀའ་ཆོས་དང་རབ་གནས་བཀའ་དྲིན་བསྐྱངས།
དེ་རྗེས་གོང་ཞུས་བཞིན་ཕྱི་ལོ་༡༩༩༤ ཟླ་༩ ཚེས་༢ ཉིན་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ཉེར་ལྔ་འཁོར་བའི་དུས་དྲན་མཛད་སྒོར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ། དགེ་སློབ་སེར་སྐྱ་མི་མང་སྟོང་ཕྲག་ལྷག་ལ་བཀའ་ཆོས་དང་སློབ་སྟོན་ཟབ་རྒྱས་གནང་ཡོད། གཞན་ཡང་བོད་གཞུང་གི་མཛད་གཙོ་རྣམ་པ་དང༌། བོད་མི་མང་སྤྱི་འཐུས་རྣམ་པ། དབུས་བོད་སློབ་འཛིན་ཚོགས་ཀྱི་འབྲེལ་ཡོད་འགོ་ལས། ཤེས་རིག་ལས་ཁུངས་ཀྱི་འགོ་ལས། ས་གནས་འགོ་འཛིན། ས་གནས་རྒྱ་གར་དཔོན་རིགས་སོགས་ཆེད་ཕེབས་ཀྱིས་གཟིགས་ཞིབ་དང་འཚམས་འདྲི། ལམ་སྟོན་ཟབ་རྒྱས་གནང་ཡོད། ཉེ་བའི་ལོ་ཤས་ལྟ་བུར་མཚོན་ནའང༌། ཕྱི་ལོ་༢༠༠༥ ཟླ་༡༠ ཚེས་༢༧ ཉིན་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང༌། སཾ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་གཉིས་སློབ་གྲྭ་འདིར་ཆེད་ཕེབས་ཀྱིས་སློབ་གྲྭའི་གནས་སྟངས་སྤྱི་ལ་རྟོག་ཞིབ་ལམ་སྟོན་དང་འབྲེལ། ཉེ་ལམ་བཙན་བྱོལ་བོད་གཞུང་གིས་གཏན་འབེབས་གནང་བའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ངོ་སྤྲོད་དང༌། འགྲེལ་བརྗོད། ལམ་སྟོན་བཅས་གནང་བས་དགེ་ལས་མི་མང་བཅས་ལ་ཕན་ཐོགས་ཆེན་པོ་བྱུང༌། ཕྱི་ལོ་༢༠༠༨ ཟླ་༡༠ པའི་ནང་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཆེད་ཕེབས་ཀྱིས་དགེ་སློབ་སྤྱི་ལ་གཞི་རིམ་སློབ་གྲྭའི་ནང་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་སྟངས་སྐོར་གཟིགས་ཞིབ་དང་འབྲེལ་ལམ་སྟོན་ཞིབ་རྒྱས་གནང་བ་སོགས་གཞུང་འབྲེལ་མི་སྣ་གནད་ཡོད་དུ་མ་རིམ་ཕེབས་བྱུང་ཡོད། དེ་དག་ཚང་མས་གཙོ་དོན་ཤེས་ཡོན་འཕེལ་རྒྱས་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་རིན་ཐང་བྲལ་བ་གནང་བའི་འབྲུ་དོན་སྙིང་བཅངས་ཀྱིས་དགེ་ལས་ཚང་མས་ཧུར་བསྐྱེད་ཞུ་མུས་ཡིན་འདུག།
སྤོག་རེ་སྦོང་སམ་བྷོ་ཊ་གཏན་སློབ།
དཀར་ཆག
༡། སློབ་གྲྭ་འགོ་འཛུགས།
༢། མཐུན་རྐྱེན་འཛུགས་སྐྲུན།
༣། སློབ་འཇུག་དང་ཡིག་རྒྱུགས་གནས་སྟངས།
༤། ཤེས་ཡོན་ལས་རིམ།
༥། ཤེས་ཡོན་སྲིད་བྱུས་ལག་བསྟར།
༦། གཞུང་འབྲེལ་འཚམས་གཟིགས།
༡། སློབ་གྲྭ་འགོ་འཛུགས།
སྤོག་རེ་སྦོང་གཏན་སློབ་ནི་རྡོ་རྗེ་གླིང་ཁུལ་དུ་ཡོད་པའི་སམ་བྷོ་ཊའི་སློབ་གྲྭ་ཁོ་ན་དེ་ཡིན་ཞིང༌། སློབ་གྲྭ་འདི་ཉིད་ཐོག་མར་ཕྱི་ལོ་༡༩༨༡ ཟླ་༤ ཚེས་༡༥ ཉིན་སྤོག་རེ་སྦོང་བོད་རིགས་མི་མང་གི་འཛིན་སྐྱོང་འོག་སྤོག་རེ་སྦོང་བོད་མིའི་སློབ་གྲྭ་ཞེས་པའི་ཉིན་སློབ་ཅིག་ནས་འགོ་འཛུགས་བྱས། སྐབས་དེར་དགེ་རྒན་༢ དང་སློབ་ཕྲུག་༤༡ ཡོད།
ཕྱི་ལོ་༢༠༠༨ ལོར་སློབ་ཕྲུག་གྲངས་༡༠༧ སློབ་འཇུག་བྱས་ཡོད། ཁྱོན་བསྡོམས་དགེ་ལས་གྲངས་༢༡ བཅས།
ཕྱི་ལོ་༡༩༨༡ སློབ་གྲྭ་འགོ་འཛུགས་སྐབས་ཀྱི་དགེ་རྒན་གཉིས་ནི། དགེ་པདྨ་ཡོན་ཏན་ལགས་དང་བློ་གྲོས་ཆོས་འཕེལ་ལགས་རྣམ་གཉིས་ཡིན། དགེ་བློ་གྲོས་ཆོས་འཕེལ་ལགས་ཟླ་བ་ཁ་ཤས་བཞུགས་རྗེས་དགོངས་པ་ཞུས། དེ་རྗེས་དགེ་རྒན་གསུམ་བྱུང་བ་ནི། སློབ་དགེ་པདྨ་ཡོན་ཏན་ལགས། དགེ་ངག་དབང་ཐབས་མཁས་ལགས། དགེ་སྒྲོལ་དཀར་ལགས་བཅས་ཡིན།
ཕྱི་ལོ་༡༩༨༤ ལོར་འཛིན་གྲྭ་ལྔ་པ་ཐེངས་དང་པོ་ཐོན་མཁན་སློབ་ཕྲུག་གཉིས་ཡོད་པ་ནི། སློབ་ཕྲུག་ལྷག་པ་བུ་ཁྲིད་དང་དོན་གྲུབ་སྒྲོལ་མ་གཉིས་ཡིན།
༢། མཐུན་རྐྱེན་འཛུགས་སྐྲུན།
རྡོ་རྗེ་གླིང་སྤོག་རེ་སྦོང་ས་གནས་སུ་ཡུལ་མིའི་སྐད་དང་རིག་གཞུང་དར་ཁྱབ་ཆེ་བའི་ཁོར་ཡུག་ཁྲོད་གསར་སྐྱེས་སློབ་ཕྲུག་རྣམས་མི་རིགས་ཀྱི་ངོ་བོ་ཡལ་ཉེན་ལ་བརྟེན། ཕྱི་ལོ་༡༩༧༨ ཟླ་༨ ཚེས་༨ ཉིན་སྤོག་རེ་སྦོང་བོད་མི་གྲངས་༣༡ སྐོར་ཞིག་འདུ་ཚོགས་ཀྱིས་ས་གནས་ས་ཐོག་ཏུ་བོད་པའི་སློབ་གྲྭ་ཞིག་གསར་འཛུགས་བྱ་རྒྱུ་གྲོས་མཐུན་བྱུང་བའི་ཐོག རྒྱ་ཆེའི་མི་མང་ལ་ཞལ་འདེབས་བསྡུ་རུབ་ཀྱིས་ཐོག་མར་སྔོན་འགྲོའི་སློབ་གཞི་ལྟ་བུ་སློབ་ཁྲིད་འགོ་འཛུགས་བྱས། འོན་ཀྱང༌། སློབ་གྲྭའི་གཞི་རིམ་མཐུན་རྐྱེན་ཆེས་ཞན་པའི་རྐྱེན་གྱིས་དུས་ཡུན་རིང་པོར་མཐའ་མ་འཁྱོལ་བར་སློབ་གྲྭ་སྒོ་བརྒྱབ་དགོས་བྱུང༌།
དེ་ནས་སླར་ཡང་ཚོགས་འདུ་ཐེངས་གཉིས་པ་ཞིག་བསྡུས་ཏེ། ས་གནས་བོད་རིགས་མི་མང་རྣམས་ནས་ཕ་མའི་ལྷན་ཚོགས་ཤིག་གསར་འཛུགས་གནང༌། ཚོགས་གཙོར་མཚོ་སྒོ་ལྷག་པ་ལགས་དང་ཚོགས་གཞོན་ཆུང་བདག་ལགས་རྣམ་གཉིས་ཀྱིས་ཐུགས་འགན་གཙོ་བཞེས་ཀྱིས་འཐུས་མི་དང་མི་མང་བཅས་དམིགས་ཡུལ་བཟང་ཕྱོགས་སུ་བསྒྲིམས་ནས་ཐོག་མའི་འཆར་གཞི་ལ་མདུན་བསྐྱོད་བྱ་རྒྱུ་མོས་མཐུན་བྱུང་བ་དང་ཆབས་ཅིག དཔལ་འབྱོར་གྱི་མཐུན་རྐྱེན་མཁོ་སྒྲུབ་སླད་དཔལ་འབྱོར་འདུ་འགོད་ཐོག་རོགས་རམ་དང་ཞལ་འདེབས་སོགས་མ་དངུལ་ཐབས་འཚོལ་ཞུས་ཏེ་ད་ཡོད་སློབ་གྲྭའི་ཉེ་འགྲམ་གྱི་ས་ཆ་ཞིག་གསར་དུ་ཉོས། ཤིང་ཁང་སློབ་གྲྭ་ཆུང་ཆུང་ཞིག་གསར་རྒྱག་གིས་སློབ་ཕྲུག་༤༡ ཙམ་ལ་དགེ་རྒན་༢ ཐབས་འཚོལ་གནང་སྟེ་སྤོག་རེ་སྦོང་བོད་མིའི་སློབ་གྲྭ་ཞེས་རང་གཞུང་ས་གནས་སྐུ་ཚབ་བདེ་དོན་རྨ་བྱ་ཚེ་དབང་འགྱུར་མེད་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུ་བྱས་ཏེ་ཕྱི་ལོ་༡༩༨༡ ཟླ་༤ ཚེས་༡༥ ཉིན་དབུ་འབྱེད་གནང༌། སྐབས་དེར་ཤིང་ཁང་ཁང་མིག་༥ ཡོད་པའི་ནང་སློབ་གྲྭ་བསྐྱར་དུ་འགོ་ཚུགས།
ནོར་ཝེ་རོགས་ཚོགས་ནས་ས་གནས་ཁོངས་གཏོགས་དྭ་ཕྲུག་དང་ཉམ་ཐག་ཕྲུ་གུ་༡༩ ཙམ་ལ་བསྩལ་བའི་རོགས་དངུལ་དང༌། ས་གནས་མི་མང་གིས་ཕུལ་བའི་ཟླ་ཁྲལ། རྒྱན་ཤོག་འགྲེམས་སྤེལ། ས་གནས་ཕྱི་ནང་གཉིས་ནས་ཞལ་འདེབས་བསྡུས་ཏེ་འཛིན་སྐྱོང་ལག་བསྟར་བྱས། ལོ་ཤས་རིང་མི་མང་གི་འཛིན་སྐྱོང་འོག་དགེ་རྒན་གཉིས་ནས་གསུམ་བསྐོ་བཞག་བྱུང༌།
དེ་རྗེས་ནོར་ཝེ་རོགས་ཚོགས་ཀྱི་འཛིན་སྐྱོང་ལ་དོ་ཕོག་བྱུང་སྟེ་སྔར་ཡོད་རོགས་དངུལ་ཆད་འགག་བྱུང་རྐྱེན་དགེ་རྒན་གྱི་གླ་ཕོགས་དང༌། དེབ་ཆས་དང་རྩེད་ཆས། སྐུ་མགྲོན་སྣེ་ལེན་དང་ས་གནས་ཀྱི་འཆར་གྲོན་ཐོག་དཔལ་འབྱོར་གྱི་དཀའ་ངལ་འཕྲད་དེ་བོད་གཞུང་ཤེས་རིག་ལས་ཁུངས་ལ་ཞུ་གཏུགས་ལན་མང་བྱས་འབྲས་སུ། དགེ་རྒན་གཉིས་ཀྱི་གླ་ཕོགས་ཟླ་རེར་སྒོར་༢༥༠ རེ་དང༌། དགེ་རྒན་བཞུགས་ཁང་གི་འགྲོ་གྲོན། བོད་ཡིག་སློབ་དེབ་ཀྱང་རིན་མེད་ཐོག་རིམ་པར་བསྩལ། སློབ་ཚན་གཞན་པའི་སློབ་དེབ་གསར་ཉོ་བྱེད་མི་དགོས་པའི་ས་གནས་ཕ་མའི་ཚོགས་ཆུང་ནས་རྡོར་གླིང་གཏན་སློབ་ལ་འབྲེལ་གཏུགས་ཀྱིས་སློབ་དེབ་རྙིང་པ་རྣམས་ཞལ་འདེབས་ཞུས་ཏེ་བཀོལ་སྤྱོད་བྱས།
སློབ་གྲྭའི་ས་ཆ་སྤུས་ཉོ་བྱ་ཕྱིར་ཡུལ་མི་ནས་བུ་ལོན་གཡར་བ་གང་ཡིན། ཤིང་ཁང་སློབ་གྲྭའི་ས་ཆ་ཕྱིར་བཙོངས་ཀྱིས་ཕྱི་ལོ་༡༩༨༤ ཟླ་༡༢ ཚེས་༢༥ ཉིན་ད་ཡོད་ས་ཁྱོན་ཨེ་ཀར་༣་༥ ཙམ་གྱི་ས་ཆ་ཉོས་རྗེས་བོད་གཞུང་ཤེས་རིག་ལས་ཁུངས་ལ་རོགས་རམ་ཞུས་ཏེ་ས་ཆའི་རིན་འབབ་ཆ་ཚང་གཙང་དག་འཇལ། སྤོག་རེ་སྦོང་བོད་རིགས་མི་མང་དང་དགེ་ལས་སློབ་ཕྲུག་བཅས་ཀྱིས་ལྷག་བློ་ཆེན་པོས་དང་བླངས་མཉམ་རུབ་ཀྱིས་ཇ་ཤིང་གིས་ཁེངས་པའི་རི་འབུར་དེར་ཉིན་མཚན་གཅིག་ཏུ་བསྒྲིལ་ཏེ་ས་བརྐོ་རྡོ་སློག་བགྱིས་ཏེ་སློབ་གྲྭ་གསར་རྒྱག་ཆེད་ཞབས་འདེགས་གང་ཐུབ་བསྒྲུབས་ཡོད།
སྐབས་ཤིག་དབུས་བོད་སློབ་འཛིན་ཚོགས་ཀྱིས་སྤོག་རེ་སྦོང་སློབ་གྲྭ་འདི་བཞིན་དབུས་རྒྱ་གར་བོད་སློབ་འཛིན་སྐྱོང་ཚོགས་པའི་ཁྱབ་ཁོངས་སུ་འཇུག་ཐབས་བྱེད་སྐབས། ས་གནས་དགེ་རྒན་ཕ་མའི་ཚོགས་ཆུང་དང་མི་མང་བཅས་ནས་བོད་གཞུང་གི་ཐད་འཛིན་སློབ་གྲྭ་ཞིག་བྱུང་ན་དགེ་མཚན་ཆེ་བར་མཐོང་ནས་བོད་གཞུང་རང་ལ་རྩིས་འབུལ་བྱ་རྒྱུ་མང་མོས་ཐག་གཅོད་གནང་སྟེ། ཕྱི་ལོ་༡༩༨༥ ལོ་དཀྱིལ་ནས་བཟུང་རིམ་བཞིན་བོད་གཞུང་ཤེས་རིག་ལས་ཁུངས་ནས་ཐུགས་འགན་གཙང་བཞེས་ཀྱིས་སློབ་གྲྭ་འདི་བཞིན་བོད་གཞུང་ཤེས་རིག་ཐད་འཛིན་སློབ་གྲྭའི་ཁོངས་སུ་བཅུག དེ་ནས་རིམ་བཞིན་དགེ་རྒན་གསར་བསྐོ་དང་དགེ་ཆེའང་བསྐོ་གཏོང་སོགས་ཤེས་རིག་ཐད་འཛིན་སློབ་གྲྭ་སྤྱི་མཚུངས་ལྟར་འཛིན་སྐྱོང་གནང༌། འོན་ཀྱང་དགེ་རྒན་ཕ་མའི་ཚོགས་ཆུང་ནས་ས་ཆ་སྤུས་ཉོས་ཟིན་པའི་ཡིག་ཆ་ཁག་ཁྲིམས་མཐུན་ཁུངས་འཕེར་ཆགས་མེད་སྟབས། བོད་གཞུང་ཤེས་རིག་དྲུང་ཆེ་བསམ་མཁར་མི་འགྱུར་རྡོ་རྗེ་མཆོག་ནས་རྡོར་གླིང་ས་གནས་བདེ་དོན་རྨ་བྱ་ཚེ་དབང་འགྱུར་མེད་ལགས་ལ་འགན་བསྐུར་ནན་བསྐུལ་ཐོག་སློབ་གྲྭའི་ས་ཆ་དེ་བོད་ཕྲུག་མཐའ་སྐྱོའི་མ་དངུལ་ཚོགས་པའི་མིང་ཐོག་ཁྲིམས་ཡིག་དེབ་སྐྱེལ་བྱུང་རྗེས་སློབ་གྲྭའི་མིང་ཡང་སྤོག་རེ་སྦོང་དབུས་བོད་མིའི་སློབ་གྲྭ་ཞེས་པར་བསྒྱུར།
དེ་ནས་ཕྱི་ལོ་༢༠༠༠ ལོར་དབུས་སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་ཡིག་ཚང་གི་བཀའ་ཡིག་ཕེབས་དོན་བཞིན་སློབ་གྲྭའི་ས་ཁང་མིང་བསྒྱུར་ཆ་ཚང་ཁྲིམས་མཐུན་ལག་བསྟར་གྲུབ་སྟེ་སྤོག་རེ་སྦོང་སཾ་བྷོ་ཊ་བོད་མིའི་སློབ་གྲྭ་ཞེས་པའི་མིང་བསྒྱུར་གནང༌།
དབུས་ཤེས་རིག་ལས་ཁུངས་ནས་དཔལ་འབྱོར་གྱི་མཐུན་རྐྱེན་གནང་བ་དང་མཉམ་དུ་ས་གནས་མི་མང་ངོས་ནས་ཀྱང་ངལ་རྩོལ་དང་རོགས་རམ་ཞལ་འདེབས་གནང་ཐོག་ཕྱི་ལོ་༡༩༨༥ ནས་༡༩༨༨ མཚམས་སུ་འཛིན་ཁང་༦ ནས་༨ གཉེར་ཚང་༡ དང་ཉལ་ཁང་གཅིག་ནང་ཕྲུ་གུ་༥༠ ཤོང་ཚད་ཅན་གྱི་ཁང་མིག་ཉིས་བཅད་༡ བཅས་གསར་རྒྱག་གིས་སྐབས་དེར་བལ་ཡུལ་དང་རྡོར་གླིང་ཉེ་འཁོར་གྲོང་གསེབ་ནས་སླེབས་པའི་སློབ་ཕྲུག་རྣམས་ཉལ་ཁང་དུ་བཅུག་ཡོད། རྡོར་གླིང་རྫོང་ཁོངས་མི་རིགས་སློབ་གྲྭ་སྒོ་བརྒྱབས་ནས་དེ་གའི་སློབ་ཕྲུག་རྣམས་སྤོག་རེ་སྦོང་སློབ་གྲྭར་ཟླ་བསྒྲིལ་བཏང་ཡོད་ཀྱང༌། ཟླ་ངོ་གཅིག་སོང་རྗེས་སླར་ཡང་དབུས་ཤེས་རིག་ལས་ཁུངས་ཀྱིས་ཛ་དྲག་བཀའ་ཡིག་ཕེབས་ཏེ་མི་རིགས་སློབ་ཕྲུག་རྣམས་མཁར་ཤང་དབུས་བོད་མིའི་སློབ་གྲྭར་གནས་སྤོས་ཀྱིས་ཟླ་སྒྲིལ་བཏང༌།
དེ་ནས་འཛིན་རིམ་ལྔ་པ་ཐོན་རྗེས་སློབ་གྲྭ་གཞན་དུ་བསྐྱོད་རིམ་བཞིན་ཉལ་ཁང་ནང་ཕྲུག་གྲངས་རང་བཞིན་གྱིས་ཉུང་དུ་ཕྱིན། འབྱུང་འགྱུར་སློབ་གྲྭ་དང་ཉལ་ཁང་རྒྱ་བསྐྱེད་གཏོང་རྒྱུར་བར་ཆད་ཡོང་ངེས་དགོངས་ཏེ་སྤོག་རེ་སྦོང་ས་གནས་བོད་མིའི་ཁྱིམ་ཚང་རེ་ནས་ཕྲུ་གུ་རེ་ཉལ་ཁང་ནང་ངེས་པར་དུ་འཇོག་དགོས་པར་གྲོས་མཐུན་བྱུང་མཐར། ཉལ་ཁང་ནང་ཕྲུ་གུ་རྩ་སྟོང་ཕྱིན་མེད།
ཕྱི་ལོ་༡༩༨༧ དང་༡༩༨༨ ནང་རྡོར་གླིང་རི་རྒྱུད་ཚོགས་པས་བྷང་གྷལ་མངའ་སྡེ་གཞུང་དང་ལོགས་སུ་གོར་ཥ་ས་ཁུལ་ཞིག་དགོས་འདུན་བཏོན་ནས་ལས་མཚམས་ངོ་རྒོལ་བྱས་པའི་རིང་དྲག་སྤྱོད་ལས་འགུལ་ཤུགས་ཆེར་བྱུང་སྟེ། ཕྱི་ལོ་༡༩༨༧ འགོ་སྟོད་དུ་སྤོག་རེ་སྦོང་ཡུལ་མི་མང་པོའི་ཁང་པ་དང་སློབ་གྲྭ་ཡང་མེར་བསྲེགས་བཏང༌། ལོ་དེ་གའི་ཟླ་དཀྱིལ་དུ་གནས་ཚུལ་ཞི་འཇམ་བྱུང་ནས་རྡོར་གླིང་རི་རྒྱུད་ལྷན་ཚོགས་ཀྱི་ཚོགས་གཙོ་སུ་བྷ་ཤི་གྷི་སིང་(Subash Gesingh)མཆོག་གིས་མེ་སྐྱོན་གུན་གསབ་ཆེད་སློབ་གྲྭར་སྒོར་༥༠༠༠༠ བསྕལ། དབུས་བོད་གཞུང་ཤེས་རིག་ལས་ཁུངས་ནས་ས་གནས་ས་ཐོག་གི་དགོས་མཁོ་ལ་གཞིགས་ཏེ་འཛིན་ཁང་དང་ཉལ་ཁང་བཅས་རིམ་པར་ཞིག་གསོ་དང་རྒྱ་བསྐྱེད་གནང༌།
ཕྱི་ལོ་༡༩༩༢ ལོར་འཛིན་ཁང་རྙིང་པ་རྒྱ་བསྐྱེད་ཀྱིས་ཚོགས་ཁང་དུ་བསྒྱུར། ཕྱི་ལོ་༡༩༨༥ ལོར་ཞག་སྡོད་སློབ་ཕྲུག་ཚོའི་འཕྲོད་བསྟེན་ཆེད་སྨན་ཁང་ཆུང་ཆུང་ཞིག་གསར་འཛུགས་གནང༌། ཕྱི་ལོ་༡༩༨༨ ལོར་སྦྱིན་བདག་ཧར་པར་སི་པན་སར་གྱི་རོགས་རམ་འོག་སྨན་ཁང་གི་མཐུན་རྐྱེན་ཡར་རྒྱས་བཏང་བའི་ཐོག ཕྱི་ལོ་༢༠༠༠ ལོར་ཁར་ཤང་སློབ་གྲྭ་སྒོ་བརྒྱབ་རྗེས་སྨན་ཁང་གི་ཡོ་བྱད་ཚང་མ་འདིར་དབོན་འདྲེན་བྱས་པས་སློབ་གྲྭའི་སྨན་ཁང་གི་མཐུན་རྐྱེན་འགྲིགས་ངེས་བྱུང་ཡོད།
ཕྱི་ལོ་༡༩༩༤ ནས་བཟུང་སློབ་གྲྭའི་རྨང་གཞིའི་འཛུགས་སྐྲུན་ལས་འཆར་ཆེ་རུ་ཕྱིན་ནས་ཕྱི་ལོ་༡༩༩༩ བར་ལ་སློབ་གྲྭར་འཛིན་ཁང་དང་ཉལ་ཁང་རྒྱ་བསྐྱེད་དང་ཉམས་གསོ། ཚོགས་ཁང༌། ས་མཚམས་ར་སྐོར། ཆུ་མཛོད། གསང་སྤྱོད༌། སྐམ་གློག་འཕྲུལ་འཁོར། སློབ་གྲྭའི་འཛིན་ཆས་རིགས། སྨན་ཁང་དང་རྩེད་རིགས་ཡོ་བྱད་བཅས་མཐུན་རྐྱེན་སྔར་ལས་འཛོམས་པར་གྱུར། ཕྱི་ལོ་༢༠༠༢ ལོར་བྷོ་ཌེ་ཨན་ཌེ་བྷའེ་ལན་སེ་ཞེས་པའི་རོགས་ཚོགས་ཀྱི་རོགས་རམ་འོག་སྔར་གྱི་ཉལ་ཁང་དེ་རྒྱ་བསྐྱེད་ཀྱིས་ཁང་མིག་གཉིས་ཅན་གྱི་ཉལ་ཁང་༣ གསར་རྒྱག་གནང༌།
ཕྱི་ལོ་༡༩༨༥ ནས་༢༠༠༠ བར་དཔེ་མཛོད་ཁང་ལོགས་སུ་མེད། ཕྱིས་སུ་སམ་བྷོ་ཊ་དབུས་ཡིག་ཚང་ནས་དཔེ་མཛོད་ཁང་ཟུར་དུ་གསར་རྒྱག་གིས་དཔེ་དེབ་དང་ཉེར་མཁོའི་མཐུན་རྐྱེན་མཁོ་སྤྲོད་གནང༌། ཕྱི་ལོ་༢༠༠༦ ལོར་རོགས་ཚོགས་སྦྱིན་བདག་ཨེ་ནི་ཀ་ལགས་ནས་དཔེ་དེབ་མང་པོའི་མཐུན་འགྱུར་གནང༌། ཕྱི་ལོ་༢༠༠༧ ནས་སམ་བྷོ་ཊ་དབུས་ཡིག་ཚང་གི་བཀའ་ཁྱབ་ལྟར་དཔེ་མཛོད་ཁང་བཀོལ་སྤྱོད་ཤུགས་ཆེར་གཏོང་སླད་འཛིན་ཁང་སོ་སོའི་ནང་དཔེ་མཛོད་གསར་བཟོ་བྱས། དཔེ་མཛོད་ཁང་དབུས་མ་དགེ་ལས་རྣམས་ཀྱི་དཔེ་མཛོད་ཁང་བྱས་པའི་ཐོག་དགོས་ངེས་དེབ་ཆས་གསར་སྒྲིག་བྱས་ཡོད།
སམ་བྷོ་ཊ་ཡིག་ཚང་གི་ལམ་སྟོན་བཞིན་ཕྱི་ལོ་༢༠༠༧ ལོར་སློབ་གྲྭའི་ནང་ཚལ་ཞིང་འདེབས་རྒྱུ་འགོ་འཛུགས་ཀྱིས་ད་ལྟའི་ཆར་དགེ་ལས་དང་སློབ་ཕྲུག་ཀུན་གྱིས་ཚལ་ཞིང་འདེབས་ལས་ལ་སྤྲོ་སྣང་ཆེན་པོ་དོ་སྣང་བྱེད་བཞིན་ཡོད། སློབ་ཕྲུག་ནད་མནར་དང་ཟས་རིགས་དབོར་འདྲེན་སོགས་ཀྱི་དགོས་མཁོ་གཟིགས་ཏེ་ཕྱི་ལོ་༡༩༩༩ ལོ་ནས་སྣུམ་འཁོར་༡ དང་སྦག་སྦག་༡ བཅས་ཡོད།
ཕྱི་ལོ་༢༠༠༡ ནས་བཟུང་སམ་བྷོ་ཊ་དབུས་སྤྱི་ཁྱབ་ཡིག་ཚང་གི་མཐུན་འགྱུར་དང་ལམ་སྟོན་འོག་ཀམ་པུ་ཊར་དང་འཕྲུལ་དཔར་བེད་སྤྱོད་བྱ་འགོ་བརྩམས་ཏེ། ད་ལྟ་སློབ་གྲྭའི་ཀམ་པུ་ཊར་སྦྱོང་བརྡར་ཁང་དུ་ཀམ་པུ་ཊར་༡༨ དང༌། འཕྲུལ་དཔར། མྱུར་འཕྲིན། དྲ་རྒྱའི་མཐུན་རྐྱེན་བཅས་ཡོད།
སློབ་གྲྭའི་རོལ་ཆ་ཁང་གི་ནང་སྒྲ་སྙན་ཆེ་ཆུང་དང༌། པི་ཝང་ཆེ་ཆུང༌། རྔ་ཆེན། རྒྱུད་མངས་སོགས་རོལ་ཆ་སྣ་མང་ཁྱོན་བསྡོམས་གྲངས་༦༦ ལྷག་དང༌། བོད་ཀྱི་ཡུལ་ལུང་སོ་སོའི་སྲོལ་རྒྱུན་གྱོན་ཆས་དང༌། འཁྲབ་ཆས་ཁྱོན་བསྡོམས་རྣམ་གྲངས་༤༦༨ ལྷག་ཡོད་པ་དུས་ཆེན་དང་མཛད་སྒོའི་སྐབས་བཀོལ་སྤྱོད་བྱེད་མུས་ཡིན།
ཕྱི་ལོ་༢༠༠༠ ནས་༢༠༠༨ བར་བོད་གཞུང་དང་སློབ་གྲྭའི་སྒེར་འཚོལ་སྦྱིན་བདག་ནས་མཐུན་འགྱུར་གནང་བའི་
བཀའ་དྲིན་ལ་བརྟེན་སློབ་གྲྭའི་རྨང་གཞིའི་མཐུན་རྐྱེན་ཡར་རྒྱས་དང་རྒྱ་བསྐྱེད་ཤུགས་ཆེར་ཕྱིན་ཡོད།
དེ་ཡང་ཕྱི་ལོ་༢༠༠༠།༠༡ ལོར་ཨོ་སི་ཏི་རི་ཡའི་རོགས་ཚོགས་ཤིག་(Madam Ingeborg Schaller, Body & Balance,Austria) གིས་དགེ་རྒན་གྱི་ལས་ཤག་འཕར་མ་གསར་རྒྱག་ལ་རོགས་རམ་གནང༌།
ཕྱི་ལོ་༢༠༠༡།༠༢ ལོར་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་རོགས་རམ་ཐབས་འཚོལ་འོག་སློབ་གྲྭའི་འཐུང་ཆུའི་ལས་གཞི་མཇུག་སྐྱོང་གནང༌། ཕྱི་ལོ་༢༠༠༢།༠༣ ལོར་སཾ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་གི་རོགས་རམ་འོག་སློབ་གྲྭའི་རྒྱལ་སྒོ་གསར་བཞེངས་གནང༌། སླར་ཡང་ཨོ་སི་ཊི་རི་ཡའི་ལྕམ་སྐུ་ཨིན་གེ་བྷོར་(Madam Ingeborg, Body & Balance)མཆོག་གི་རོགས་རམ་འོག་གསོལ་ཚིགས་ཁང་དང་ཐབ་ཚང༌། བུ་མོའི་ཉལ་ཁང་བཅས་གསར་སྐྲུན་གནང༌། གཞན་ཡང་ཨོ་སི་ཊི་རི་ཡ་སྐུ་ཚབ་དོན་གཅོད་(Madam Jutta Stefan-Bastl, Ambassador of Austria)དང༌། ས་གནས་དགེ་རྒན་ཕ་མའི་འཐུས་ཚོགས་དང་མི་མང་གི་ཞལ་འདེབས་རོགས་སྐྱོར་འོག་སློབ་གྲྭའི་རྩེད་ར་ཡར་རྒྱས་བཏང༌།
ཕྱི་ལོ་༢༠༠༤ ལོར་སྔར་གྱི་རོགས་ཚོགས་རྒྱུན་གྲོན་དངུལ་ལྷག་སྤྱད་དེ་སློབ་གྲྭའི་རྩེད་ཐང་དུ་སིལ་སྤོལ་རྩེད་ས་བཟོས།
ཕྱི་ལོ་༢༠༠༤།༠༥ ལོར་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་རོགས་རམ་ཐབས་འཚོལ་འོག་སློབ་གྲྭའི་གསང་སྤྱོད་གསར་རྒྱག་མཇུག་སྐྱོང་གྲུབ།
ཕྱི་ལོ་༢༠༠༥།༠༦ ནང་ནོར་ཝེ་རོགས་ཚོགས་(NCA)སོགས་ཀྱིས་རོགས་སྐྱོར་འོག་སམ་བྷོ་ཊ་དབུས་ཡིག་ཚང་བརྒྱུད་ཀམ་པུ་ཊར་གསར་གཟིགས་རོགས་རམ་གནང་བས་སློབ་ཕྲུག་ཚོར་ཀམ་པུ་ཊར་སློབ་སྦྱོང་གི་མཐུན་རྐྱེན་ཡར་རྒྱས་བྱུང་ཡོད།
ཕྱི་ལོ་༢༠༠༥།༠༦ སྐམ་གློག་འཕྲུལ་འཁོར་ཆེ་བ་དང་འཇོག་ཁང་དང༌། ཕྱི་ལོ་༢༠༠༦།༠༧ ལོར་སམ་བྷོ་ཊ་སྤྱི་ཁྱབ་འཛིན་སྐྱོང་བརྒྱུད་རོགས་དངུལ་ཐབས་འཚོལ་(American Himalayan Foundation,Nepal, Rotary Club, Austria & Madam Annick Dreamo, Le Toil Du Monde, France)གྱིས་འཐུང་ཆུའི་ལས་གཞི་མཇུག་སྐྱོང་སྤུས་གཙང་གནང༌།
ཕྱི་ལོ་༢༠༠༦།༠༧ ལོར་ཕ་རན་སིའི་རོགས་ཚོགས་(Madam Annick Dreamo, Le Toil Du Monde, France)ཀྱི་རོགས་རམ་འོག་སྔོན་འགྲོ་བྱིས་པའི་རྩེད་ཁང་གསར་རྒྱག་གནང༌།
ཕྱི་ལོ་༢༠༠༠༧།༠༨ རྡོར་གླིང་ཁུལ་གྱི་རོ་ཊ་རི་ཚོགས་པ་(Rotary Club, Austria)སློབ་གྲྭའི་ནང་ཉི་ནུས་ཆུ་སྲོ་སྒྲིག་ཆས་སྤུས་གཟིགས་གནང༌།
༣། སློབ་འཇུག་དང་ཡིག་རྒྱུགས་གནས་སྟངས།
སློབ་གྲྭ་སོ་སོ་འགོ་ཚུགས་ནས་ཕྱི་ལོ་༢༠༠༨ བར་སློབ་གྲྭ་འདི་ནས་གཞི་རིམ་འོག་མ་འཛིན་གྲྭ་ལྔ་པ་ཐོན་པའི་སློབ་མ་གྲངས་༣༣༧ དང༌། འཛིན་རིམ་བརྒྱད་པ་མཐར་ཕྱིན་པའི་སློབ་མ་༧ བཅས་བསྐྱེད་བསྲིང་བྱས་ཡོད།
ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྡོམ་རྩིས་ལྟར་ན། ལོ་དེར་སྤོག་རེ་སྦོང་སློབ་གྲྭ་འདིར་སློབ་ཕྲུག་བུ་༦༣ དང་བུ་མོ་༥༡ བཅས་བསྡོམས་༡༡༤ ཡོད་པའི་ནང་ཉིན་སློབ་གྲངས་༨ དང་གཏན་སློབ་༡༠༦ ཡོད་ལ། བོད་རིགས་མིན་པ་༡ ཡོད། དགེ་རྒན་༡༡ དང་ལས་བྱེད་༡༡ བཅས་ཁྱོན་བསྡོམས་དགེ་ལས་༢༢ ཡོད།
ཕྱི་ལོ་༡༩༨༩ ནས་༢༠༠༩ བར་འདས་པའི་ལོ་ངོ་༢༡ རིང་སྤོག་རེ་སྦོང་གཏན་སློབ་ཀྱི་སློབ་མའི་གྲངས་འབོར་འཕར་ཆགས་གནས་སྟངས་གཤམ་གསལ།
ཕྱི་ལོ་༡༩༩༨ ནས་༢༠༠༨ བར་སློབ་གྲྭ་འདིའི་སློབ་ཕྲུག་སྤྱི་ཡོངས་ཀྱི་ཡིག་རྒྱུགས་གྲུབ་འབྲས་གནས་སྟངས་གཤམ་གསལ།
༤། ཤེས་ཡོན་ལས་རིམ།
སློབ་གྲྭ་འདི་ཐོག་མར་དགེ་རྒན་ཕ་མའི་འཛིན་སྐྱོང་འོག་འགོ་ཚུགས་ནས་ལོ་དང་པོ་དང་གཉིས་པའི་ནང་བོད་ཡིག ཨིན་ཇི། ཧིན་དི་བཅས་ཀྱི་སློབ་ཚན་ཁག་གསུམ་རང་སློབ་ཁྲིད་གནང་འདུག ལོ་གསུམ་པ་ནས་སྤྱི་ཚོགས་ཚན་རིག་དང་ཚན་རིག་བཅས་ཀྱི་སློབ་ཚན་བསྣན་འདུག ལོ་ལྔའི་ནང་ཚུད་དགེ་རྒན་ཉུང་དྲགས་པ་དང་སློབ་གྲྭའི་མཐུན་རྐྱེན་ཞན་པའི་རྐྱེན་གྱིས་གྲུབ་འབྲས་རྩེ་ཕུད་ཅན་མ་བྱུང་ཡང་རྗེས་ལུས་ཐེབས་མེད།
ཕྱི་ལོ་༡༩༨༥ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་སློབ་གྲྭ་འདི་ཉིད་རྩིས་བཞེས་གནང་བ་ནས་བཟུང༌། སློབ་གྲྭའི་གཞི་རིམ་མཐུན་རྐྱེན་ཡར་རྒྱས་བཏང་བའི་ཐོག དགེ་རྒན་ཚད་ལྡན་བསྐོ་གཏོང་གནང་བར་བརྟེན། སློབ་གྲྭའི་སྣོད་བཅུད་གང་ཅིར་ཡར་རྒྱས་བྱུང་བ་དང་འབྲེལ་འཛིན་རིམ་སོ་སོའི་སློབ་ཚན་ལ་ཡང་འགྱུར་བ་བཏང་སྟེ། གཞི་རིམ་སློབ་གྲྭ་གཞན་དག་སྤྱི་མཚུངས་བཞིན་བསྐྱོད་པ་དང༌། སློབ་ཕྲུག་གི་ཤེས་ཡོན་གནས་ཚད་ཀྱང་ཡར་ངོའི་ཟླ་ལྟར་གང་ལེགས་བྱུང་ཡོད།
ཕྱི་ལོ་༡༩༨༩ ལོར་རྒྱ་གར་བོད་སློབ་འཛིན་ཚོགས་ཀྱི་འཛིན་རིམ་བརྒྱད་པ་དང་ལྔ་པའི་སྤྱི་ཡོངས་ཡིག་རྒྱུགས་ནང་འཛུལ་ཞུགས་ཀྱིས་ཡིག་རྒྱུགས་འཕྲོད་མཁན་བརྒྱ་ཆ་བརྒྱ་ཐམ་པ་བྱུང༌། ཕྱི་ལོ་༡༩༩༡ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་འཛིན་རིམ་དྲུག་ནས་བརྒྱད་པ་བར་གྱི་སློབ་ཕྲུག་རྣམས་བོད་གཞུང་སློབ་གྲྭ་གཞན་དུ་ཟླ་བསྒྲིལ་བཏང།
ཕྱི་ལོ་༡༩༩༢ ནས་༢༠༠༡ བར་གཞི་རིམ་འོག་མའི་གནས་སྟངས་འོག་གནས་པའི་རིང་འཛིན་རིམ་ལྔ་པར་ཧིན་རྡི་སློབ་ཁྲིད་མཚམས་འཇོག་གནང༌། ཕྱི་ལོ་༢༠༠༢ ལོར་འཛིན་རིམ་དྲུག་པའི་འཛིན་གྲྭ་བསྐྱར་དུ་ཚོགས་ཀྱང་རྗེས་སུ་རང་འཇགས་འཛིན་གྲྭ་ལྔ་པ་བར་བཞག དེའི་རིང་ཡིག་རྒྱུགས་གྲུབ་འབྲས་ཀྱང་མཐོ་དམན་ཅི་རིགས་བྱུང་ཡོད། འོན་ཀྱང་སྤྱི་ཡོངས་ཤེས་ཡོན་གྱི་རྨང་གཞི་ནི་བརྟན་པོར་གནས་ཡོད།
ལོ་རེར་བོད་གཞུང་སློབ་གྲྭ་སྤྱི་མཚུངས་བཞིན་བུམ་སྐྱོན་གསུམ་བྲལ་གྱི་སློབ་ཕྲུག་བུ་༡ དང་བུ་མོ་༡ བཅས་འདེམས་སྒྲུག་བྱེད་མུས་ཡིན་ལ། ཕྱི་ལོ་༢༠༠༨ ལོར་སློབ་ཕྲུག་བུ་བསྟན་འཛིན་ལེགས་བཤད་དང༌། བུ་མོ་ཚེ་རིང་སྒྲོལ་མ་གཉིས་ལ་བུམ་སྐྱོན་གསུམ་བྲལ་གྱི་བྱ་དགའ་དང་ལག་འཁྱེར་གསོལ་རས་གནང༌།
དེ་བཞིན་ལོ་རེར་སམ་བྷོ་ཊ་བོད་སློབ་གཞན་དང་སྤྱི་མཚུངས་ལྟར་ལོ་འཁོར་རྩེད་འགྲན་དང༌། ལོ་འཁོར་རིག་གཞུང་འཁྲབ་སྟོན་ཁྲོད་སྲོལ་རྒྱུན་དང་དེང་རབས་ཀྱི་གཞས་དང་ཞབས་བྲོ། གཏམ་བརྗོད། བགྲོ་གླེང༌། རི་མོ། ཡིག་གཟུགས། འགྲེམས་སྟོན་སོགས་སློབ་སྦྱོང་ལ་གཞོགས་འདེགས་ཀྱི་བྱེད་སྒོ་ལོ་འཁོར་ལས་འཆར་ལྟར་ལག་བསྟར་ཞུ་མུས་ཡིན།
ཕྱི་ལོ་༢༠༠༥ ལོར་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཕྱག་བསྟར་གནང་ནས་བཟུང་སྔར་ཡོད་ཡིག་རྒྱུགས་གྲུབ་འབྲས་ཨང་སྤྲོད་སྲོལ་རྒྱུན་ལའང་འགྱུར་བ་ཕྱིན་ཏེ། གྲུབ་འབྲས་ཐ་དག་སྡེ་རིམ་ནང་འགྲོ་མུས་ལ་བརྟེན། ད་ལྟའི་གནས་བབ་ནི་དཔེ་མཚོན་ཞུས་ན་རྡོར་གླིང་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་གི་ཡིག་གཟུགས་དང་བགྲོ་གླེང་འགྲན་བསྡུར། དེ་བཞིན་བོད་གཞུང་སློབ་ཁག་ནང་ཁུལ་ཤེས་ཡོན་འགྲན་བསྡུར་གང་ལའང་ཨང་ཀི་སོན་པ་གང་འཚམས་བྱུང་བ་མ་ཚད། འཛིན་རིམ་ལྔ་པ་ཐོན་རྗེས་གཏན་སློབ་དང་སཾ་བྷོ་ཊ་སློབ་གྲྭ་གཞན་དུ་གནས་སྤོས་ཕྱིན་པའི་སློབ་ཕྲུག་རྣམས་སློབ་སྦྱོང་ལེགས་པའི་གྲས་སུ་བརྩི་མཐོང་དང༌། སློབ་གྲྭའི་འགན་བདག་དང་བུམ་སྐྱོན་གསུམ་བྲལ་སློབ་མར་བདམས་པ་སོགས་སློབ་གྲྭ་གཞན་ནས་བསྔགས་བརྗོད་གནང་དང་གནང་མུས་ཡིན།
སློབ་གྲྭ་འདི་ནས་མཐར་ཕྱིན་པའི་སློབ་ཟུར་མང་ཆེ་བ་ད་ལྟའི་སྐབས་སུ་རང་འཚོ་ཐུབ་པ་མང་དག་ཅིག་བྱུང་བའི་ནང་ནས་ཁ་ཤས་ནི་བཙན་བྱོལ་གཞུང་གི་མཐོ་རིམ་ལས་བྱེད་དང༌། སྲི་ཞུ་ལས་བྱེད། དགེ་རྒན། འཕྲུལ་ལས་འཛུགས་སྐྲུན་པ། ཚོང་ལས་འགན་འཛིན། དེ་བཞིན་སྨན་ཞབས་པ་བཅས་མང་པོ་བྱུང་ཡོད།
༥། ཤེས་ཡོན་སྲིད་བྱུས་ལག་བསྟར།
ཕྱི་ལོ་༡༩༩༤ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཐད་འཛིན་སློབ་གྲྭ་ཁག་དང་བོད་སློབ་འཛིན་ཚོགས་སློབ་ཁག་བཅས་སུ་གཞི་རིམ་འཛིན་གྲྭ་ལྔ་པ་བར་གྱི་སློབ་ཚན་ཡོངས་རྫོགས་བོད་ཡིག་ཐོག་བསྒྱུར་བ་ནས་བཟུང༌། སློབ་གྲྭ་འདིའི་བོད་སྐད་དང་བོད་ཡིག་གི་རྨང་གཞི་ཉིན་བཞིན་བརྟན་པོ་ཆགས་ཤིང༌། བོད་སྐད་ཐོག་ཕན་ཚུན་བཀའ་མོལ་གནང་སྟངས་དེས་ཕན་ཐོགས་བྱུང༌། དཔེར་ན་བོད་སྐད་རྩ་བ་ནས་མི་ཤེས་པའི་ཊུ་ཊིང་ཕྲུ་གུ་རྣམས་ད་ལྟ་བོད་སྐད་བཤད་ཐུབ་པས་མ་ཚད་ཞེ་ས་ཡང་བེད་སྤྱོད་བྱེད་ཐུབ། ལྷག་པར་སྔར་སློབ་གྲྭ་འདི་གར་ཁྱབ་ཆེ་བའི་ཡུལ་སྐད་དང་བོད་སྐད་གཉིས་མཉམ་བསྲེས་བྱེད་པ་སོགས་ཀྱི་ངན་གཤིས་རང་བཞིན་གྱིས་མཐོང་མེད་དུ་གྱུར།
ཕྱི་ལོ་༢༠༠༧ ལོར་སམ་བྷོ་ཊ་བོད་གཞུང་སློབ་གྲྭ་ཚང་མའི་ནང་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱས་པ་ནས་བཟུང༌། སྔར་དང་མི་འདྲ་བ་སློབ་ཕྲུག་རང་ཉིད་ནས་བསམ་ཚུལ་འདོན་པ་དང༌། འཛིན་གྲྭའི་མཉམ་ཞུགས་བྱེད་སྒོའི་རིགས་ལ་དགའ་མོས་བྱེད་པ་དང༌། བགྲོ་གླེང་དང་དོགས་འདྲི་སོགས་ཞེད་སྣང་མེད་པའི་ཐོག་གནང་ཐུབ་པ་གང་ཙམ་ཞིག་ཡོང་བཞིན་འདུག དགེ་རྒན་ཕྲུ་གུ་དབར་གྱི་འབྲེལ་བ་ནི་ཕ་བུའི་འདུ་ཤེས་དང༌། གྲོགས་པོ་དབར་གྱི་འདུ་ཤེས་ལྟ་བུར་ཡོང་ཐབས་འབད་བརྩོན་ཞུ་མུས་རེད།
སྔར་དར་བའི་ཨང་རིམ་སྤྲོད་སྲོལ་གྱིས་སློབ་ཕྲུག་རྣམས་གཞི་འཛིན་ས་མཐའ་མའི་ཡིག་རྒྱུགས་རང་ལ་བལྟ་དགོས་ཆགས་པ་དེས། སློབ་ཕྲུག་རྣམས་འཕྲལ་སེལ་སྦྱང་བརྩོན་བྱས་པ་ལས་ཕུགས་གཏན་མེད་པའི་སྒང་ལ་ནང་ཁུལ་ང་རྒྱལ་ཞེ་སྡང་ཕྲག་དོག་སོགས་ངན་སྤྱོད་ཤས་ཆེར་ཕྱིན་ཙང་ཨང་སྡེ་སྤྲོད་ཕྱོགས་ཀྱིས་རིམ་བཞིན་ཡིག་རྒྱུགས་ཀྱི་གནོན་ཤུགས་ཆུང་དུ་བཏང་སྟེ། སློབ་ཕྲུག་ཚོས་ཡིག་རྒྱུགས་ཀྱི་དོན་དུ་མ་ཡིན་པར། ཤེས་ཡོན་གྱི་དོན་དུ་སློབ་སྦྱོང་བྱེད་པའི་ལྟ་བ་སླར་གསོ་དང༌། གནོན་ཤུགས་དང་འཇིགས་སྣང་ཁོར་ཡུག་འོག་སློབ་སྦྱོང་བྱ་རྒྱུའི་ཚབ་ཏུ་རང་དབང་དང་སྤྲོ་སེམས་ལྡན་པའི་ངང་ནས་ཤེས་ཡོན་ལ་སྦྱང་བརྩོན་བྱས་པས་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་བཟང་པོ་ཐོབ་ཡོད།
ལྷག་པར་ཕྱི་ལོ་༢༠༠༨ ཟླ་༧ ཚེས་༢༠ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ནས་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་འོག་སྔོན་འགྲོ་ནས་གཞི་རིམ་འོག་མ་བར་གྱི་བསླབ་གཞིའི་རྩ་འཛིན་གཏན་འབེབས་ཀྱིས་ལག་བསྟར་བཀོད་རྒྱ་གནང་བ་ནས་བཟུང༌། དགེ་རྒན་རྣམས་ཀྱིས་སློབ་དེབ་ཁོ་ན་གཞི་རྩར་བཟུང་ནས་རྒྱུན་གཏན་བསླབ་གཞིའི་ཐོག་བསྐྱོད་རྐྱང་གིས་སློབ་ཁྲིད་ཀྱི་ལས་འགན་འགྲུབ་པའི་རྩིས་སྤྲོད་ཐུབ་ཐབས་གཙོ་འཛིན་བྱ་རྒྱུའི་ཚབ་ཏུ། དགེ་རྒན་གྱིས་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་སློབ་ཕྲུག་སོ་སོའི་གནས་སྟངས་དང་དགོས་མཁོ་ལ་ཡུན་རིང་ཉམས་འཇོག་བགྱིས་ཏེ། སློབ་ཕྲུག་སོ་སོར་ཉེ་བར་མཁོ་བའི་ཤེས་ཡོན་གྱི་ནང་དོན་འཚོལ་ཞིབ་ཀྱིས་མཁོ་འདོན་གནང་རྒྱུ་གཙོ་འདོན་དང༌། བསླབ་གཞིའི་ཤེས་ཡོན་རྣམས་གྲངས་འདྲེན་དང་ངོ་ཐག་ཆོད་པ་ཙམ་མ་ཡིན་པར། སློབ་ཕྲུག་གི་གཤིས་རྒྱུད་དང་ལྟ་སྤྱོད་ཡར་རྒྱས་གཏོང་བ་བཅས། དེང་རབས་ཤེས་ཡོན་གྱི་མེ་ཏོག་རྣམས་རང་རེའི་སྲོལ་རྒྱུན་ཤེས་ཡོན་གྱི་རྩ་བའི་སྟེང་ཚུགས་ཐུབ་པའི་འབད་རྩོལ་བྱས་ཡོད།
དེ་བཞིན་གཞི་རིམ་འོག་མའི་ནང་བོད་སྐད་གཙང་མ་བཤད་པ་དང༌། ཞེ་ས་སྤྱོད་རྒྱུ། རྒན་གུས་ཆུང་བྱམས་ཀྱི་བཟང་སྤྱོད་དར་སྤེལ་གཏོང་རྒྱུ། གཙང་སྦྲ་འཕྲོད་བསྟེན་གྱི་གོ་རྟོགས་གོང་མཐོར་གཏོང་རྒྱུ། འགྲན་སྡུར་དང་རྒྱལ་ཕམ་གྱི་རིགས་ཉུང་དུ་གཏོང་རྒྱུ་བཅས་ལ་དམིགས་བསལ་འབད་བརྩོན་བྱས་པ་མ་ཟད། བོད་ཀྱི་ཐུན་མོང་མ་ཡིན་པའི་ཡིག་གཟུགས་འབྲི་སྲོལ་སྦྱང་ཤིང་གི་སྟེང་ཚུགས་རིང་ཚུགས་ཐུང་སོགས་རིམ་པས་སློབ་ཁྲིད་གནང་བར་བརྟེན། སྔར་དང་མི་འདྲ་བ་ཡིག་གཟུགས་ལ་དོ་སྣང་དང་ཡར་རྒྱས་ཕྱིན་པར་མངོན། སྤྱི་ཡོངས་ཀྱི་ཆ་ནས་བཤད་ན་འབྲི་ཀློག་དག་གསུམ་གང་ལའང་ཡར་རྒྱས་གོང་མཐོར་འགྲོ་བཞིན་ཡོད།
༦། གཞུང་འབྲེལ་འཚམས་གཟིགས།
སློབ་གྲྭ་འདིར་ལོ་ལྟར་བཙན་བྱོལ་བོད་གཞུང་དང༌། ས་གནས་དཔོན་རིགས། སྤྱི་འཐུས། བླ་སྤྲུལ། ཆེད་ལས་མི་སྣ་སོགས་འཚམས་གཟིགས་ཀྱིས་གསུང་བཤད་དང་བགྲོ་གླེང༌། ཟབ་སྦྱོང༌། འགྲེམས་སྟོན་སོགས་ཀྱི་ལས་རིམ་སྤེལ་བས་དགེ་སློབ་གཉིས་ལ་ཕན་ཐོགས་ཆེན་པོ་བྱུང༌། འདིར་ཉེ་བའི་ལོ་ཤས་རིང་འཚམས་གཟིགས་ཁག་ལས་སྙིང་བསྡུས་ཤིག་བཀོད་ན།
ཕྱི་ལོ་༢༠༠༥ ཟླ་༤ ཚེས་༠༢ ཉིན་འཁོན་རིགས་བསྟན་པའི་སྲོག་ཤིང་ཆེན་པོ་དཔལ་ས་སྐྱའི་ྋསྐྱབས་མགོན་ྋགོང་མ་གདུང་སྲས་ར་བཛྲ་རིན་པོ་ཆེ་གུམ་ས་སྐྱ་དགོན་པར་ཞབས་སོར་བཀའ་དྲིན་བསྐྱངས་སྐབས། སྤོག་རེ་སྦོང་བོད་གཞུང་སློབ་གྲྭར་དམིགས་བསལ་གདན་འདྲེན་ཞུས་པར་ཞལ་བཞེས་བཟང་པོས་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་ས་གནས་བོད་རིགས་མི་མང་དང་དགེ་ལས་སློབ་ཕྲུག་ཀུན་གྱིས་ཞལ་མཇལ་དང་ཕྱག་དབང་དང་གསུང་གི་བྱིན་རླབས་བཟང་པོ་ཐོབ།
ཕྱི་ལོ་༢༠༠༥ ཟླ་༡༡ པའི་ཟླ་དཀྱིལ་དུ་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལས་འཛིན་པ་ཚེ་རིང་བསམ་གྲུབ་དང༌། སམ་བྷོ་ཊ་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་གཉིས་ནས་སློབ་གྲྭ་འདིར་ལོ་འཁོར་ཤེས་ཡོན་རྟོག་ཞིབ་གནང༌།
ཕྱི་ལོ་༢༠༠༦ ཟླ་༨ ཚེས་༦ ཉིན་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་ནས་འཚམས་གཟིགས་གནང་སྐབས་དགེ་ལས་སློབ་ཕྲུག་དང་སེར་སྐྱ་མི་མང་ལ་ཤེས་ཡོན་སྤྱི་དང་སྤྱི་ཚོགས་ཡར་རྒྱས་ཐོག་བཀའ་སློབ་ཟབ་རྒྱས་གནང༌།
ཕྱི་ལོ་༢༠༠༦ ཟླ་༨ ཚེས་༡ ཉིན་སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་དང་སྐུ་ཞབས་བསྟན་འཛིན་དབང་འདུས་ལགས་རྣམ་གཉིས་ཕེབས་ཏེ་ཉིན་གསུམ་རིང་ཤེས་ཡོན་སྲིད་བྱུས་གསར་པ་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་གནད་སྨིན་གནང༌། ཞོར་དུ་དགེ་རྒན་རྣམས་ལ་སྦྱང་ཤིང་བཟོ་སྟངས་དང་བོད་ཡིག་ཡིག་གཟུགས་འབྲི་སྟངས་སོགས་ཟབ་འཁྲིད་ལམ་སྟོན་གནང༌།
ཕྱི་ལོ་༢༠༠༦ ཟླ་༡ ཚེས་༡༡ ཉིན་བོད་གཞུང་ཤེས་རིག་ཟུང་དྲུང་བཀྲ་ཤིས་སྒྲོལ་མ་ལགས་ནས་དགེ་ལས་སློབ་ཕྲུག་མི་མང་བཅས་ལ་སློབ་ཡོན་ཞུ་ཕྱོགས་དང་འབྲེལ་བའི་བཀའ་སློབ་ཟབ་རྒྱས་གནང༌།
ཕྱི་ལོ་༢༠༠༧ ཟླ་༤ ཚེས་༡༠ ཉིན་རང་གཞུང་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་ཤེས་ཡོན་ལས་འཛིན་ཚེ་རིང་ཕུན་ཚོགས་རྣམ་གཉིས་ནས་སྤོག་རེས་སྦོང་ས་གནས་མི་མང་དང་དགེ་ལས་སློབ་ཕྲུག་ཡོངས་ལ་ཤེས་ཡོན་སྲིད་བྱུས་གསར་པའི་སྐོར་ལ་བཀའ་སློབ་ཟབ་རྒྱས་གནང༌།
ཕྱི་ལོ་༢༠༠༧ ཟླ་༦ ཚེས་༢༧ ཉིན་ཀ་རྡོར་སྒང་གསུམ་ཁྱབ་ཁོངས་མདུན་ལམ་སློབ་སྟོན་པ་ཆོས་སྐྱིད་ལགས་འདི་གའི་དགེ་ལས་སློབ་ཕྲུག་ཀུན་ལ་སེམས་ཁམས་ཐོག་དཀའ་ངལ་སེལ་ཐབས་གྲོས་བསྡུར་དང༌། སློབ་ཕྲུག་རེ་རེ་བཞིན་སེམས་ཀྱི་དཀའ་ངལ་གནས་སྟངས་སྐོར་རྟོག་ཞིབ་གནང༌།
ཕྱི་ལོ་༢༠༠༧ ཟླ་༧ ཚེས་༣༠ ཉིན་སྐབས་བཅུ་བཞི་པའི་སྤྱི་འཐུས་ཟླ་བ་ཚེ་རིང་དང༌། སྤྱི་འཐུས་སྒྲོལ་མ་མཚོ་མོ། དེ་བཞིན་རྡོར་གླིང་ས་གནས་འགོ་འཛིན་བཅས་ཀྱིས་སློབ་གྲྭ་འདིར་གཟིགས་སྐོར་བསྐྱངས་ཏེ། ྋགོང་ས་མཆོག་གི་མཛད་འཕྲིན་དང༌། མང་གཙོའི་འཕེལ་རིམ། བོད་མིའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་སྐོར། སྲོལ་རྒྱུན་དང་དེང་རབས་གཉིས་ཟུང་འབྲེལ་ཐོག་ཤེས་ཡོན་སྤྲོད་ཐབས་དང༌། རང་གཞུང་གི་དབུ་མའི་ལམ་གྱི་ལངས་ཕྱོགས་སོགས་བཀའ་སློབ་ལམ་སྟོན་གནང༌།
ཕྱི་ལོ་༢༠༠༧ ཟླ་༩ ཚེས་༨ ཉིན་རང་གཞུང་ཤེས་རིག་ཤེས་ཡོན་ལས་འཛིན་ཚེ་རིང་ཕུན་ཚོགས་དང༌། རྡོར་གླིང་གཏན་སློབ་ཀྱི་རེག་ཊར་བཀྲ་ཤིས་དོན་གྲུབ་རྣམ་གཉིས་ཆེད་ཕེབས་ཀྱིས་ལོ་འཁོར་ཤེས་ཡོན་རྟོག་ཞིབ་དང་སྦྲགས་དགེ་ལས་ཡོངས་ལ་ཤེས་ཡོན་དང་འབྲེལ་བའི་བླང་དོར་བཀའ་སློབ་ཟབ་རྒྱས་གནང༌།
ཕྱི་ལོ་༢༠༠༧ ཟླ་༩ ཚེས་༩ ཉིན་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལས་འཛིན་པ་ཚེ་རིང་བསམ་གྲུབ་ལགས་ཀྱིས་ལོ་འཁོར་ཤེས་ཡོན་རྟོག་ཞིབ་དང་ལྷན་ཤེས་ཡོན་སྲིད་བྱུས་ཀྱི་གོ་རྟོགས་གསུང་བཤད་དང༌། ལག་བསྟར་བྱེད་ཕྱོགས་ཐོག་ལམ་སྟོན་ཞིབ་རྒྱས་གནང༌།
ཕྱི་ལོ་༢༠༠༨ ཟླ་༣ པར་དཔལ་ལྡན་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་འཚམས་གཟིགས་སུ་ཕེབས་སྐབས་དགེ་ལས་རྣམས་ལ་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་སྐོར་ལམ་སྟོན་བཀའ་སློབ་ཆུ་ཚོད་གཅིག་རིང་གནང༌།
ཕྱི་ལོ་༢༠༠༨ ཟླ་༩ ཚེས་༡༠ ཉིན་རྡོར་གླིང་ས་གནས་སྐུ་ངོ་བདེ་དོན་སྐལ་བཟང་མཆོག་འདི་ག་སྤོག་རེ་སྦོང་ས་གནས་མི་མང་གི་བདེ་སྡུག་ཞིབ་འཇུག་སླད་ཕེབས་ཞོར་དུ་སློབ་གྲྭར་གཟིགས་སྐོར་གནང༌། སློབ་གྲྭར་དཀའ་ངལ་ཇི་ཡོད་སྐོར་ལ་སློབ་གྲྭའི་འགན་འཛིན་ལྷན་བཀའ་མོལ་ལྷུག་པོ་གནང༌།
ཕྱི་ལོ་༢༠༠༨ ཟླ་༩ ཚེས་༡༧ ཉིན་ཊི་སྦི་ནད་གཞི་ཡོད་མེད་བརྟག་དཔྱད་ཕྱོགས་བསྐྱོད་སྨན་པའི་རུ་ཁག་ནང་སྨན་པ་ཌི་ཀེ་ས་ཧ་དང་ཕྱག་རོགས་ཚེ་དབང་ལགས་རྣམ་གཉིས་རྡོར་གླིང་འབྲུག་ཐུབ་བསྟན་གསང་སྔགས་ཆོས་གླིང་དགོན་ནས་སློབ་གྲྭར་ཕེབས་ཏེ་སློབ་ཕྲུག་ཡོངས་ལ་གློ་ནད་བརྟག་དཔྱད་གནང༌།
ཕྱི་ལོ་༢༠༠༨ ཟླ་༩ ཚེས་༡༩ ནས་༢༠ བར་ཤེས་རིག་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་འདི་ག་སློབ་གྲྭར་ལོ་འཁོར་ཤེས་ཡོན་རྟོག་ཞིབ་ཆེད་ཕེབས་ཀྱིས་ཉིན་དང་པོར་ཤེས་ཡོན་ཐོག་རྟོག་ཞིབ་དང་ཉིན་གཉིས་པར་འཛིན་སྐྱོང་དང་སྡེ་ཚན་ཁག་ཏུ་རྟོག་ཞིབ་མཛད་དེ་སློབ་གྲྭའི་ཟུར་སྤེལ་ལས་འགུལ་ཁང་དུ་དགེ་ལས་ཡོངས་བསྡུ་བསྐོང་གིས་ཤེས་ཡོན་དང་འཛིན་སྐྱོང་སྐོར་ལ་གསལ་བཤད་དང་སྦྲགས་འགོ་ལས་ཡོངས་ལ་བསྔགས་བརྗོད་གནང༌། དགེ་ལས་ཡོངས་ལ་ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་ལེའུ་ལྔ་པའི་ཐོག་ལམ་སྟོན་བཀའ་སློབ་དང་དགེ་རྒན་རྣམས་ལ་ཟུར་དུ་མཉམ་བསྲེས་འཛིན་གྲྭ་ཚོགས་སྟངས་དང་ཕན་ཡོན་སྐོར་ལའང་ཟབ་སྦྱོང་མདོར་བསྡུས་གནང་བས་དགེ་ལས་ཚང་མར་ཕན་ཐོགས་བྱུང༌།
ཕྱི་ལོ་༢༠༠༨ ཟླ་༩ ཚེས་༢༩ ཉིན་ཕྲུ་གུའི་སྦྱིན་བདག་གཉིས་དང་རོགས་པ་གཅིག མཚན་ལ་ལྕམ་པོ་ལི་ཀོར་བི་ཤི་ལི་ལགས། ལྕམ་བྷ་རེན་ཌ་ཝིལ་སོན་ལགས་དང་སྐུ་ཞབས་ཌེ་ཝི་ཌ་ཊ་རོ་ལོ་པི་ལགས་རྣམ་གསུམ་ཕྲུ་གུ་ཐུག་འཕྲད་དུ་ཕེབས།
ཕྱི་ལོ་༢༠༠༨ ཟླ་༡༠ ཚེས་༡ ཉིན་རྡོར་གླིང་སྨྱུག་ཚོགས་ཀྱི་འགན་འཛིན་དགེ་ཟུར་རྡོ་རྗེ་རིན་ཆེན་ལགས་ནས་དགེ་ལས་ཡོངས་ལ་བོད་ཀྱི་ཆབ་སྲིད་ཀྱི་འདས། མ་འོངས་དང་ད་ལྟའི་གནས་སྟངས་སྐོར་ཟབ་སྦྱོང་གནང༌། དེ་ནས་ཀམ་པུ་ཊར་ཡིག་པར་སྒྲིག་མཁན་བཙུན་མ་བདེ་ལེགས་དབྱངས་སྒྲོན་ལགས་ནས་(Adove Pagemaker & Photoshop)སྐོར་སློབ་ཁྲིད་གནང༌།
ཕྱི་ལོ་༢༠༠༨ ཟླ་༡༠ ཚེས་༤ ཉིན་རྡོར་གླིང་ས་གནས་བདེ་དོན་སྐལ་བཟང་ཚེ་རིང་ལགས་ནས་གནང་ཁྲིད་པའི་རང་འཚོ་བཟོ་གྲྭའི་སྨན་ཁང་གི་སྨན་པ་ཚེ་རིང་དབང་ཕྱུག་དང་འཁོར་བཅས་འདི་སློབ་ཀྱི་དགེ་ལས་སློབ་ཕྲུག་ཡོངས་ལ་གཟུགས་གཞི་བརྟག་དཔྱད་གནང་ཡོད།
ཕྱི་ལོ་༢༠༠༨ ཟླ་༡༠ ཚེས་༢༩ ནས་༣༠ བར་ཕྱོགས་བསྐྱོད་མདུན་ལམ་སློབ་སྟོན་པ་ཆོས་སྐྱིད་ལགས་ནས་ཉིན་གཉིས་རིང་འདི་ག་སློབ་གྲྭར་ཆེད་མངགས་གཟིགས་སྐོར་བསྐྱངས་ཏེ་རིག་སྟོབས་ཞན་པའི་སློབ་ཕྲུག་ངོས་འཛིན་སྟངས་དང་དེ་དག་གི་དཀའ་ངལ་སེལ་ཐབས་སྐོར་སློབ་དགེ་རྣམས་ལ་བཀའ་སློབ་གནང༌།
ཕྱི་ལོ་༢༠༠༨ ཟླ་༡༠ ཚེས་༣༠ ཉིན་རྡོར་གླིང་བདེ་དོན་སྐལ་བཟང་ལགས་དང་རང་བདེན་ཚོགས་ཆུང་གི་རྒྱུན་ལས་རྣམས་སློབ་གྲྭ་འདིར་ཕེབས་ཏེ་སློབ་གྲྭའི་ཚོགས་ཁང་དུ་སྤོག་རེ་སྦོང་མི་མང་ཡོངས་ལ་བོད་ཀྱི་ཆབ་སྲིད་སྐོར་ལམ་སྟོན་བཀའ་སློབ་དང་བསམ་འཆར་བསྡུ་ལེན་གནང༌།
བདེ་སྐྱིད་གླིང་སམ་བྷོ་ཊ་གཏན་སློབ།
དཀར་ཆག
༡། འགོ་འཛུགས།
༢། མཐུན་རྐྱེན་འཛུགས་སྐྲུན།
༣། སློབ་འཇུག་དང་ཡིག་རྒྱུགས་གནས་སྟངས།
༤། ཤེས་ཡོན་ལས་རིམ།
༥། གཞུང་འབྲེལ་འཚམས་གཟིགས།
༡། འགོ་འཛུགས།
བདེ་སྐྱིད་གླིང་ཉིན་མོའི་སློབ་གྲྭ་ནི་རྒྱ་གར་བྱང་ཕྱོགས་ཀྱི་ཨུཏ་རན་ཁན་ཌི་མངའ་སྡེའི་གྲོང་ཁྱེར་ལྡེ་ར་ལྡུན་དང་སྤྱི་ལེ་༡༠ ཡས་མས་ཀྱི་སར་ཡོད་པའི་བདེ་སྐྱིད་གླིང་བོད་མིའི་གཞིས་སྒར་དུ་ཡོད་ཅིང༌། ཐོག་མར་ཕྱི་ལོ་༡༩༨༢ ཕྱི་ཟླ་༦ ཚེས་༡ ཉིན་འབྲུག་ཡུལ་གྱི་བཙན་བྱོལ་བོད་མིའི་བུ་ཕྲུག་ཚོའི་སློབ་སྦྱོང་མཇུག་སྐྱོང་སླད་འབྲེལ་ཆགས་ནང་སྲིད་ལྷན་ཁང་གི་ས་གནས་བདེ་དོན་དངོས་གྲུབ་རྒྱལ་མཚན་ལགས་ཀྱི་གཟིགས་རྟོགས་འོག་སློབ་གྲྭ་འགོ་འཛུགས་གནང༌། དེ་ནས་ཟླ་ཤས་སོང་རྗེས། རྒྱ་གར་གོ་ལ་ཁྱོན་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་(IGSSS, Indo Global Social Service Society)རོགས་རམ་འོག་འཛིན་རིམ་ལྔ་པ་བར་གནས་སྤར་བྱས། ཕྱི་ལོ་༡༩༨༢ ཟླ་༡༠ ཚེས་༢༠ ཉིན། སློབ་གྲྭ་འདིའི་དབུ་འབྱེད་དངོས་གཞི་ཉིན། བོད་གཞུང་དབུས་དབུ་འཁྲིད་གནད་ཡོན་རྣམས་དང་ལྷན། ཨུཏ་རན་ཅལ་མངའ་སྡེའི་ནང་སྲིད་བློན་ཆེན་མཆོག་སྐུ་མགྲོན་གཙོ་བོར་ཕེབས་ཏེ་སློབ་གྲྭ་དབུ་འབྱེད་གནང༌།
སྐབས་དེར་སློབ་གྲྭ་འདིར་སློབ་ཕྲུག་གྲངས་༧༠ ནས་༨༠ ཡས་མས་དང༌། དགེ་རྒན་༥ ཡོད། སྔ་དྲོའི་ཞལ་འདོན་ནས་སློབ་ཐུན་འགོ་འཛུགས་ཀྱིས་ཕྱི་དྲོ་ཆུ་ཚོད་༤།༣༠ བར་སློབ་ཁྲིད་བསྟར་ཆགས་སུ་ཡོད་པ་མ་ཟད། སྐབས་དེའི་སློབ་ཕྲུག་རྣམས་ལ་གླུ་གཞས་དང་ལུས་རྩལ་སློབ་སྦྱོང་གི་གོ་སྐབས་ཀྱང་སྦྱོར་སྤྲོད་ཐུབ་པ་བྱུང་ཡོད། འོན་ཀྱང༌། སྐབས་དེར་སློབ་གྲྭར་ཚུགས་ཡུལ་འཛིན་ཁང་གི་མཐུན་རྐྱེན་མེད་པར་གུར་ནང་ཚུགས་ཡོད་པས། དབྱར་ཁའི་ཆར་ཞོད་ཀྱི་དུས་ཚིགས་ནང་དཀའ་ངལ་ཆེ་ཤོས་བྱུང་ཡོད།
༢། མཐུན་རྐྱེན་འཛུགས་སྐྲུན།
ཕྱིས་སུ་ཕྱི་ལོ་༡༩༨༣ ལོར་ད་ཡོད་སློབ་གྲྭའི་ས་ཐོག་ཏུ་འཛིན་ཁང་༥ དང༌། དགེ་རྒན་གྱི་ངལ་གསོ་ཁང་༡ དང་ཡིག་སྐྱེལ་དང་དྲིལ་རྡུང་པ་གཅིག་ལྕོགས་ཀྱི་སྡོད་ཁང་༡ བཅས་གསར་བཞེངས་གནང་བའི་ཐོག་སློབ་གྲྭ་གནས་སྤོས་ཐུབ་པ་བྱུང༌། སྐབས་དེའི་གཞི་རིམ་སློབ་གྲྭ་ཡིན་པ་དང་འཛིན་རིམ་ལྔ་པ་ཐོན་པའི་སློབ་ཕྲུག་རྣམས་སློབ་སྦྱོང་མཇུག་སྐྱོང་ཆེད་ལོ་ལྟར་སྤོན་ཊ་གཏན་སློབ་ཏུ་སློབ་འཇུག་གནང་འདུག ཕྱི་ལོ་༢༠༠༨ ལོར་སློབ་གྲྭ་འདིའི་སློབ་ཕྲུག་གྲངས་འབོར་༢༥༩ དང་དགེ་ལས་༢༦ ཡོད་པ་དང་ཆབས་ཅིག སློབ་ཕྲུག་གི་གྲངས་འབོར་རིམ་འཕར་དང་བསྟུན་འཛིན་ཁང་གིས་མ་འདང་བའི་དཀའ་ངལ་སེལ་ཕྱིར་ཕྱི་ལོ་༡༩༩༩ ལོར་འཛིན་ཁང་༨ དང་དཔེ་མཛོད་ཁང༌། ཤེས་ཡོན་མཁོ་སྤྲོད་ཁང༌། ཀམ་པུ་ཊར་སྦྱོང་བརྡར་ཁང༌། སློབ་གྲྭའི་ས་ཁུལ་མཐའ་མཚམས་ཡོངས་ལ་གྱང་གི་ར་བས་བརྟན་པོར་བསྐོར་ཐུབ་བྱུང་བ་དང༌། ལྷག་དོན་སློབ་གྲྭའི་མདུན་ཐང་དུ་སློབ་ཕྲུག་ཚོའི་ཆེད་སིལ་སྤོལ་རྩེད་རྭ་བཅས་གསར་རྒྱག་གིས་ཕྱི་ལོ་༢༠༠༠ ལོར་དངོས་སུ་བེད་སྤྱོད་ཐུབ་པ་བྱུང་ཡོད།
ཕྱི་ལོ་༡༩༨༧ ལོར་སློབ་གྲྭར་ཚོགས་ཁང་གསར་བཞེངས་སྐབས་སྤྱིར་བཏང་ཨར་ལས་སློབ་གྲྭའི་འཛིན་སྐྱོང་ནས་རྒྱུ་སྦྱོར་ཐོག་ས་གནས་མི་མང་ནས་རྨང་གཞིའི་ས་ཁོད་སྙོམས་པར་མཐུན་འགྱུར་རོགས་རམ་གནང༌། ཕྱོགས་མཚུངས་ཕྱི་ལོ་༡༩༨༩ ལོར་སློབ་དགེ་ནང་མིར་མཁོ་བའི་ལས་ཤག་གྲངས་༤ དང༌། འཛིན་ཁང་འཕར་མ་༣ སློབ་ཕྲུག་ཚོའི་ཆེད་དུ་གསང་སྤྱོད་གྲངས་༡༠ བཅས་གསར་རྒྱག་བྱས། དེ་བཞིན་ཕྱི་ལོ་༡༩༩༢ ལོར་སླར་ཡང་ལས་ཤག་ཁང་མིག་༦ གསར་རྒྱག་བྱས་པ་དང༌། ཕྱི་ལོ་༢༠༠༣ ལོར་སློབ་གྲྭར་འཕྲལ་སེལ་ཐབ་ཚང་ཞིག་དང་དྲིལ་རྡུང་པའི་ལས་ཤག་༡ བཅས་གསར་བཟོ་བྱས། འོན་ཀྱང༌། སློབ་གྲྭ་འདིར་སློབ་ཕྲུག་དང་དགེ་ལས་ཇེ་མང་དུ་སོང་རྐྱེན་གོང་གསལ་ཚོགས་ཁང་ཆུང་དྲགས་པ་དང་ལས་ཤག་གིས་མ་འདང་བའི་དཀའ་ངལ་སེལ་ཆེད། ཕྱི་ལོ་༢༠༠༧ ལོར་ལས་ཤག་ཚད་ལྡན་འཕར་མ་༣ དང་ས་འོག་ཆུ་མཛོད་༢ ཚོགས་ཁང་རྙིང་གཏོར་གྱི་ཤུལ་དུ་ཚོགས་ཁང་ཚད་ལྡན་ཆེན་པོ་༡ དང༌། དེའི་ཟུར་འོག་ཏུ་སློབ་ཕྲུག་ཚོའི་གསང་སྤྱོད་སྤུས་དག་༨ བཅས་ཀྱི་འཛུགས་སྐྲུན་ལེགས་གྲུབ་བྱུང༌། ཕྱི་ལོ་༡༩༩༩ ནས་༢༠༠༧ བར་གྱི་ཨར་ལས་རྣམས་རིན་གོང་བསྡུར་ཏེ་བོགས་མར་བཏང་བའི་ཐོག་མཇུག་སྒྲིལ་བྱས་ཡོད།
ཌན་མག་(SOIR-IM)རོགས་ཚོགས་ཀྱི་རོགས་སྐྱོར་འོག་སམ་བྷོ་ཊ་སྤྱི་ཁྱབ་འཛིན་སྐྱོང་ཡིག་ཚང་གིས་ཕྱི་ལོ་༢༠༠༣ ལོར་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་གི་བཀའ་འབྲེལ་སྐད་ཡིག་སྦྱོང་བརྡར་ཁང་གསར་འཛུགས་ཐོག་རྩིག་བརྙན་འཕྲུལ་འཁོར། ཀམ་པུ་ཊར་སྦྱོང་བརྡར་ཁང༌། འཕྲུལ་དཔར་དང་མྱུར་འཕྲིན། དྲ་རྒྱ་སོགས་ཀྱི་མཐུན་རྐྱེན་མཁོ་སྤྲོད་གནང༌།
ཕྱི་ལོ་༢༠༠༥ ལོར་ནོར་ཝེ་རོགས་ཚོགས་(NCA)སོགས་ཀྱིས་རོགས་སྐྱོར་འོག་སམ་བྷོ་ཊ་དབུས་ཡིག་ཚང་བརྒྱུད་སློབ་གྲྭ་འདིའི་སློབ་མ་ཚོའི་ཀམ་པུ་ཊར་སློབ་སྦྱོང་གི་དམིགས་སྒོར་ཀམ་པུ་ཊར་གསར་གཟིགས་རོགས་རམ་གནང་ཡོད།
ཕྱི་ལོ་༢༠༠༦ ལོར་སློབ་གྲྭའི་ཚོགས་ཁང་ཚད་ལྡན་༡ དང་འཁྲབ་སྟོན་གྲ་སྒྲིག་ཁང་༢ དེ་བཞིན་སློབ་ཕྲུག་ཕོ་མོའི་གསང་སྤྱོད་མཉམ་སྦྱར་བཅས་ཀྱི་ཨར་ལས་འགོ་འཛུགས་ཀྱིས་ད་ཆ་ཨར་འཛུགས་སྐྲུན་ཁག་གི་ལས་མཇུག་བསྒྲིལ།
ཕྱི་ལོ་༢༠༠༧།༢༠༠༨ ལོར་སློབ་གྲྭའི་ནང་ཆུ་མཛོད་དང་དགེ་རྒན་ལས་ཤག་འཕར་མ་གསར་རྒྱག་ཆེད་ཌན་མག་བྱིས་པའི་རོགས་ཚོགས་(Danish Children’s Fund)་རོགས་དངུལ་སྒོར་༡༠༡༡༠༢༢ གནང་འབྱོར་བྱུང་བ་འགྲོ་གྲོན་བཏང་སྟེ་ལས་གཞི་ལག་བསྟར་ལེགས་གྲུབ་བྱུང་ཡོད།
ཕྱི་ལོ་༡༩༨༩ ལོར་དཔལ་ལྡན་ཤེས་རིག་ལས་ཁུངས་ནས་སློབ་གྲྭ་འདིར་འཛིན་ཆས་ཁ་གསར་ཉོ་སྒྲུབ་ཀྱིས་མཁོ་འདོན་གནང་ཡོད་པ་དང༌། ཕྱི་ལོ་༢༠༠༠ ལོར་གོང་གསལ་འཛིན་ཁང་གསར་རྒྱག་ལ་མཁོ་བའི་འཛིན་ཆས་ཁག་གསར་བཟོ་ཐུབ་པ་བྱུང་ཡོད།
བོད་དང་གནས་ཡུལ་རྒྱལ་ཁབ་ཀྱི་དུས་ཆེན་གལ་ཆེན་ཁག་བརྩི་སྲུང་དང༌། གནས་ཡུལ་གཞིས་སྒར་གྱི་སྤྱི་ཚོགས་མཛད་སྒོར་འཛུལ་ཞུགས་ཆེད་དུས་རྒྱུན་གཞས་དང་ཞབས་བྲོ། གཏམ་བརྗོད་སོགས་སྦྱོང་བརྡར་དང་འཁྲབ་སྟོན་གཟིགས་འབུལ་ཆེད་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་བརྒྱུད་འཁྲབ་ཆས་དང་གྱོན་ཆས་འདྲ་མིན་རྣམ་གྲངས་༤༧༣ ལྷག་དང༌། སྒྲ་སྙན་དང་པི་ཝང༌། རྔ་ཆེ་ཆུང༌། རྒྱུད་མངས། སྦུག་ཆལ། གླིང་བུ་སོགས་རོལ་ཆ་༡༣༨ ལྷག་བཅས་ཡོད།
ལྷག་པར་སློབ་གྲྭ་འདི་འབྲིང་རིམ་སློབ་གྲྭ་ཆགས་རྗེས་ཤེས་ཡོན་སྦྱོང་བརྡར་སྡེ་ཚན་ཀམ་པུ་ཊར་སྦྱོང་བརྡར་ཁང་དང༌། དཔེ་མཛོད་ཁང༌། ཚན་རིག་བརྟག་དཔྱད་ཁང༌། སློབ་ཁྲིད་ཡོ་ཆས་བཟོ་སྐྲུན་ཁང༌། སྐད་ཡིག་སྦྱོང་བརྡར་ཁང༌། རོལ་དབྱངས་ཁང༌། ཀམ་པུ་ཊར་༢༣ ཡོད་པའི་སྦྱོང་བརྡར་ཁང༌། རྩེད་རིགས་ཁང་བཅས་ཀྱི་མཐུན་རྐྱེན་ཚང་བའི་ཐོག་སློབ་ཕྲུག་རྣམས་ཀྱི་ཕྱི་ནང་ཤེས་ཡོན་གོང་འཕེལ་སླད་ཕན་ཐོགས་དང་དགེ་མཚན་ཆེན་པོ་བྱུང་ཡོད། ཁྱད་པར་སློབ་ཕྲུག་ཚོའི་སྐད་ཡིག་སྦྱོང་བརྡར་དང༌། ཀམ་པུ་ཊར་བཀོལ་སྤྱོད་ཀྱི་ནུས་རྩལ་ཐད་གྲུབ་འབྲས་མི་དམན་པ་བྱུང་ཡོད།
༣། སློབ་འཇུག་དང་ཡིག་རྒྱུགས་གནས་སྟངས།
ཕྱི་ལོ་༡༩༨༢ ལོར་སློབ་གྲྭ་འགོ་ཚུགས་པ་ནས་ཕྱི་ལོ་༡༩༩༣ ལོར་འདི་ག་སློབ་གྲྭར་འཛིན་རིམ་༦ པ་ནས་འགོ་འཛུགས་ཀྱིས་འབྲིང་རིམ་སློབ་གྲྭ་ཆགས་པ་དང༌། ཕྱི་ལོ་༡༩༩༥ ལོར་འཛིན་རིམ་བརྒྱད་པ་ཐོན་ཐེངས་ཐོག་མར་ཚུགས་ཐུབ་པ་དང་ད་བར་སློབ་ཕྲུག་འཛིན་གྲྭ་༨ མཐའ་འཁྱོལ་ཐུབ་པའི་སློབ་ཕྲུག་གྲངས་༢༦༤ བྱུང་ཡོད།
ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་སྡོམ་རྩིས་བྱས་པ་ལྟར་ན། ལོ་དེར་སློབ་གྲྭ་འདིར་སློབ་ཕྲུག་བུ་༡༥༡ དང་བུ་མོ་༡༢༩ བཅས་བསྡོམས་༢༨༠ ཡོད་པ་ཚང་མ་ཉིན་སློབ་ཡིན་ཞིང༌། དགེ་རྒན་༢༣ དང་ལས་བྱེད་༤ བཅས་ཁྱོན་བསྡོམས་དགེ་ལས་༢༧ ཡོད།
ཕྱི་ལོ་༡༩༩༡ ནས་ཕྱི་ལོ་༢༠༠༩ བར་འདས་པའི་ལོ་ངོ་༢༡ རིང་སློབ་མའི་གྲངས་འབོར་འཕར་ཆག་སྣ་ཚོགས་བྱུང་ཡོད་པའི་སློབ་འཇུག་གནས་སྟངས་གཤམ་གསལ།
ཕྱི་ལོ་༡༩༩༢ ནས་༢༠༠༨ བར་འདས་པའི་ལོ་ངོ་༡༧ རིང་སློབ་གྲྭ་འདིའི་སྔོན་འགྲོ་ནས་འཛིན་རིམ་བརྒྱད་པ་བར་གྱི་སྤྱི་ཡོངས་ལོ་འཁོར་ཡིག་རྒྱུགས་ཀྱི་གྲུབ་འབྲས་གནས་སྟངས་གཤམ་གསལ།
གོང་གསལ་ནང་ཕྱི་ལོ་༡༩༩༢ ནས་༡༩༩༤ བར་འཛིན་རིམ་བརྒྱད་པ་བཙུགས་མེད་ལ། དེ་བཞིན་ཕྱི་ལོ་༡༩༩༢ ནས་༡༩༩༦ བར་སྔོན་འགྲོ་དང་པོ་དང༌། ཕྱི་ལོ་༡༩༩༥ དང་༡༩༩༦ ལོར་སྔོན་འགྲོ་གཉིས་པ་བྱུང་མེད།
༤། ཤེས་ཡོན་ལས་རིམ།
ཕྱི་ལོ་༢༠༠༤ ཟླ་༡༠ པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་སྤྱི་མོས་གཏན་འབེབས་གནང་རྗེས། བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་ཐུགས་ཁུར་ཆེ་བཞེས་ཀྱིས་རྒྱ་བལ་འབྲུག་གསུམ་གྱི་དགེ་ལས་ཕལ་ཆེ་བར་སྲིད་བྱུས་ཀྱི་ནང་དོན་དང་ལག་བསྟར་བྱེད་ཕྱོགས་དུས་ཐུང་ཟབ་སྦྱོང་རིམ་ཅན་དུ་གོ་སྒྲིག་གནང་བ་དང༌།
དེ་མཚུངས་ཕྱི་ལོ་༢༠༠༦ ནས་བཟུང་སམ་བྷོ་ཊ་སྤྱི་ཁྱབ་འཛིན་སྐྱོང་ཡིག་ཚང་ཁྱབ་ཁོངས་འོག་ཡོད་པའི་སློབ་ཁག་ཡོངས་སུ་སྲིད་བྱུས་དགོངས་དོན་ལག་བསྟར་འགོ་འཛུགས་དང་སྦྲགས། སློབ་གྲྭ་འདིར་ཡང་རང་གཞུང་གིས་ཤེས་ཡོན་ཁྲིམས་གཞིའི་དགོངས་དོན་གཞིར་བཟུང་དེ་སྔའི་གནས་སྟངས་བཞིན་སློབ་མ་དབུས་བཞག་གི་ལམ་ཕྱོགས་ལ་བསྐྱར་ཞིབ་ཀྱིས། བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་ལམ་སྲོལ་གྱི་ལེགས་ཆ་སྟེ་སློབ་གྲྭའི་ནང་ཆེས་རྩ་ཆེ་ཞིང་གུས་ཞབས་དང་མཐོང་ཆེན་བྱ་ཡུལ་ནི་དགེ་རྒན་ཡིན་ཞིང༌། ཤེས་ཡོན་གྱི་འབྱུང་ཁུངས་ཡིན་པའི་ཆ་ནས་དགེ་རྒན་གཙོ་བཞག་བྱ་རྒྱུ་དང༌། དུས་རྒྱུན་སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་སློབ་ཕྲུག་གི་གནས་སྟངས་གཙོ་བོར་འཛིན་གལ་ཆེ་བར་བརྟེན་སློབ་མ་དབུས་བཞག་གི་ལམ་སྲོལ་བཅས་དགེ་སློབ་ཟུང་འབྲེལ་གྱི་ལྟ་གྲུབ་ལག་བསྟར་བྱས་པའི་མཇུག་འབྲས་སུ། དེང་གི་སློབ་མ་རྣམས་སྔར་དང་མི་འདྲ་བར་དགེ་རྒན་དང་རྒན་པར་འཇིགས་སྣང་དང་བློ་ཞུམ་པའི་ཉམས་སྣང་མེད་པའི་རང་དབང་ངང་རིང་གི་ཤེས་ཡོན་སློབ་གཉེར་གྱི་ཁོར་ཡུག་བསྐྲུན་སླད་ཐབས་རྩལ་གང་ཡོད་འདོན་རྒྱུའི་གོ་སྐབས་བསྐྲུན་ཐུབ་པའི་དམིགས་བསལ་དགེ་མཚན་བྱུང་ཡོད།
འོན་ཀྱང༌། དེང་དཔལ་འབྱོར་གོ་ལ་གཅིག་གྱུར་དང་བག་མེད་ལོངས་སྤྱོད་དང་འདོད་སྲེད་ཀྱི་ཁོར་ཡུག་ཤུགས་རྐྱེན་འོག རང་ཅག་སློབ་མ་ཚོའི་སློབ་གྲྭའི་ཕྱི་ནང་གི་ཀུན་སྤྱོད་ཀྱང་རིམ་གྱིས་ཉམས་ཆག་འགྲོ་མུས་དང་ཆབས་ཅིག དུས་རྒྱུན་སློབ་གཉེར་གྱི་དམིགས་ཡུལ་དང་སྤུས་ཚད་ལའང་འཐུས་ཤོར་འགྲོ་མུས་སུ་སྣང་ནའང༌། ཕྱི་ལོ་༢༠༠༤ ཟླ་༩ པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་སྤྱི་མོས་གཏན་འབེབས་གནང་བ་དང༌། དཔལ་ལྡན་བོད་གཞུང་ཤེས་རིག་ལས་ཁུངས་ནས་བཞུགས་སྒར་དྷ་སར་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་གསར་འཛུགས་ཀྱིས་སྲིད་བྱུས་ཀྱི་འབྲུ་དོན་མ་ལུས་ལག་བསྟར་གནང་བའི་གྲུབ་འབྲས་བཟང་པོ་འབྲེལ་ཡོད་དགེ་ལས་གཟིགས་སྐོར་སྐབས་དང༌། གསར་ཤོག་སོགས་སུ་མཐོང་གསལ་ལྟར་སྤྲོ་བ་དང་ཡིད་ཆེས་རབ་ཏུ་རྒྱས་ཤིང༌། ལྷག་པར་ཕྱི་ལོ་༢༠༠༦ ནས་བཟུང་སམ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཡོངས་ནས་ཤེས་ཡོན་སྲིད་བྱུས་ལག་བསྟར་འགོ་འཛུགས་ཞུས་ཡོད་པས། རིམ་པས་གོང་གསལ་ཞན་ཆ་འདི་རིགས་སྐྱོན་སེལ་དགེ་འདོན་གྱིས་འབྱུང་འགྱུར་འོད་སྟོང་འབར་བའི་མདུན་ལམ་དུ་བསྐྱོད་པའི་རེ་བ་དང་ཡིད་ཆེས་བརྟན་པོ་ལྡན་ཞིང༌། ལྷག་དོན་དུ་གཞུང་འབྲེལ་མི་སྣ་ཆེ་ཁག་གིས་སློབ་གྲྭར་གཟིགས་སྐོར་ཐོག་གནང་བའི་ཤེས་ཡོན་སོགས་དང་འབྲེལ་བའི་རྩ་ཆེའི་བཀའ་སློབ་རྣམས་སློབ་ཕྲུག་ཚོའི་མི་ཚེའི་ནང་ཕན་རླབས་ཆེ་བ་དེ་དོན་སྙིང་བཅངས་ཀྱིས་བསམ་ཤེས་བག་ཡོད་ཐོག་གནས་དང་གནས་མུས་ཡིན་པ་བཅས་སོ། །
སློབ་གྲྭ་འདི་མངའ་སྡེ་དང་བོད་སློབ་ནང་ཁུལ་རྩེད་འགྲན་དང་རིག་གཞུང་ལས་རིམ་ཁྲོད་དུ་དང་དོད་ཆེན་པོས་འཛུལ་ཞུགས་བྱས་ཏེ་གྲུབ་འབྲས་བཟང་པོ་ཐོབ་ཡོད། དཔེར་ན། ཕྱི་ལོ་༢༠༠༡ ལོར་ལྡེ་ར་ལྡུན་དུ་ཀར་མན་སློབ་གྲྭས་གོ་སྒྲིག་བྱས་པའི་སློབ་གྲྭ་༢༧ འཛུལ་ཞུགས་བྱས་པའི་ཀར་བྷ་རི་སློབ་ཕྲུག་གཞོན་པའི་རྐང་སྤོལ་འགྲན་ཚོགས་ནང༌། བདེ་སྐྱིད་གླིང་སློབ་གྲྭས་བྱ་དགའ་ཨང་དང་པོ་ཐོབ་ཅིང༌། སློབ་ཕྲུག་བསྟན་འཛིན་ཡོན་ཏན་ལ་ཕུལ་བྱུང་རྩེད་འགྲན་པའི་བྱ་དགའ་ཐོབ།
ལོ་རེར་བོད་གཞུང་སློབ་གྲྭ་སྤྱི་མཚུངས་བཞིན་བུམ་སྐྱོན་གསུམ་བྲལ་གྱི་སློབ་ཕྲུག་བུ་༡ དང་བུ་མོ་༡ བཅས་འདེམས་སྒྲུག་བྱེད་མུས་ཡིན་ལ། ཕྱི་ལོ་༢༠༠༨ ལོར་སློབ་ཕྲུག་བུ་བསྟན་འཛིན་བློ་ལྡན་དང༌། བུ་མོ་བདེ་སྐྱིད་དབྱངས་འཛོམས་གཉིས་ལ་བུམ་སྐྱོན་གསུམ་བྲལ་གྱི་བྱ་དགའ་དང་ལག་འཁྱེར་གསོལ་རས་གནང༌།
༥། གཞུང་འབྲེལ་འཚམས་གཟིགས།
ཕྱི་ལོ་༢༠༠༦ ཟླ་༡༡ ཚེས་༢༠ ནང་ཤེས་རིག་ལས་ཁུངས་ཀྱི་དྲུང་ལས་བསྟན་འཛིན་བློ་གསལ་དང༌། དྲུང་ལས་སྐལ་བཟང་རིན་ཆེན་རྣམ་གཉིས་སློབ་གྲྭ་འདིར་སྤྱི་ཡོངས་ཤེས་ཡོན་རྟོག་ཞིབ་དང་འབྲེལ་ཨིན་ལན་བོད་ཀྱི་ཐེབས་རྩའི་རོགས་དངུལ་ལས་འཆར་ལ་དམིགས་བསལ་རྟོག་ཞིབ་གནང༌།
ཕྱི་ལོ་༢༠༠༨ ཟླ་༡༠ པའི་ནང་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཆེད་ཕེབས་ཀྱིས་དགེ་སློབ་སྤྱི་ལ་གཞི་རིམ་སློབ་གྲྭའི་ནང་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་སྟངས་སྐོར་གཟིགས་ཞིབ་དང་འབྲེལ་ལམ་སྟོན་ཞིབ་རྒྱས་གནང༌།
ཤིས་ལོངས་སམ་བྷོ་ཊ་གཏན་སློབ།
དཀར་ཆག
༡། འགོ་འཛུགས།
༢། མཐུན་རྐྱེན་འཛུགས་སྐྲུན།
༣། སློབ་འཇུག་དང་ཡིག་རྒྱུགས་གནས་སྟངས།
༤། ཤེས་ཡོན་ལས་རིམ།
༥། གཞུང་འབྲེལ་འཚམས་གཟིགས།
༡། འགོ་འཛུགས།
ཤིས་ལོངས་སློབ་གྲྭ་འདི་ནི་རྒྱ་གར་ཤར་ཕྱོགས་ཀྱི་མངའ་སྡེ་མཱ་གྷ་ལ་ཡའི་(Meghalaya State) ཁོངས་ཀྱི་ཤིས་ལོངས་སྟོད་ཁུལ་(Upper Shillong)དུ་ཆགས་ཡོད། སློབ་གྲྭ་འདི་ཉིད་ཐོག་མའི་ཆར་དགེ་ཆེ་དང༌། ས་གནས་ཕ་མའི་འཐུས་ཚབ་བཅས་ནས་ཕྱི་ལོ་༡༩༨༡ ཟླ་༦ ཚེས་༡༤ ཉིན་གསར་འཛུགས་གནང་ཞིང༌། སྐབས་དེར་སློབ་ཕྲུག་གྲངས་༧༢ དང་དགེ་ལས་གྲངས་༤ བཅས་ཡོད།
ཕྱི་ལོ་༢༠༠༨ ལོའི་ནང་ད་ཡོད་ཞག་སྡོད་སློབ་ཕྲུག་གྲངས་༨༠ དང་ཉིན་སློབ་གྲངས་༡༣ བཅས་ཁྱོན་སློབ་ཕྲུག་གྲངས་༩༣ དང༌། དགེ་ལས་གྲངས་༡༨ ཡོད།
༢། མཐུན་རྐྱེན་འཛུགས་སྐྲུན།
སམ་བྷོ་ཊ་ཤིས་ལོངས་གཏན་སློབ་འདི་ཉིད་བཙུགས་ནས་ད་བར་ལོ་ངོ་༢༧ ལྷག་ཙམ་སོང་ཡོད། སློབ་གྲྭའི་ས་ཆ་རྣམས་བྷེང་ལོར་སྤྱི་ཚོགས་བདེ་དོན་ཡར་རྒྱས་(MYRADA)ཚོགས་པས་ཤིས་ལོངས་ཕ་མའི་ཚོགས་མི་དང་ས་གནས་ཡུལ་མི་མང་ཚོགས་ཆེད་སྐོང་ཐོག་ལོ་ངོ་༩༩ རིང་བོགས་མར་(lease)སྤྲད་ཡོད་ཅིང༌། ཤིས་ལོངས་ས་གནས་ཁ་འཐོར་བོད་མི་བུ་ཕྲུག་རྣམས་ཆེད་ཐོག་མ་སློབ་གྲྭ་དེ་གསར་འཛུགས་བྱས།
དེ་ནས་རིམ་བཞིན་རྒྱ་གར་བྱང་ཤར་མངའ་སྡེའི་ཕྱོགས་མཐའ་ཁག་ནས་བོད་མི་ཁ་འཐོར་རྣམས་ཀྱི་བུ་ཕྲུག་མང་ཆེ་བར་རང་རེའི་རིག་གཞུང་བཟང་པོ་འདི་བཞིན་རྩ་བརླག་ཏུ་འགྲོ་ངེས་དཀའ་གནད་ཤེས་རྟོགས་ཀྱིས་གོང་རིམ་གྱི་བཀའ་འབྲེལ་བཞིན་ཐོག་མར་ཞག་སྡོད་ཉལ་ཁང་ཞིག་གསར་རྒྱག་གྲུབ་བསྟུན་བུ་ཕྲུག་གྲངས་༥༢ ཙམ་གཏན་སྡོད་བཀོད་སྒྲིག་ལེགས་པར་བྱས་ཤིང༌། དེ་རྗེས་ཕྱི་ལོ་༡༩༩༡ ཟླ་༧ ཚེས་༡ ཉིན་བྷེང་ལོར་སྤྱི་ཚོགས་བདེ་དོན་ཡར་རྒྱས་(MYRADA)ཚོགས་པའི་ཚོགས་གཙོ་སྐུ་ཞབས་སི་ནེ་ཛེ་(Col. Snaize)སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས་དབུ་འབྱེད་གནང་བ་དང༌། རང་གཞུང་ཤེས་རིག་ལྷན་ཁང་ནས་རོགས་དངུལ་ཐད་གཏོང་གནང་བ་བཞིན། སློབ་གྲྭའི་ཉལ་ཁང་དང་འཛིན་ཚོགས་དེ་བཞིན་ཡིག་ཚང་དང་གསོལ་ཐབ་ཁང་གཞན་ཡང་ལས་ཤག་འཛིན་ཆས་སོགས་གང་དགོས་མཁོ་སྒྲུབ་ཀྱིས་གང་ཅིའི་མཐུན་རྐྱེན་ཡར་རྒྱས་ཆེན་པོ་བྱུང༌།
ཕྱི་ལོ་༢༠༠༦ ལོར་ཨའེ་ཨེམ་(SOIR-IM)རྒྱརོགས་ཚོགས་ཀྱི་དཔལ་འབྱོར་རོགས་རམ་འོག་སློབ་གྲྭ་འདིར་ཛ་དྲག་དགོས་མཁོ་ཆེ་བའི་ལས་ཤག་གསར་རྒྱག་གི་ལས་གཞི་འགོ་འཛུགས་ཀྱིས་ཁང་མིག་གཅིག་ཅན་གྱི་ལས་ཤག་༡༡ དང༌། ཁྱིམ་ཚང་ཁང་མིག་༤ སྐུ་མགྲོན་ཁང་༢ སྤྱི་ཐབ་༡ བཅས་ལེགས་གྲུབ་བྱུང༌།
ལོ་དེའི་ཟླ་༤ པར་ཕ་རན་སིའི་(AET)རོགས་ཚོགས་ཀྱི་རོགས་རམ་འོག་སློབ་གྲྭའི་གསོལ་ཐབ་ཁང་དང༌། གཉེར་ཁང༌། རྡོ་ཞུན་རླངས་སྣོད་གསོག་ཉར་ཁང་བཅས་གསར་རྒྱག་གནང་བ་ལེགས་གྲུབ་བྱུང་བས། སློབ་ཕྲུག་ཚོའི་གསོལ་ཚིགས་དང་འབྲེལ་བའི་འཕྲོད་བསྟེན་དང་ཉེན་སྲུང་གི་བྱ་བ་ཚགས་ཚུད་བྱུང༌།
ལོ་རེར་རྒྱ་བོད་ཀྱི་དུས་ཆེན་དང་སློབ་གྲྭའི་དུས་དྲན་མཛད་སྒོ། སློབ་མ་ཚོའི་སློབ་སྦྱོང་བཅས་ཆེད་རིག་གཞུང་འཁྲབ་སྟོན་ཆེད་སློབ་གྲྭའི་རོལ་ཆ་ཁང་གི་ནང་སྒྲ་སྙན་དང༌། པི་ཝང༌། རྔ་ཆེན། རྒྱུད་མངས། སྦུག་ཆལ་སོགས་སྲོལ་རྒྱུན་རོལ་ཆ་སྣ་འདང་ངེས་ཐོག བོད་ཀྱི་ཡུལ་ལུང་སོ་སོའི་སྲོལ་རྒྱུན་གྱོན་ཆས་དང༌། འཁྲབ་ཆས་ཁྱོན་བསྡོམས་རྣམ་གྲངས་༣༠༠ ལྷག་ཡོད་པ་དུས་ཆེན་དང་མཛད་སྒོའི་སྐབས་བཀོལ་སྤྱོད་བྱེད་མུས་ཡིན།
ད་ལྟ་ཉིན་སློབ་འདིར་འཛིན་ཁང་༦ དང༌། དཔེ་མཛོད་ཁང་༡ ཀམ་པུ་ཊར་༡༠ ཚོགས་ཁང་༡ སྨན་ཁང་༡ ཡིག་ཚང་༡ བཅས་ཡོད་ཅིང༌། སྔོན་འགྲོ་དང་པོ་ནས་འཛིན་རིམ་ལྔ་པ་བར་ཁྱོན་བསྡོམས་སློབ་ཕྲུག་༩༣ དང༌། དགེ་ལས་༡༨ བཅས་ཡོད།
༣། སློབ་འཇུག་དང་སློབ་ཐོན།
ཕྱི་ལོ་༡༩༨༩ ནས་༢༠༠༩ བར་ཤིས་ལོངས་སློབ་གྲྭའི་སློབ་ཕྲུག་གྲངས་འབོར་གནས་སྟངས་གཤམ་གསལ།
ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་སྡོམ་རྩིས་བྱས་པ་ལྟར་ན། ལོར་དེར་སློབ་གྲྭ་འདིར་སློབ་ཕྲུག་བུ་༤༡ དང་བུ་མོ་༦༠ བཅས་ཁྱོན་བསྡོམས་སློབ་ཕྲུག་༡༠༡ ཡོད་པའི་ནང་གཏན་སློབ་༨༧ དང་ཉིན་སློབ་གྲངས་༡༤ ཡོད། བོད་རིགས་སློབ་ཕྲུག་༩༩ དང་མ་ཡིན་པའི་སློབ་ཕྲུག་༢ ཡོད། དགེ་རྒན་༡༠ དང་ལས་བྱེད་༩ བཅས་ཁྱོན་བསྡོམས་དགེ་ལས་༡༩ ཡོད།
ཤིས་ལོངས་སློབ་གྲྭ་ཐོག་མར་ཚུགས་པ་ནས་བཟུང་ཕྱི་ལོ་༢༠༠༨ བར། སློབ་གྲྭ་དེའི་འཛིན་གྲྭ་མཐའ་འཁྱོལ་བའི་སློབ་ཕྲུག་གྲངས་༣༠༠ ལྷག་ཙམ་བྱུང་ཡོད། ཕྱི་ལོ་༢༠༠༣ ལོར་བུ་ཕྲུག་ཤསྟྲི་ལགས་ཀྱིས་སློབ་གྲྭའི་དགེ་ཆེའི་ལས་འགན་བཞེས་སྐབས། འཛིན་རིམ་ལྔ་པའི་རྒྱུགས་འཕྲོད་བརྒྱ་ཆ་༩༢་༥༥ ལོན་ཡོད།
༤། ཤེས་ཡོན་སྲིད་བྱུས་ལག་བསྟར།
ཉེ་བའི་ལོ་ཤས་རིང༌། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ལྟར་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་གཏན་འབེབས་ལག་བསྟར་བྱས་པ་ནས་བཟུང༌། ཤིས་ལོངས་གཏན་སློབ་འདིའི་རྒྱུན་མཁོའི་གནས་སྟངས་ལ་ཁྱད་པར་ཧ་ཅང་ཆེན་པོ་ཐོན་ཐུབ་པ་བྱུང་ཡོད། དཔེར་ན་བོད་ཡིག་གནས་ཚད་དང་འབྲི་ཀློག་ཐད་ཞུས་པ་ཡིན་ན། སློབ་གྲྭའི་བོད་ཡིག་གནས་ཚད་སྤྱི་དང་ཁྱད་པར་ཡིག་གཟུགས་འབྲི་སྟངས་ཉམས་ཞན་དུ་མི་འགྲོ་སླད། སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་ནས་ཐུགས་འཁུར་ཆེ་བཞེས་ཐོག་སྤྱི་ཁྱབ་ཡིག་ཚང་གི་ལས་བྱེད་བསྟན་འཛིན་དབང་འདུས་ལགས་ཕྱི་ལོ་༢༠༠༦ ལོའི་ནང་འདི་གར་སློབ་གྲྭ་འདིར་ཆེད་ཕེབས་ཀྱིས་སྔོན་འགྲོའི་ལས་རིམ་དུ་དགེ་ལས་ཡོངས་ལ་སྦྱང་ཤིང་སྟེང་ཡིག་གཟུགས་འབྲི་སྦྱོང་དང༌། སྦྱང་ཤིང་བཟོ་སྟངས་སོགས་དགོས་ངེས་ཆ་རྐྱེན་སྐྲུན་སྟངས་ཀྱི་ཟབ་འཁྲིད་དང་ལམ་སྟོན་འཐུས་ཚང་གནང༌། ཕྱི་ལོའི་སློབ་དུས་གསར་པ་མ་འཆར་གྱི་བར་དུ་འབྲེལ་ཡོད་དགེ་ལས་རྣམས་ནས་སྔ་དགོང་གི་དུས་ཚོད་ངེས་ཅན་ཞིག་ཟུར་འདོན་གྱིས་ཡིག་གཟུགས་འབྲི་སྦྱོང་གནང་དགོས་ལུགས་དང༌། གཞན་མཁོ་ཆས་ཁག་གྲ་སྒྲིག་ཨང་གསར་ཐོག་ཕྱི་ལོ་༢༠༠༧ ལོའི་སློབ་དུས་གསར་པ་ནས་སྦྱང་ཤིང་སྟེང་ཡིག་གཟུགས་སྦྱོང་བརྡར་བྱ་རྒྱུའི་ལས་རིམ་དངོས་སུ་ལག་བསྟར་བྱ་གཏན་འཁེལ་ཟིན་པ་གནང་དགོས་རྒྱུ་ལམ་སྟོན་གནང་བ་གཞི་བཟུང་ལག་བསྟར་བྱེད་ཐུབ་པ་བྱུང་ཡོད་པ་མ་ཟད་ལས་རིམ་འདི་བཞིན་མུ་མཐུད་རྒྱན་འཁྱོངས་ཀྱིས་སློབ་མའི་ཐོག་འབབ་ཐུབ་ཆེད་འདི་གའི་སློབ་གྲྭའི་འགན་འཛིན་ནས་རྐང་འགན་འཁུར་བཞིན་ཡོད།
ད་ཆ་སློབ་མ་ཕལ་ཆེའི་བོད་ཡིག་གནས་ཚད་སྤྱི་དང་ཁྱད་པར་ཡིག་གཟུགས་འབྲི་སྟངས་ཐོག་ཡར་རྒྱས་ཁ་བཤད་ཙམ་མ་ཡིན་པའི་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་མིག་མཐོང་ལག་ཟིན་བྱུང་ཡོད། སློབ་ཚན་རྣམས་མི་རིགས་རང་ཉིད་ཀྱི་སྐད་ཡིག་ཐོག་ཡོད་སྟབས་སློབ་མ་རྣམས་ནས་སློབ་ཚན་སྦྱོང་སྐབས་དོན་རྟོགས་རྒྱུ་ལས་སླ་བ་དང་ཡི་གེ་འབྲི་ཀློག་དང་སྒྲ་གདངས་དག་ཆ་གང་ཅིར་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་མ་ཟད། གཞས་སྣ་དང་རོལ་ཆ་སོགས་ཞེད་སྣང་དང་འཚེར་སྣང་མེད་པར་རང་ཉིད་ཀྱི་བློ་འདོད་བཞིན་སྤྲོ་སྣང་ངང་སྦྱང་འདོད་ཀྱི་གོམས་གཤིས་བཟང་པོ་འཕེལ་ཐུབ་པའི་རྒྱུན་མཁོའི་གནས་སྟངས་དངོས་གྲུབ་འབྲས་ལེགས་པོ་ཐོན་ཐུབ་པ་བྱུང་ཡོད།
སློབ་ཕྲུག་ཚོར་བཟང་པོའི་ཡོན་ཏན་བསླབ་པར་ཐོག་མར་དགེ་རྒན་རང་ཉིད་ཀྱིས་མིག་དཔེ་གསོན་པོ་སྟོན་གལ་ཆེ་བ་དང༌། དེ་ཡང་དེང་སྐབས་དགེ་སློབ་དབར་གྱི་དམ་ཚིག་བརྩེ་དུང་ཉམས་ཞེན་འགྲོ་བ་འདི་ཉིད་སྤྱི་ཚོགས་ནང་ཡ་རབས་བཟང་སྤྱོད་སླར་གསོ་ཡོང་ཐབས་ཀྱི་གནད་འགག་ཅིག་ལ་ངོས་འཛིན་གྱིས། སློབ་གྲྭ་འདིས་གནད་དོན་འདིའི་ཐད་དམིགས་བསལ་ཐུགས་སྣང་གིས་བོད་རང་གི་སྲོལ་རྒྱུན་ཁྲོད་དགེ་སློབ་དབར་དམ་ཚིག་བསྲེས་སླད་མེད་པ་དགོས་པ་ལྟར་དམ་འཛིན་གྱིས་དེང་སྐབས་དགེ་སློབ་གཉིས་དབར་གྱི་འབྲེལ་ལམ་སྔར་ལས་བཟང་དུ་ཕྱིན་ཡོད་པ་མ་ཟད། སློབ་མ་ཚོས་རང་ཉིད་དཀའ་ངལ་གང་ཡོད་ཞེད་སྣང་མེད་པར་བཤད་ཐུབ་པ་དང་དུས་རྟག་ཏུ་སློབ་སྦྱོང་སྦྱང་རྒྱུར་སྤྲོ་སྣང་དང་ལྷག་པར་སློབ་ཚན་བོད་ཡིག་ཐོག་ལུས་ངག་ཡིད་
གསུམ་ནས་དོ་སྣང་གི་གོམས་གཤིས་ཤུགས་ཆེ་འཕེལ་ཡོད།
༥། གཞུང་འབྲེལ་འཚམས་གཟིགས།
ཤིས་ལོངས་གཏན་སློབ་འདིར་དུས་ནས་དུས་སུ་བཙན་བྱོལ་དབུས་གཞུང་ཤེས་རིག་ལས་ཁུངས་ཀྱི་དབུ་འཁྲིད་དང་ཤེས་ཡོན་ལས་འཛིན་མི་སྣ་དང༌། སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་གི་འགོ་ལས། གཞན་ཡང་ཕྱི་ནང་གི་མཁས་པ་དང་བླ་སྤྲུལ་རྣམ་པ་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་གཟིགས་སྐོར་དང་རྟོག་ཞིབ་ཆེད་རིམ་ཕེབས་ཀྱིས་སློབ་གྲྭའི་འཛིན་སྐྱོང་དང་ཤེས་ཡོན་ཐོག་བཀའ་སློབ་ལམ་སྟོན་དོན་ཕན་ལྡན་པ་མང་དུ་གནང་བ་སྐབས་འཕྲལ་སོ་སོར་བསྐྱར་ཞིབ་སློབ་སྦྱོང་དང་བགྲོ་གླེང་སྤེལ་ཞིང༌། ཉེ་བའི་ལོ་ཤས་ནང་སློབ་གྲྭ་འདིར་གཞུང་འབྲེལ་འཚམས་གཟིགས་ཅི་གནང་ལས་རེ་ཟུང་ཞིག་ཞུས་ན།
ཕྱི་ལོ་༢༠༠༥ ཟླ་༡༡ པའི་ཟླ་དཀྱིལ་དུ་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་དང༌། སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་འགན་འཛིན་ཀརྨ་ཆུང་བདག་གཉིས་སློབ་གྲྭ་འདིར་ཆེད་ཕེབས་ཀྱིས་ལོ་འཁོར་ཤེས་ཡོན་རྟོག་ཞིབ་གནང༌།
ཕྱི་ལོ་༢༠༠༧ ཟླ་༡༡ ཚེས་༥ ནས་༦ བར་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་ཕུན་ཚོགས་ལགས་སློབ་གྲྭ་འདིར་ཆེད་ཕེབས་ཀྱིས་ལོ་འཁོར་ཤེས་ཡོན་རྟོག་ཞིབ་གནང༌།
དགེ་རྒན་ཚོ་ནང་ཁུལ་དུའང་འཛིན་གྲྭར་སློབ་ཁྲིད་གནང་སྟངས་དང༌། གྱང་སྦྱར་དཔེ་རིས། ས་ཁྲ། སའི་གོ་ལའི་འདྲ་གཟུགས། ཚན་རིག་དང༌། ཨང་རྩིས་ཡོ་བྱད་བེད་སྤྱོད་གཏོང་སྟངས་སོགས་བགྲོ་གླེང་དང་བསམ་འཆར་བརྗེ་རེས་སྤེལ་ཞིང༌། དེ་བཞིན་སློབ་ཕྲུག་ནང་ཁུལ་དུའང་ཡི་གེ་འབྲི་ཀློག་དང་ལུས་རྩལ། གཞས་སྣ། རིག་རྩལ་རྒྱུན་ཤེས་སོགས་རྩེད་འགྲན་དང་བགྲོ་གླེང་གི་བྱེད་སྒོ་རྒྱུན་ཆགས་སུ་སྤེལ་འབྲས་སུ། སློབ་གྲྭའི་འདིའི་སློབ་སྦྱོང་གི་ཁོར་ཡུག་ལེགས་ཕྱོགས་སུ་བསྒྱུར་ཏེ་བོད་མིའི་རིག་གཞུང་གི་ཞག་རྩི་ལྡན་པའི་མ་འོངས་སོན་རྩ་གང་མང་བསྐྱེད་བསྲིང་ཞུ་མུས་ཡིན།
སྒང་ཏོག་ཐོན་མི་སམ་བྷོ་ཊ་གཏན་སློབ།
དཀར་ཆག
༡། ཐོག་མའི་འགོ་འཛུགས།
༢། མཐུན་རྐྱེན་འཛུགས་སྐྲུན།
༣། སློབ་འཇུག་དང་སློབ་ཐོན།
༤། ཤེས་ཡོན་ལས་རིམ་དང་གྲུབ་འབྲས།
༥། གཞུང་འབྲེལ་འཚམས་གཟིགས།
༡། ཐོག་མའི་འགོ་འཛུགས།
སྒང་ཏོག་ཐོན་མི་སམ་བྷོ་ཊ་སློབ་གྲྭ་ནི། རྒྱ་གར་བྱང་ཤར་མཐའ་མཚམས་ཀྱི་ཧི་མ་ལ་ཡའི་རི་རྒྱུད་འདབས་རོལ་དུ་ཡོད་པའི་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་གྲོང་ཁྱེར་ནང་ཡོད་ཅིང༌། ས་ཆ་འདིར་སྔར་འབྲས་ལྗོངས་གཞུང་གི་སློབ་གྲྭ་ཁག་ནང་བོད་ཡིག་སློབ་བཞིན་ཡོད་ན་ཡང༌། བར་སྐབས་ཤིག་ནས་སློབ་གཞི་ལ་འགྱུར་བ་ཕྱིན་ཏེ། འབྲས་ལྗོངས་པའི་རང་སྐད་བྷོ་ཊའི་ཡ་སྐད་ཡིག་ཐོག་བསླབ་རྒྱུ་ལག་ལེན་བསྟར་ཡོད་སྟབས། བོད་ཕྲུག་རྣམས་ལ་རང་གི་སྐད་ཡིག་བསླབ་ས་དང༌། རིག་གཞུང་སོགས་མི་ཉམས་རྒྱུན་འཛིན་ཆེད་སློབ་གྲྭ་ཆུང་ཆུང་ཞིག་དགོས་གལ་ཆེ་བར་གཟིགས་ཏེ། ས་གནས་གཞོན་ནུའི་ཚོགས་གཙོ་ཀརྨ་རྒྱལ་མཚན་གཙོས་པའི་སེམས་ཤུགས་ཅན་གྱི་འཐུས་མི་རྣམ་པས་འགྲོ་གྲོན་འདུ་འགོད་ཀྱིས། ཕྱི་ལོ་༡༩༨༥ ལོར་སློབ་གྲྭ་འདི་གསར་འཛུགས་གནང་སྟེ། ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་སློབ་གྲྭའི་མིང་ཐོན་མི་སམ་བྷོ་ཊ་སློབ་གྲྭ་(Thonmi Sambhota Academy)ཞེས་པའི་མཚན་གསོལ་གནང༌། སློབ་གྲྭ་འདི་ཐོག་མར་གསར་འཛུགས་སྐབས་སློབ་ཕྲུག་༨ ལས་མེད་པ་དང༌། དགེ་རྒན་༢ ཀྱི་གསོལ་ཕོགས་བོད་ཕྲུག་ཁྱིམ་སྡེ་ལ་ཞུས་པ་ལས་གཞན་ལས་འགན་ཡོངས་རྫོགས་སེམས་ཤུགས་ཅན་གྱི་བོད་མི་རྣམས་ཀྱིས་གནང་འདུག དེ་ནས་ལོ་ལྟར་སློབ་ཕྲུག་ཇེ་མང་དུ་ཕྱིན་པ་དང༌། བྱེད་སྒོ་ཁག་ཀྱང་མང་དུ་གྱུར་པར་སོང༌། སེམས་ཤུགས་ཅན་གྱི་དགེ་ལས་རྣམ་པར་ཅུང་དུས་ཚོད་འདང་མིན་གྱི་དཀའ་ངལ་བྱུང་བར་བརྟེན།(དགེ་ལས་མང་ཆེ་བས་ལས་ཞོར་དུ་ཕྱག་ལས་གནང་གི་ཡོད) རང་གཞུང་ཤེས་ལྷན་ལ་རྩིས་བཞེས་གནང་རོགས་ཞེས་སྙན་སེང་ལན་མང་ཞུས་མཐར། ཕྱི་ལོ་༡༩༩༡ ཟླ་༡ ཚེས་༡ ལ་རང་གཞུང་ཤེས་རིག་ལས་ཁུངས་ནས་རྩིས་བཞེས་གནང་སྟེ་སློབ་གྲྭའི་མིང་ལའང་ཐོན་མི་སམ་བྷོ་ཊ་བོད་གཞུང་སློབ་གྲྭ་ཞེས་བཏགས། ལོ་དེའི་ཟླ་༣ ཚེས་༡༥ ཉིན་ས་གནས་གཞོན་ནུ་ནས་སློབ་གྲྭའི་འཛིན་སྐྱོང་རྩིས་སྤྲོད་ཀྱི་མཇད་སྒོ་གཟབ་རྒྱས་གོ་སྒྲིག་ཞུས། ལོ་དེའི་ཕྱི་ཟླ་༣ ཚེས་༣༠ ལ་རང་གཞུང་ཤེས་རིག་དྲུང་ཆེ་རབ་བརྟན་ལགས་དང༌། འབྲས་གཞུང་མངའ་སྡེའི་ཤེས་རིག་དྲུང་ཆེ་བཀྲ་ཤིས་སྟོབས་ལྡན། རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་དྷ་ཏ་(S.P Datta)མཆོག་བཅས་ནས་སློབ་གྲྭའི་ཉལ་ཁང་གི་དབུ་འབྱེད་མཇད་སྒོར་ཕེབས་འདུག སྐབས་དེར་སྔོན་འགྲོ་ནས་འཛིན་རིམ་ལྔ་པ་བར་སློབ་ཕྲུག་གྲངས་༡༧༤ དང༌། དགེ་རྒན་༡༠ དགེ་རྒན་མིན་པ་༥ བཅས་ཡོད་འདུག དེ་ནས་ཕྱི་ལོ་༢༠༠༨ ལོ་བར་སྔོན་འགྲོ་ནས་འཛིན་རིམ་བརྒྱད་པ་བར་སློབ་ཕྲུག་གྲངས་༡༨༩ དང༌། དགེ་རྒན་༡༦ དགེ་རྒན་མིན་པ་༡༢ བཅས་ཡོད།
༢། མཐུན་རྐྱེན་འཛུགས་སྐྲུན།
སྤྱིར་བཏང་སློབ་གྲྭ་འདི་ཕྱི་ལོ་༡༩༨༥ ལོར་ས་གནས་གཞོན་ནུས་འགོ་འཛུགས་གནང་ཞིང༌། ཕྱིས་སུ་རང་གཞུང་ཤེས་ལྷན་གྱིས་རྩིས་ལེན་སྐབས་ཆོལ་ཁ་གསུམ་གྱི་ཁང་པའི་འོག་ཐོག་ཏུ་ཁང་གླ་བྱས་ནས་བསྡད་ཡོད་པ་ལས་རང་བདག་ཁང་པ་གང་ཡང་མེད། སྐབས་དེར་སློབ་གྲྭའི་ནང་འཛིན་ཁང་དང་འཛིན་ཆས་སོགས་སྔར་གྱི་བེད་སྤྱོད་ཡོད་པ་ཁག་རང་འཇགས་ཐོག་མང་ཆེ་བ་རང་གཞུང་ཤེས་རིག་ལས་ཁུངས་ནས་འགྲོ་གྲོན་གསོལ་སྩལ་གྱིས་ཞིག་གསོ་དང་བཟོ་བཅོས་བྱས་ནས་ཕྱི་ལོ་༡༩༩༩ ལོའི་བར་གནས་ཡོད། སྐབས་དེའི་ཁང་གླ་ནི་འགན་འཛིན་དང་སྔོན་འགྲོའི་ཁང་པ་གཉིས་ལ་ཁང་གླ་ཟླ་རེ་སྒོར་༢༥༠༠ དང༌། སློབ་གྲྭའི་འཛིན་ཁང་དང་ཉལ་ཁང་སོགས་ལ་ཟླ་རེ་སྒོར་༩༢༢༢ བཅས་ཁྱོན་བསྡོམས་སྒོར་༡༡༧༢༢ དང༌། དེ་ནས་ཕྱི་ལོ་༡༩༩༨ ལོར་ཁང་གླ་སྒོར་༢༠༠༠ འཕར་བ་བཅས་ཁྱོན་བསྡོམས་ལོ་ངོ་བཅུ་བཞིའི་རིང་ཁང་གླར་གནས་ཡོད། དེང་སྐབས་ཀྱི་སློབ་གྲྭའི་ཁང་པ་འདི་ནི་ཕྱི་ལོ་༡༩༩༦ ལོར་བོད་གཞུང་ཤེས་རིག་ལས་ཁུངས་བརྒྱུད་ཡུ་རོབ་མཐུན་ཚོགས་ཀྱི་དཔལ་འབྱོར་རོགས་རམ་འོག་ཨར་ལས་འཛུགས་སྐྲུན་འགོ་འཛུགས་ཀྱིས་ཕྱི་ལོ་༡༩༩༩ ལོར་ལེགས་གྲུབ་ཟིན་པ་དང༌། ཕྱི་ལོ་༢༠༠༠ ལོར་སློབ་ཁང་གསར་རྒྱག་གི་ལས་རིམ་དང་པོ་སྟེ་སློབ་གྲྭ་གནས་སྤོས་བྱས། གསར་དུ་གྲུབ་པའི་སློབ་ཁང་དེའི་ནང་སློབ་ཕྲུག་གྲངས་༡༥༠ ཙམ་ཤོང་བའི་ཉལ་ཁང་དང༌། འཛིན་སྐྱོང་ཡིག་ཚང༌། ཐོག་བརྩེགས་བཞི་ཅན་གྱི་སློབ་ཁང་ཨ་མའི་ཐོག་བརྩེགས་དང་གཉིས་ནང་འཛིན་ཁང་༡༢ ལྷག་དང༌། ཐོག་བརྩེགས་གསུམ་པ་དང་བཞི་པའི་ནང་དཔེ་མཛོད་དང་དགེ་རྒན་གྱི་ཤེས་ཡོན་ཚན་པ་བཅས་ཡོད། དེ་ནས་བཟུང་སློབ་གྲྭ་གནས་སྤོས་ཀྱིས་ད་བར་མུ་མཐུད་འཛིན་གྲྭ་སོགས་ལས་རིམ་ཁག་ཕྱིན་དང་འགྲོ་མུས་ཡིན། ཨར་ལས་བྱེད་ཕྱོགས་ནི་ཐོག་མར་ས་གནས་བོད་མིའི་དགོས་མཁོར་གཞིགས་ཏེ་རང་ཉིད་ཀྱི་སྐད་ཡིག་གིས་གཙོས་རིག་གཞུང་རྒྱུན་འཛིན་དང་དེང་དུས་ཤེས་ཡོན་བཅས་བོད་ཕྲུག་རྣམས་ཀྱི་རྒྱུད་ལ་འཇགས་པའི་དམིགས་ཡུལ་ངེས་ཅན་བཟུང་སྟེ་རང་གཞུང་ཤེས་ལྷན་ལ་སྙན་སེང་ཞུས་པ་བཞིན་བཀའ་ཁྲོལ་བྱུང་ནས་ས་གནས་བདེ་དོན་དང༌། ཕ་མའི་འཐུས་མི་རྣམ་པས་ས་ཆ་གསར་ཉོ་ག
ནང་ཞིང༌། རང་གཞུང་ཤེས་ལྷན་ནས་ཡུམ་བུ་བླ་སྒང་ཨར་པོ་སྡེ་ཚན་ལ་བོགས་མར་བཏང་སྟེ་ཐོག་མར་ས་ཆ་གཙང་བཟོ་དང༌། དེ་ནས་རིམ་པས་ཁང་པ་ཁག་གསར་རྒྱག་ཞུས་མཐར། ཕྱི་ལོ་༡༩༩༩ ལོར་ཨར་ལས་མང་ཆེ་བ་གསར་རྒྱག་གྲུབ་ན་ཡང་ས་བབས་རྐྱེན་གྱིས་རེ་ཟུང་ལས་མཚམས་བཞག སྐབས་དེར་སློབ་གྲྭ་གསར་པའི་ནང་འཛིན་ཁང་གི་ཡོ་ཆས་ཁག་དང་ཉལ་ཁང་གི་ཉལ་ཁྲི་སོགས་ཡིག་ཚང་དང་ཐབ་ཚང་གི་འཛིན་ཆས་ཁག་ལས་གཞན་ཆ་ཚང་བ་ས་གནས་བདེ་དོན་བརྒྱུད་འཇར་མན་རོགས་ཚོགས་རོགས་དངུལ་གྱིས་གསར་བཟོ་གནང་ནས་ད་སྐབས་བེད་སྤྱོད་བྱེད་བཞིན་པ་རེད།
ཤེས་ཡོན་དང་འབྲེལ་བའི་ཆ་རྐྱེན་གཙོ་བོ་དགེ་རྒན་འཁྲིད་ཆས་བཟོ་སྐྲུན་དང་གསོག་ཉར་ཁང་(Teacher’s resource room)ཞིག་ཕྱི་ལོ་༢༠༠༡ ལོར་འགྲོ་གྲོན་ཕྱེད་ཀ་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་དང༌། ཕྱེད་ཀ་ས་གནས་བདེ་དོན་ལས་ཁུངས་ནས་གནང་སྟེ་ཆ་སྒམ་འཁོར་ལོ་ལྡན་པ་(Cabinet drawer)གང་མང་དང༌། ཡོ་ཆས་བཟོ་སའི་ཅོག་ཙེ་ཆེན་པོ། ཡོ་ཆས་བླུག་སའི་ཁུག་མ། གྱང་སྦྱར་པང་ལེབ་སོགས་མདོར་ན་འཁྲིད་ཆས་བཟོ་སྐྲུན་དང༌། གསོག་ཉར། འཆར་འགོད་བྱེད་ས་བཅས་ཡོ་ཆས་ཆ་ཚང་བ་ཞིག་སྤུས་གཟིགས་ཀྱིས་བེད་སྤྱོད་བཏང་དང་གཏོང་བཞིན་ཡོད། སྐད་ཡིག་སྦྱོང་བརྡར་ཁང་ལ་ཆ་མཚོན་ན། ཨིན་སྐད་གཙོས་པའི་སྐད་ཡིག་སྦྱོང་བརྡར་ཁང་ཞིག་མེད་ཐབས་མེད་པར་གཟིགས་ནས། ཕྱི་ལོ་༢༠༠༤ ལོར་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་དང་ས་གནས་བདེ་དོན་ལས་ཁུངས་གཉིས་ནས་འགྲོ་སོང་གནང་སྟེ་སྐད་ཡིག་སྦྱོང་བརྡར་ཁང་དེའི་རྐུབ་བཀྱག་དང༌། ཅོག་ཙེ་གང་མང༌། སྒྲ་བསྐྱེད་འཕྲུལ་ཆས་དང་དེའི་ཡོ་བྱད་མ་ལག་དང་བཅས་པ་ལེགས་གྲུབ་ཐོག་བེད་སྤྱོད་བཏང་དང་གཏོང་བཞིན་ཡོད་ལ་ཕན་ཐོགས་ཀྱང་ཆེན་པོ་བྱུང་འདུག དེ་ནས་ཚན་རིག་བརྟག་དཔྱད་ཁང་ཡང་དེང་དུས་ཤེས་ཡོན་གྱི་མ་ལག་གལ་ཆེར་གཟིགས་ནས།
ཕྱི་ལོ་༢༠༠༣ ལོར་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་དང༌། ས་གནས་བདེ་དོན་ལས་ཁུངས་གཉིས་ནས་འགྲོ་སོང་ཁག་གནང་སྟེ་ལེགས་གྲུབ་བྱུང་ཞིང་དེ་ནི་འཛིན་རིམ་བཅུ་གཉིས་ཅན་གྱི་བརྟག་དཔྱད་ཁང་ལས་གྲ་རྒྱས་པ་ལྟ་བུ་ཡོད་པ་འདིས་ཕན་ཐོགས་ཆེན་པོ་བྱུང་ཡོད། ཕྱི་ལོ་༢༠༠༥ ལོར་ནོར་ཝེ་རོགས་ཚོགས་(NCA)སོགས་ཀྱིས་རོགས་སྐྱོར་འོག་སམ་བྷོ་ཊ་དབུས་ཡིག་ཚང་བརྒྱུད་སློབ་གྲྭ་འདིའི་སློབ་མ་ཚོའི་ཀམ་པུ་ཊར་སློབ་སྦྱོང་གི་དམིགས་སྒོར་ཀམ་པུ་ཊར་གསར་གཟིགས་རོགས་རམ་གནང་ཡོད། ཕྱི་ལོ་༢༠༠༦ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་རོགས་རམ་ཐབས་འཚོལ་གྱིས་ཌན་མག་བྱིས་པའི་ཐེབས་རྩ་(Danish Children Fund)ཞེས་པའི་རོགས་ཚོགས་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་བརྒྱུད་རོགས་དངུལ་སྒོར་༡༣༩༥༥༨ གནང་སོན་བྱུང་དོན་བཞིན་སློབ་གྲྭའི་འཛིན་ཁང་ཉམས་གསོའི་ལས་གཞི་ལག་བསྟར་ལེགས་གྲུབ་ཟིན། མི་རིགས་ཤིག་འཚོ་གནས་ཐུབ་པར་ཆབ་སྲིད་ཕུད། སྐད་ཡིག་དང༌། རིག་གཞུང་ལས་ཟློས་གར་དེ་ཡང་མི་རྣམས་དགའ་པོ་བྱེད་པའི་རིག་གཞུང་གལ་ཆེན་ཞིག་ལ་བརྩིས་ནས་རང་གཞུང་གིས་སློབ་གྲྭ་ཁག་ལ་ཟློས་དགེ་བསྐོ་བཞག་དང་གཞས་སྣ་འཁྲབ་སྟོན་སོགས་གནང་མུས་ལྟར་འདི་ག་སློབ་གྲྭའི་ངོས་ནས་ལོ་ལྟར་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་གི་གོ་སྒྲིག་གནང་བའི་འགྲན་བསྡུར་ནང་འཛུལ་ཞུགས་དང༌། དེ་མིན་འབྲས་ལྗོངས་མངའ་སྡེ་གཞུང་གི་མཛད་སྒོ་གལ་ཆེའི་སྐབས་སོགས་ལ་བོད་ཀྱི་འཁྲབ་སྟོན་ཁག་གང་མང་ཞིག་གཟིགས་འབུལ་ཞུས་དང་ཞུ་མུས་སོང༌། ཡུལ་མིས་སློབ་གྲྭ་འདི་བཞིན་རང་གི་སྐད་ཡིག་དང་རིག་གཞུང་བདག་གཅེས་གནང་མཁན་ཚད་ལྡན་ཞིག་ལ་ངོས་འཛིན་གནང་གི་འདུག་ལ། རང་གཞུང་ནས་ཀྱང་རིག་གཞུང་འཁྲབ་སྟོན་དེ་བཞིན་གལ་ཆེན་ཞིག་ངོས་འཛིན་གྱིས་མཐུན་རྐྱེན་གནང་དཔེར་ན། སློབ་གྲྭའི་རོལ་ཆ་ཁང་གི་ནང་སྒྲ་སྙན་ཆེ་ཆུང་དང༌། པི་ཝང་ཆེ་ཆུང༌། རྔ་ཆེན། རྒྱུད་མངས་སོགས་རོལ་ཆ་སྣ་མང་ཁྱོན་བསྡོམས་གྲངས་༨༤ ལྷག་དང༌། བོད་ཀྱི་ཡུལ་ལུང་སོ་སོའི་སྲོལ་རྒྱུན་གྱོན་ཆས་དང༌། འཁྲབ་ཆས་ཁྱོན་བསྡོམས་རྣམ་གྲངས་༧༨ ལྷག་ཡོད་པ་དུས་ཆེན་དང་མཛད་སྒོའི་སྐབས་བཀོལ་སྤྱོད་བྱེད་མུས་ཡིན། མདོར་ན། དེང་སྐབས་སློབ་གྲྭ་འདིར་འཛིན་ཁང་༩(༢༠༠༠) དང༌། སློབ་ཕྲུག་ཉལ་ཁང་༥(༢༠༠༠) དཔེ་མཛོད་ཁང་༡(༢༠༠༠) ཀམ་པུ་ཊར་༢༡(༢༠༠༠) ཚན་རིག་བརྟག་དཔྱད་ཁང་༡(༢༠༠༡) སློབ་ཁྲིད་ཡོ་ཆས་བཟོ་སྐྲུན་ཁང་༡(༢༠༠༡) སྐད་ཡིག་སྦྱོང་བརྡར་ཁང་༡(༢༠༠༤) ཚོགས་ཁང་༡(༢༠༠༠) སྨན་ཁང་༡(༢༠༠༠) རྩེད་ཐང་དང་མཐུན་རྐྱེན་གཞན་བཅས་དགོས་ངེས་མཐུན་རྐྱེན་དུ་མ་འཛོམས་ཡོད།
༣། སློབ་འཇུག་དང་སློབ་ཐོན།
ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྡོམ་རྩིས་བྱས་པ་ལྟར་ན། ལོ་དེར་སློབ་གྲྭ་འདིར་སློབ་ཕྲུག་བུ་༩༥ དང་བུ་མོ་༨༢ བཅས་བསྡོམས་༡༧༨ ཡོད་པའི་ཁྲོད་ཉིན་སློབ་༤༩ དང་གཏན་སློབ་༡༢༩ བཅས་ཡོད། བོད་རིགས་མ་ཡིན་པའི་སློབ་མ་༢ ཡོད། དགེ་རྒན་༡༥ དང་ལས་བྱེད་༡༡ བཅས་ཁྱོན་བསྡོམས་དགེ་ལས་༢༦ ཡོད། ཕྱི་ལོ་༡༩༨༩ ནས་༢༠༠༩ བར་འདས་པའི་ལོ་ངོ་༢༡ རིང་སློབ་གྲྭ་འདིའི་སློབ་འཇུག་གནས་སྟངས་གཤམ་གསལ། སློབ་གྲྭ་འདི་བཞིན་ཕྱི་ལོ་༡༩༩༡ ནས་འཛིན་གྲྭ་ལྔ་པ་སློབ་མཐར་ཕྱིན་པའི་སློབ་མ་༢༢༢ དང༌། དེ་བཞིན་རིམ་སྤར་ཐོག་འཛིན་རིམ་བརྒྱད་པ་(ཕྱི་ལོ་༡༩༩༤ ནས་༡༩༩༧ བར)བཟོས་རྗེས་མཐར་ཕྱིན་སློབ་མ་བཅས་འདི་ལོ་༢༠༠༨ ལོའི་བར་སློབ་མཐར་ཕྱིན་པའི་ཕྲུག་གྲངས་༢༢༢ བྱུང་ཡོད།
༤། ཤེས་ཡོན་ལས་རིམ་དང་གྲུབ་འབྲས།
སྤྱི་ཡོངས་ཆ་ནས་སློབ་གྲྭའི་སློབ་ཚན་དང་སློབ་དེབ། རྒྱུན་ལྡན་ལས་རིམ་ནི་སམ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་བྱིངས་དང་གཅིག་མཚུངས་ཡིན་པའི་ཐོག ཨིན་བོད་གཉིས་དང༌། ལྷག་པར་བོད་ཡིག་འབྲི་ཀློག་ཤོད་གསུམ་དང༌། ཡིག་གཟུགས། གོམས་སྲོལ་དང་འབྲེལ་བའི་བཟང་སྤྱོད་ལ་ཤུགས་སྣོན་རྒྱག་མུས་ཡིན། དམིགས་བསལ་སྒང་ཏོག་ལྟ་བུར་མཚོན་ན་སློབ་ཕྲུག་མང་ཆེ་བ་ཡུལ་སྐད་ལས་བོད་སྐད་ལེགས་པོ་བཤད་མི་ཤེས་མཁན་ཤ་སྟག་ཡིན་སྟབས། ས་གནས་ཀྱི་དམིགས་བསལ་གནས་སྟངས་ལ་དཔག་པའི་བོད་སྐད་ཤོད་སྟངས་དང༌། བོད་ཡིག་འབྲི་ཀློག ཡིག་གཟུགས་བཅས་སློབ་སྟོན་ལས་འཆར་ལག་བསྟར་བྱས་པར་ཅུང་ཡར་རྒྱས་སུ་ཕྱིན་པ་ལྟ་བུར་མངོན། སྤྱོད་ལམ་ཆ་ནས་རང་གཞན་ཚང་མར་བསམ་བློ་གཏོང་ཕྱོགས་དང༌། རྒན་གཞོན་གོ་རིམ་གྱི་གུས་ཞབས་བྱེད་ཕྱོགས། རང་ལས་ཆུང་བ་རྣམས་ལ་བྱམས་སྐྱོང་བྱེད་སྟངས་སོགས་སྔར་ལས་ཅུང་ཡར་རྒྱས་ཕྱིན་པ་ལྟ་བུར་སྣང་བ་དང༌།
དེ་བཞིན་འཕྲོད་བསྟེན་ཆ་ནས་སྔོན་འགྲོ་དང་དམའ་རིམ་ལ་སློབ་གཞི་ཁག་ཉུང་དུ་བཏང་བའི་རྐྱེན་གྱིས་ཕྲུ་གུ་རྣམས་ཀྱི་བསམ་བློའི་ལྗིད་ཁོག་ཡང་དུ་ཕྱིན་པ་མ་ཟད། བསམ་བློ་གུ་ཡངས་པོར་གྱུར་ཡོད། དེ་འབྲེལ་ལུས་རྩལ་དེ་ཡང་ཡོ་གས་ཙོས་པའི་ལུས་ལ་ཕན་པའི་རྩེད་རིགས་འདྲ་མིན་རྩེ་བཞིན་པར་བརྟེན་ལུས་ཀྱི་འཚར་ལོངས་དེ་ཡང་བཟང་དུ་ཕྱིན་པའི་རྣམ་པ་ཅུང་མངོན། ལོ་རེར་བོད་གཞུང་སློབ་གྲྭ་སྤྱི་མཚུངས་བཞིན་བུམ་སྐྱོན་གསུམ་བྲལ་གྱི་སློབ་ཕྲུག་བུ་༡ དང་བུ་མོ་༡ བཅས་འདེམས་སྒྲུག་བྱེད་མུས་ཡིན་ལ། ཕྱི་ལོ་༢༠༠༨ ལོར་སློབ་ཕྲུག་བུ་དགེ་ལྡན་བཀྲ་ཤིས་དང༌། བུ་མོ་ཚེས་བཅུ་སྒྲོལ་མ་གཉིས་ལ་བུམ་སྐྱོན་གསུམ་བྲལ་གྱི་བྱ་དགའ་དང་ལག་འཁྱེར་གསོལ་རས་གནང༌། ཕྱི་ལོ་༢༠༠༧ ལོར་སམ་བྷོ་ཊ་ཁྱབ་ཁོངས་སློབ་གྲྭ་ཁག་ཏུ་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ལག་བསྟར་དགོས་པའི་བཀའ་ཁྱབ་ཕེབས་པ་དང་ཆབས་ཅིག
བོད་གཞུང་ཤེས་རིག་ལས་ཁུངས་ནས་ལོ་རེ་བཞིན་གཏན་ཉིན་སློབ་དགེ་འགན་འཛིན་ལས་བྱེད་ཡོངས་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་གང་མང་གོ་སྒྲིག་གནང་བའི་ཁྲོད། བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་གསར་པའི་དགོས་དམིགས་དང་སློབ་སྟོན་གྱི་གཞི་རྩའི་ལྟ་གྲུབ་ལག་བསྟར་བྱེད་སྟངས་སློབ་སྟོན་གནང་བའི་དགོངས་དོན་ལྟར། སློབ་གྲྭ་འདིའི་དགེ་ལས་ཚང་མས་སྲིད་བྱུས་ཀྱི་དགོངས་དོན་ལ་བགྲོ་གླེང་དང་སློབ་སྦྱོང་གནང་སྟེ། སྲིད་བྱུས་ནང་གསལ་སློབ་སྟོན་གྱི་བསམ་བློའི་འཁྱེར་སོ་དང༌། ཤེས་ཡོན་གྱི་ངོས་འཛིན། གདེང་དཔྱད་ཚད་གཞི་སྤྱོད་སྟངས་སོགས་གང་ཅིའི་ཆར་ཐུགས་སྣང་གིས་འབད་རྩོལ་བྱས་འབྲས་སུ། དེང་སློབ་ཕྲུག་རྣམས་ཀྱི་ཤེས་ཡོན་དང༌། སྒོ་གསུམ་གྱི་སྤྱོད་ལམ། འཕྲོད་བསྟེན་སོགས་ཅུང་ཡར་རྒྱས་ཕྱིན་པ་ལྟ་བུའི་སྣང་ཚུལ་བྱུང༌། སློབ་གྲྭའི་ནང་ལོ་རེར་ལོ་འཁོར་རྩེད་འགྲན་མཛད་སྒོའི་ཐོག་སྒང་ཏོག་བོད་གཞུང་ས་གནས་འགོ་འཛིན་དང་ས་གནས་དཔོན་རིགས་སོགས་གདན་ཞུས་ཀྱིས་དབུ་འབྱེད་དང་གསུང་བཤད་གནང་སྲོལ་རྒྱུན་འཁྱོངས་དང༌། སློབ་གྲྭ་ནང་ཁུལ་ཁང་ཚན་ནམ་འཛིན་རིམ། སློབ་ཕྲུག་རྒན་གཞོན་བཅས་སྡེ་ཚན་སོ་སོའི་དབར་རྩེད་རིགས་འགྲན་བསྡུར་སྤེལ་བར་གཟིགས་མོར་ཕེབས་མཁན་ཕ་མ་དང་ཡུལ་མི་འདུས་ཚོགས་གང་ཆེ་འདུ་མུས་ཡིན། སློབ་གྲྭའི་ནང་ཁང་ཚན་བཞི་ཡོད་པ་རྣམས་ཕྱི་ལོ་༡༩༩༣ བར་རྨ་བྱ་ཁང་ཚན་དང༌། ཁྱུ་མཆོག་ཁང་ཚན། རྟ་མཆོག་ཁང་ཚན། སེང་གེ་ཁང་ཚན་ཞེས་ཁ་འབབ་ཆེན་པོ་བཞིའི་མིང་ལས་དྲས་ཤིང༌། ཕྱི་ལོ་༡༩༩༥ ལོ་ནས་སྲོང་བཙན་ཁང་ཚན་དང༌། ཁྲི་སྲོང་ཁང་ཚན། གཉའ་ཁྲི་ཁང་ཚན། ཁྲི་རལ་ཁང་ཚན་བཅས་སུ་མིང་བསྒྱུར་བྱས་ཡོད། ཕྱི་ལོ་༡༩༩༡ ནས་༢༠༠༨ བར་སློབ་གྲྭ་འདིའི་འཛིན་རིམ་ལྔ་པའི་ལོ་འཁོར་ཡིག་རྒྱུགས་ཀྱི་གྲུབ་འབྲས་གནས་སྟངས་གཤམ་གསལ།
ལོ་རིམ། | ལྔ་པའི་ཕྲུག་གྲངས། | རྒྱུགས་འཕྲོད། | བརྒྱད་པའི་ཕྲུག་གྲངས། | རྒྱུགས་འཕྲོད། |
ཕྱི་ལོ་༡༩༩༡ | ༢༢ | ༧༧་༢༧ | x | x |
ཕྱི་ལོ་༡༩༩༢ | ༢༦ | ༣༠་༧༧ | x | x |
ཕྱི་ལོ་༡༩༩༣ | ༢༡ | ༧༡་༤༣ | x | x |
ཕྱི་ལོ་༡༩༩༤ | ༢༢ | ༩༠་༩༡ | ༡༥ | ༦༦་༦༧ |
ཕྱི་ལོ་༡༩༩༥ | ༢༤ | ༡༠༠ | ༡༢ | ༡༠༠ |
ཕྱི་ལོ་༡༩༩༦ | ༢༧ | ༩༢་༥༩ | ༡༣ | ༩༢་༣༡ |
ཕྱི་ལོ་༡༩༩༧ | ༡༦ | ༩༣་༧༥ | ༡༦ | ༨༧་༥༠ |
ཕྱི་ལོ་༡༩༩༨ | ༡༣ | ༩༢་༣༡ | ༡༧ | ༧༦་༤༧ |
ཕྱི་ལོ་༡༩༩༩ | ༡༤ | ༨༥་༧༡ | ༡༧ | ༧༦་༤༧ |
ཕྱི་ལོ་༢༠༠༠ | ༢༢ | ༨༦་༣༦ | ༡༧ | ༨༢་༣༥ |
ཕྱི་ལོ་༢༠༠༡ | ༣༡ | ༨༣་༨༧ | ༣༢ | ༥༣་༡༣ |
ཕྱི་ལོ་༢༠༠༢ | ༢༠ | ༡༠༠ | ༢༣ | ༥༢་༡༧ |
ཕྱི་ལོ་༢༠༠༣ | ༢༡ | ༩༥་༢༤ | ༡༧ | ༨༨་༢༤ |
ཕྱི་ལོ་༢༠༠༤ | ༡༧ | ༩༤་༡༢ | ༡༨ | ༡༠༠ |
ཕྱི་ལོ་༢༠༠༥ | ༢༥ | ༩༢་༠༠ | ༡༩ | ༩༤་༧༤ |
ཕྱི་ལོ་༢༠༠༦ | ༢༢ | ༡༠༠ | ༡༦ | ༡༠༠ |
ཕྱི་ལོ་༢༠༠༧ | ༡༥ | ༡༠༠ | ༢༢ | ༩༠་༩༡ |
ཕྱི་ལོ་༢༠༠༨ | ༢༢ | ༡༠༠ | ༢༤ | ༨༧་༥༠ |
༥། གཞུང་འབྲེལ་འཚམས་གཟིགས།
བོད་གཞུང་ཤེས་རིག་ལས་ཁུངས་དང༌། སམ་བྷོ་ཊ་བོད་གཞུང་སློབ་གྲྭའི་སྤྱི་ཁྱབ་འཛིན་སྐྱོང་ཡིག་ཚང༌། དེ་བཞིན་ཕྱི་ནང་གི་མཁས་པ་དང་བླ་སྤྲུལ་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་གཟིགས་སྐོར་དང་རྟོག་ཞིབ་ཆེད་རིམ་ཕེབས་ཀྱིས་སློབ་གྲྭའི་འཛིན་སྐྱོང་དང་ཤེས་ཡོན་ཐོག་བཀའ་སློབ་ལམ་སྟོན་དོན་ཕན་ལྡན་པ་གནང་རིམ་བཞིན་སྐབས་འཕྲལ་སོ་སོར་བསྐྱར་ཞིབ་སློབ་སྦྱོང་དང་བགྲོ་གླེང་གིས་ལག་ལེན་བསྟར་ཡོད། ཉེ་བའི་ལོ་ཤས་ནང་སློབ་གྲྭ་འདིར་གཞུང་འབྲེལ་འཚམས་གཟིགས་ཅི་གནང་ལས་ཁག་ཅིག་དཔེ་མཚོན་ཆེད་ཞུས་ན།
ཕྱི་ལོ་༢༠༠༥ ཟླ་༡༡ པའི་ཟླ་དཀྱིལ་དུ་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་དང༌། སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་འགན་འཛིན་ཀརྨ་ཆུང་བདག་གཉིས་སློབ་གྲྭ་འདིར་ཆེད་ཕེབས་ཀྱིས་ལོ་འཁོར་ཤེས་ཡོན་རྟོག་ཞིབ་གནང༌། ཕྱི་ལོ་༢༠༠༧ ཟླ་༡ པོའི་འགོ་སྟོད་དུ་ཤེས་རིག་ལས་ཁུངས་ཀྱི་མཐོ་སློབ་སློབ་ཡོན་ཚན་པའི་འགན་འཛིན་ཟུང་དྲུང་བཀྲ་ཤིས་སྒྲོལ་མ་དང༌། ལས་དྲུང་ཚེ་དབང་སྒྲོལ་མ་གཉིས་ཀ་རྡོར་སྒང་གསུམ་གྱི་བོད་མིའི་སློབ་གྲྭ་ཁག་ཏུ་ཕྱོགས་བསྐྱོད་སྐབས་སློབ་གྲྭ་འདིར་ཆེད་ཕེབས་ཀྱིས་ས་གནས་མི་མང་དང་དགེ་སློབ་རྣམས་ལ་སློབ་འཇུག་དང་སློབ་ཡོན་ཞུ་ཕྱོགས་སྐོར་གྱི་ལམ་སྟོན་ཞིབ་རྒྱས་གནང་བས། དགེ་ལས་ཕ་མ་ཚང་མས་རང་གཞུང་གི་སློབ་འཇུག་དང་སློབ་ཡོན་སྲིད་བྱུས་དང་སྒྲིག་ཁྲིམས་ཤེས་རྟོགས་སླད་ཕན་ཐོགས་ཆེན་པོ་བྱུང་ཡོད། ཕྱི་ལོ་༢༠༠༧ ཟླ་༨ པའི་ནང་ཤེས་རིག་ལས་ཁུངས་ཀྱིས་ཆེད་འཛུགས་གནང་བའི་ཤར་ཁུལ་མདུན་ལམ་སློབ་སྟོན་པ་ཆོས་སྐྱིད་ལྷ་མོ་སློབ་གྲྭ་འདིར་ཆེད་ཕེབས་ཀྱིས་སློབ་ཕྲུག་རྣམས་ལ་མདུན་ལམ་སློབ་སྟོན་དང༌། སློབ་མ་རེ་རེ་བྱས་ནས་སེམས་ཀྱི་དཀའ་ངལ་ཡོད་མེད་དང་རོགས་རམ་ལམ་སྟོན་ཞིབ་རྒྱས་གནང༌། ཕྱི་ལོ་༢༠༠༧ ཟླ་༩ ཚེས་༣ ནས་༤ བར་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་སློབ་གྲྭ་འདིར་ཆེད་ཕེབས་ཀྱིས་ལོ་འཁོར་ཤེས་ཡོན་རྟོག་ཞིབ་དང་ལྷན་ཤེས་ཡོན་སྲིད་བྱུས་ཀྱི་གོ་རྟོགས་གསུང་བཤད་དང༌། ལག་བསྟར་བྱེད་ཕྱོགས་ཐོག་ལམ་སྟོན་ཞིབ་རྒྱས་གནང༌།
བྷུན་ཏར་སམ་བྷོ་ཊ་གཏན་སློབ།
དཀར་ཆག
༡། འགོ་འཛུགས།།
༢། མཐུན་རྐྱེན་འཛུགས་སྐྲུན།
༣། སློབ་འཇུག་དང་ཡིག་རྒྱུགས་གནས་སྟངས།
༤། ཤེས་ཡོན་ལས་རིམ།
༥། གཞུང་འབྲེལ་འཚམས་གཟིགས།
༡། འགོ་འཛུགས།
བྷུན་ཏར་སཾ་བྷོ་ཊ་གཏན་སློབ་ནི་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཀུ་ལུ་རྫོང་ཁོངས་སུ་ཡོད་ཅིང༌། ཕྱི་ལོ་༢༠༠༢ ཟླ་༧ ཚེས་༡ ཉིན་ནས་སློབ་གྲྭ་དབུ་འཛུགས་གནང༌། ཐོག་མའི་ཆར་སློབ་མ་༤༣ དང་དགེ་ལས་༡༤ བཅས་ཡོད། སློབ་གྲྭ་འདི་ཉིད་སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་ཡིག་ཚང་གི་འཛིན་སྐྱོང་འོག་གནས་ཡོད་ལ། ཕྱི་ལོ་༢༠༠༨ ལོར་སློབ་མ་༡༣༠ དང་དགེ་ལས་གྲངས་༢༤ བཅས་ཡོད། ཕྱི་ལོ་༢༠༠༦ ལོ་ནས་བཟུང་འཛིན་རིམ་བཅུ་པར་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོར་ཞུགས་པའི་ཆོག་མཆན་འཐོབ།
༢། མཐུན་རྐྱེན་འཛུགས་སྐྲུན།
སློབ་གྲྭ་འདི་ཐོག་མར་བཀའ་འགྱུར་རིན་པོ་ཆེས་ཧི་མ་ལ་ཡ་རི་རྒྱུད་ཀྱི་བོད་ཀྱི་རིག་གཞུང་དང་རྒྱུན་གཅིག་པའི་ཡུལ་མི་ཚོའི་ཕྲུ་གུའི་ཤེས་ཡོན་ཆེད་གཞི་རིམ་འོག་མའི་སློབ་གྲྭ་ཞིག་གསར་འཛུགས་གནང་བ་མཇུག་སྐྱོང་མ་ཐུབ་པར་བརྟེན། རང་གཞུང་ཤེས་རིག་ལྷན་ཁང་གིས་ཀུ་ལུ་དང་མ་ན་ལི་ཕྱོགས་ཀྱི་བོད་མི་ཁ་ཐོར་རྣམས་ལ་གཞི་རིམ་བར་མའི་ཞག་སྡོད་སློབ་གྲྭ་ཞིག་དགོས་མཁོ་ཆེ་བར་གཟིགས་ཏེ་སྤུས་གཟིགས་གནང་འདུག སློབ་གྲྭ་སྤུས་གཟིགས་གནང་རྗེས་འཛིན་ཁང་དང་འཛིན་ཆས་སོགས་བཟོ་བཅོས་དང་གསར་མཁོའི་ཆ་རྐྱེན་རིགས་སཾ་བྷོ་ཊ་བོད་གཞུང་སློབ་གྲྭའི་སྤྱི་ཁྱབ་ཡིག་ཚང་བརྒྱུད་མཁོ་འདོན་གནང༌། བོད་གཞུང་ཤེས་རིག་ལས་ཁུངས་ནས་ཀྱང་ལས་ཤག་ཆེ་བ་བཅུ་གསར་རྒྱག་སོགས་རོགས་རམ་རྒྱ་ཆེར་གནང་ཡོད། སློབ་གྲྭ་འདི་ཉིད་ཐོག་མར་འགོ་འཛུགས་སྐབས་མ་ན་ལི་དབུས་སློབ་གྲྭ་ནས་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་སློབ་ཕྲུག་གནས་སྤོས་བྱས།
དེ་རྗེས་རིམ་བཞིན་སློབ་ཕྲུག་གསར་སྡུད་དང་བསྟུན་འཛིན་རིམ་ཡང་སྤར་ཆ་གནང་སྟེ། ད་ཆ་འཛིན་རིམ་བཅུ་པ་བར་ཡོད་ལ། སློབ་གྲྭའི་མཐུན་རྐྱེན་དང་ཤེས་ཡོན་གྱི་གནས་ཚད་ལོ་རེ་བཞིན་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་བཞིན་ཡོད། སློབ་གྲྭ་འདི་ཉིད་དབུ་འབྱེད་གནང་བ་ནས་བཟུང༌། ད་བར་དབུས་ཤེས་རིག་ལས་ཁུངས་ཀྱིས་ཐུགས་རེ་ཆེན་པོ་རོགས་སྐྱོར་ཤུགས་ཆེན་གནང་སྟེ། འཛིན་ཁང་གསར་པ་༥ བཟོ་བཅོས་ཀྱིས་ལེགས་གྲུབ་བྱུང་བ་དང་ཆབས་ཅིག སློབ་ཕྲུག་བུའི་ཉལ་ཁང་༡ དང་བུ་མོའི་ཉལ་ཁང་༡ ཚོགས་ཁང་དང་སྨན་ཁང༌། ཆུ་རྐྱལ་རྫིང་བུ། མཆོད་ཁང༌། ཀམ་པུ་ཊར་སྡེ་ཚན། ཚན་རིག་བརྟག་དཔྱད་ཁང༌།
སློབ་ཁྲིད་ཡོ་ཆས་བཟོ་སྐྲུན་ཁང་བཅས་སྔར་ཡོད་ཞིག་གསོ་དང་གསར་སྐྲུན་ལེགས་གྲུབ་བྱུང་སྟེ། ཕྱི་ལོ་༢༠༠༢ ཟླ་༧ ཚེས་༡༦ ཉིན་བཀའ་འགྱུར་རིན་པོ་ཆེས་བོད་གཞུང་ཤེས་རིག་ཁུངས་ལ་སློབ་ཁང་ཡོངས་རྫོགས་རྩིས་སྤྲོད་ཀྱིས་ཤེས་རིག་བཀའ་བློན་དང་དྲུང་ཆེ། སམ་བྷོ་ཊའི་འགན་འཛིན་བཅས་ཆེད་ཕེབས་ཀྱིས་སློབ་གྲྭ་དབུ་འབྱེད་གནང༌།ཌན་མག་(SOIR-IM)རོགས་ཚོགས་ཀྱི་རོགས་སྐྱོར་འོག་སམ་བྷོ་ཊ་སྤྱི་ཁྱབ་འཛིན་སྐྱོང་ཡིག་ཚང་གིས་ཕྱི་ལོ་༢༠༠༣ ལོར་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་གི་བཀའ་འབྲེལ་སྐད་ཡིག་སྦྱོང་བརྡར་ཁང་གསར་འཛུགས་ཐོག་རྩིག་བརྙན་འཕྲུལ་འཁོར། ཀམ་པུ་ཊར་སྦྱོང་བརྡར་ཁང༌། འཕྲུལ་དཔར་དང་མྱུར་འཕྲིན། དྲ་རྒྱ་སོགས་ཀྱི་མཐུན་རྐྱེན་མཁོ་སྤྲོད་དང༌། ཕྱི་ལོ་༢༠༠༧ ལོར་རྩིས་རིག་སྦྱོང་བརྡར་ཁང་བཅས་ལོགས་སུ་གསར་འཛུགས་གནང༌། དེ་བཞིན་ཕྱི་ལོ་༢༠༠༥ ལོར་སློབ་ཕྲུག་ཚོའི་ཤེས་ཡོན་ལག་ལེན་དང་རྒྱུན་ལྡན་འཚོ་བའི་ཤེས་བྱ་དང་ལག་རྩལ་ཡར་རྒྱས་ཆེད་སློབ་གྲྭའི་ནང་ཚལ་ཞིང་འདེབས་ལས་ཀྱི་ལས་དོན་འགོ་འཛུགས་དང༌། སློབ་སྟོན་ཚོགས་ཁང་གསར་འགྲུབ་བྱུང༌། ཕྱི་ལོ་༢༠༠༦ ལོར་སློབ་ཕྲུག་ཚོའི་འཕྲོད་བསྟེན་ཆེད་ཆུ་གཙང་མ་བཟོ་བྱེད་ཀྱི་དེང་རབས་ཀྱི་ཆུ་ཚགས་འཕྲུལ་ཆས་༢ གསར་གཟིགས་ཀྱིས་བཀོལ་སྤྱོད་གནང་བས་ཕན་ཐོགས་ཆེན་པོ་བྱུང༌། ཕྱི་ལོ་༢༠༠༧།༢༠༠༨ ལོར་སློབ་གྲྭ་འདིའི་མཐའ་འཁོར་དུ་ལྕགས་རི་བསྐོར་རྒྱུའི་ལས་གཞི་ཆེད་བོད་གཞུང་དཔལ་འབྱོར་ལས་ཁུངས་ནས་སྒོར་༣༨༡༠༠༠ གནང་སོན་ལྟར་ལས་གཞི་ལག་བསྟར་ལེགས་གྲུབ་བྱུང་ཡོད། ཕྱི་ལོ་༢༠༠༧།༢༠༠༨ བར་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་བརྒྱུད་སློབ་གྲྭའི་ནང་རིག་གཞུང་འཁྲབ་སྟོན་རོལ་ཆ་དང་འཁྲབ་ཆས། སློབ་ཁྲིད་ཡོ་ཆས་སོགས་རྒྱ་ཆེར་རོགས་སྐྱོར་གནང་བ་དཔེར་ན་སྒྲ་སྙན་ཆེ་ཆུང་དང༌། པི་ཝང་ཆེ་ཆུང༌། རྔ་ཆེན། རྒྱུད་མངས། གླིང་བུ་སོགས་རོལ་ཆའི་བྱེ་བྲག་སྣ་མང་ཁྱོན་བསྡོམས་གྲངས་༦༩ ལྷག་དང༌། བོད་ཀྱི་ཡུལ་ལུང་སོ་སོའི་སྲོལ་རྒྱུན་གྱོན་ཆས་དང༌། འཁྲབ་ཆས་ཆེ་ཆུང་ཁྱོན་བསྡོམས་རྣམ་གྲངས་༥༠༠ མ་ཟིན་ཙམ་ཡོད་པ་དུས་ཆེན་དང་མཛད་སྒོའི་སྐབས་བཀོལ་སྤྱོད་བྱེད་མུས་ཡིན། ཕྱི་ལོ་༢༠༠༨ ལོར་སམ་བྷོ་ཊ་དབུས་སྤྱི་ཁྱབ་འཛིན་སྐྱོང་ཡིག་ཚང་གི་བཀའ་འཁྲོལ་འོག་སློབ་གྲྭའི་སྐྱེལ་འདྲེན་གྱི་ལས་དོན་ཆེད་སྣུམ་འཁོར་གཅིག་གསར་གཟིགས་གནང་བས་སློབ་ཕྲུག་སྨན་གཏུགས་དང་དོ་ཆས་འོར་འདྲེན་ཐོག་ཕན་ཐོགས་ཆེན་པོ་བྱུང་ཡོད། ཕྱི་ལོ་༢༠༠༨ ལོར་སློབ་གྲྭའི་སིལ་སྤོལ་རྩེད་ཐང་གསར་རྒྱག་ལེགས་གྲུབ་བྱུང་བས་དགེ་སློབ་རྣམས་དགའ་སྤྲོ་ཆེན་པོའི་ངང་སིལ་སྤོལ་རྩེད་འགྲན་སོགས་སུ་འཛུལ་ཞུགས་དང་བདག་གཅེས་བྱེད་བཞིན་ཡོད།
༣། སློབ་འཇུག་དང་ཡིག་རྒྱུགས་གནས་སྟངས།
ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་སྡོམ་རྩིས་བྱས་པ་ལྟར་ན། ལོ་དེར་བྷུན་ཏར་གཏན་སློབ་ཏུ་སློབ་ཕྲུག་བུ་༥༨ དང་བུ་མོ་༧༢ བཅས་ཁྱོན་བསྡོམས་༡༣༠ ཡོད་པའི་ནང་བོད་ཕྲུག་༡༡༤ ཡོད་པ་ཚང་མ་གཏན་སློབ་ཡིན་པ་དང༌། བོད་རིགས་མ་ཡིན་པའི་སློབ་ཕྲུག་༡༦བུ་༡༠ དང་བུ་མོ་༦ ཡོད་པ་ཉིན་སློབ་ཡིན། དགེ་རྒན་༡༡ དང་ལས་བྱེད་༡༢ བཅས་ཁྱོན་བསྡོམས་དགེ་ལས་༢༣ ཡོད། སློབ་གྲྭ་འདིའི་ཕྱི་ལོ་༢༠༠༢ ལོ་ནས་༢༠༠༩ བར་གྱི་སློབ་ཕྲུག་གྲངས་འབོར་གནས་སྟངས་གཤམ་གསལ། སློབ་གྲྭ་འདི་དབུ་འཛུགས་གནང་བ་ནས་ད་བར་ལོ་རེ་བཞིན་དགེ་ལས་སློབ་ཕྲུག་གི་གྲངས་འབོར་འཕར་ཆ་སོང་བ་ལྟར་འཛིན་རིམ་ཡང་སྤར་ཆ་ཕྱིན་ཡོད། སློབ་མ་རྣམས་ཀྱི་སྒོ་གསུམ་གྱི་འཚར་ལོངས་ཡར་རྒྱས་ཡོང་སླད་ཕྱི་ནང་གི་མཐུན་རྐྱེན་ཕལ་ཆེ་བ་མ་ཚང་བ་མེད་ཅིང༌། བྷུན་ཊར་སཾ་བྷོ་ཊ་གཏན་སློབ་འདི་ཉིད་ཕྱི་ལོ་༢༠༠༢ ལོར་གསར་འཛུགས་གནང་བ་ནས་བཟུང་ཕྱི་ལོ་༢༠༠༩ བར་འཛིན་རིམ་མཐོ་ཤོས་སློབ་མའི་ལོ་འཁོར་ཡིག་རྒྱུགས་ཀྱི་གནས་སྟངས་གཤམ་གསལ།
ལོ་རིམ། | འཛིན་གྲྭ | སློབ་མའི་གྲངས། | ཡིག་རྒྱུགས་འཕྲོད་པ། |
༢༠༠༢།༢༠༠༣ | ༨ | ༩ | ༡༠༠ |
༢༠༠༣།༢༠༠༤ | ༨ | ༡༤ | ༩༣་༣ |
༢༠༠༤།༢༠༠༥ | ༩ | ༡༥ | ༧༣་༣ |
༢༠༠༥།༢༠༠༦ | ༩ | ༣༣ | ༨༤་༨༤ |
༢༠༠༦།༢༠༠༧ | ༡༠ | ༢༤ | ༩༦ |
༢༠༠༧།༢༠༠༨ | ༡༠ | ༢༩ | ༩༦་༥༥ |
༢༠༠༨།༢༠༠༩ | ༡༠ | ༣༦ | ༨༦་༡༡ |
༤། ཤེས་ཡོན་ལས་རིམ།
ཕྱི་ལོ་༢༠༠༤ ཟླ་༩ པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་སྤྱི་མོས་གཏན་འབེབས་གནང་བ་དེ་ནི་བཙན་བྱོལ་བོད་མིའི་ཤེས་ཡོན་ལོ་རྒྱུས་ཀྱི་དཀྱོགས་མཚམས་གལ་ཆེན་ཞིག་ཡིན། སྲིད་བྱུས་དགོངས་དོན་ལག་བསྟར་ལ་དགོས་ངེས་ཀྱི་སྦྱོང་བརྡར་དང་གྲ་སྒྲིག་ལེགས་པར་བྱས་རྗེས། ཕྱི་ལོ་༢༠༠༧ ལོར་སམ་བྷོ་ཊ་བོད་གཞུང་སློབ་གྲྭའི་ཁྱབ་ཁོངས་སློབ་ཁག་རྣམས་སུ་ཤེས་ཡོན་སྲིད་བྱུས་ཀྱི་ལྟ་གྲུབ་དང་ལམ་སྟོན་ལག་བསྟར་གནང་འགོ་བརྩམས་པས། འདས་པའི་ལོ་རྒྱུས་རིང་གི་ཉམས་མྱོང་ལ་ཕྱི་མིག་ལྟ་སྐབས། བྷུན་ཏར་སློབ་གྲྭ་ལྟ་བུར་མཚོན་ན་སློབ་གྲྭའི་དུས་རྒྱུན་གནས་སྟངས་དང༌། དགེ་ལས་རྣམས་ཀྱི་ལྟ་གྲུབ་དང་གོ་རྟོགས། སློབ་ཁྲིད་དང་ཆེད་ལས་ནུས་རྩལ་བཅས་གང་ཅིའི་ཐོག་ཁྱད་པར་མངོན་གསལ་འགྲོ་བཞིན་ཡོད། ལྷག་པར་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་སློབ་མར་བསླབ་གཞི་འདེམས་སྟངས་དང༌།
སློབ་ཁྲིད་ཀྱི་ནང་དོན་རྒྱས་བསྡུས། མི་ཚེའི་དམིགས་ཡུལ་འཛིན་སྟངས། བོད་ཀྱི་ཆོས་དང་རིག་གཞུང་ལའང་དོ་སྣང་དང་དགའ་ཞེན་འདྲེན་ཐབས། བོད་ཡིག་འབྲི་ཀློག་དག་གསུམ་གཙོ་གནད་དུ་བཟུང་སྟེ་སྐད་དང་གོམས་གཤིས་རྒྱུད་འཇགས་ཡོང་ཐབས། ཡིག་རྒྱུགས་དང་གདེང་དཔྱད་ཀྱི་ཐབས་ལམ་ཡར་རྒྱས་བཏང་སྟེ་དུས་ཡུན་ཆུ་ཚོད་འགའི་རིང་སློབ་མའི་ལོ་ངོ་ཧྲིལ་པོའི་ཡར་རྒྱས་ལ་ཚད་འཇལ་བྱ་རྒྱུ་མཚམས་བཞག་སྟེ། ཕྱོགས་ཡོངས་ནས་ཉམས་ཞིབ་དང་རྒྱུན་མཐུད་ཀྱི་བརྟག་ཞིབ་ཟུང་འབྲེལ་གྱིས་སློབ་མའི་སློབ་སྦྱོང་དང་འཚར་ལོངས་ལ་གདེང་འཇོག་བྱ་རྒྱུ་སོགས་ཤེས་ཡོན་གྱི་ལས་དོན་མང་པོ་སྤེལ་བའི་མཇུག་འབྲས་སུ། དགེ་ལས་དང་སློབ་ཕྲུག་ཡོངས་ཀྱི་སྤྲོ་སེམས་དང་གཤིས་སྤྱོད་སོགས་ཀྱི་ཡར་རྒྱས་ལ་དོན་ཕན་ཆེན་པོ་བྱུང་ཡོད། སློབ་གྲྭའི་ནང་ཤེས་ཡོན་དང་འབྲེལ་བའི་དམིགས་གསལ་ལས་གཞི་སྤེལ་དང་སྤེལ་མུས་ཁོངས་ཆ་ཤས་ཤིག་ཟུར་འདོན་ཞུས་པ་གཤམ་གསལ། རང་རེའི་སློབ་མ་རྣམས་ཀྱི་དངོས་ཡོད་འཚོ་བའི་ཁྲོད་དམངས་གཙོའི་ལྟ་གྲུབ་དང་ལག་ལེན་ར་སྤྲོད་གསལ་པོ་འབྱུང་ཆེད།
ཕྱི་ལོ་༢༠༠༦ ཟླ་བ་༦ ཚེས་༢༣ ཉིན་སློབ་མའི་བཀའ་ཤག་ཟུར་བཙུགས་ཀྱི་དུས་ཚོད་གཏན་འབེབས་བྱས་ཏེ། ཟླ་རེར་སློབ་ཕྲུག་འདུ་འཛོམས་ཀྱིས་ལས་གཞི་སྤེལ་མུས་ཡིན། ཞལ་ཟས་ལྷག་རོ་རྣམས་ཆུད་ཟོས་སུ་མི་འགྲོ་ཆེད་འབུ་ལུད་(Vermicompost)བཟོས་ཏེ་སྐབས་ཐོག་ཚལ་ཞིང་ནང་འོར་འདྲེན་གྱིས་བེད་སྤྱོད་བྱེད་པ་དང༌། སློབ་གྲྭའི་ཚལ་ཞིང་ནང་ནམ་དུས་ཀྱི་འགྱུར་བ་ལ་བསྟུན་ནས་ཚལ་རིགས་འདེབས་ལས་བྱེད་པ་དང་བསྟུན། འདེབས་ལས་དང་འབྲེལ་བའི་ཚན་རིག་དང་སྤྱི་ཚན་སོགས་ཀྱི་སློབ་འཁྲིད་ལམ་སྟོན་དང་ལག་བསྟར་བྱས་ཏེ། ད་བར་ཚལ་ཞིང་གི་ཐོན་སྐྱེད་གང་ལེགས་བྱུང༌། སློབ་མ་རྣམས་ཀྱི་ལུས་སེམས་བདེ་ཐང་རྒྱུན་གནས་ཡོང་སླད་ཕྱི་ལོ་༢༠༠༦ ནས་ཉིན་ལྟར་ཞོགས་པ་དབུགས་སྦྱོང་དང་ཡོ་གའི་ལུས་རྩལ་གྱི་སྦྱོང་བརྡར་སྤྲོད་བཞིན་ཡོད་ལ། སློབ་མའི་རྣམ་དཔྱོད་ཀྱི་ནུས་པ་མཐོར་འདེགས་ཆེད་བོད་ཀྱི་ཐུན་མོང་མ་ཡིན་པའི་མཚན་ཉིད་རིག་པའི་འཇུག་སྒོ་རིགས་ལམ་རྩོད་གྲྭ་འགོ་འཛུགས་ཀྱིས་སློབ་སྟོན་དང་སྦྱོང་བརྡར་སྤྲོད་མུས་ཡིན། སློབ་ཚན་དང་འབྲེལ་བའི་ཤེས་ཡོན་རིགས་སློབ་མ་ཚོས་དངོས་སུ་མིག་མཐོང་ལག་ཟིན་གྱི་སྒོ་ནས་ཤེས་རྟོགས་ཐུབ་སླད། ཀུ་ལུ་རྫོང་ཁོངས་ཀྱི་ཤེས་ཡོན་བསྟི་གནས་ཁག་དང༌། ཡིག་ཚང་དང་དཔེ་མཛོད་ཁང༌། དེ་བཞིན་བཟོ་གྲྭ་ཁག རྒྱ་གར་གཞུང་གི་སློབ་གྲྭ་དང་དངུལ་ཁང་སོགས་ལ་ཤེས་ཡོན་ལྟ་སྐོར་དུ་འཁྲིད་བཞིན་ཡོད།
རེས་གཟའ་ཉི་མ་ནམ་ཡིན་ལ་ྋགོང་ས་མཆོག་གི་བླང་དོར་བཀའ་སློབ་ཇི་བསྩལ་རྣམས་ཉལ་ཁང་ནང་རྒྱང་བསྒྲགས་བརྒྱུད་གཏོང་བ། ཤེས་ཚད་ཞན་པའི་སློབ་མ་རིགས་ཟུར་འདོན་གྱིས་དམིགས་བཀར་གྱི་གཟིགས་རྟོགས་གནང་བ་དང༌། སློབ་མ་རྣམས་ལ་དྲ་རྒྱ་དང་འོད་སྡེར་ནང་བོད་དོན་དང་འབྲེལ་བའི་གནས་ཚུལ་ཇི་ཡོད་བསྡུ་རུབ་ཀྱིས་དུས་ཐོག་ཏུ་གཟིགས་འབུལ་ཞུ་མུས་ཡིན། ལོ་རེར་བོད་གཞུང་སློབ་གྲྭ་སྤྱི་མཚུངས་བཞིན་བུམ་སྐྱོན་གསུམ་བྲལ་གྱི་སློབ་ཕྲུག་བུ་༡ དང་བུ་མོ་༡ བཅས་འདེམས་སྒྲུག་བྱེད་མུས་ཡིན་ལ། ཕྱི་ལོ་༢༠༠༨ ལོར་སློབ་ཕྲུག་བུ་ཀུན་བཟང་དཔལ་འབྱོར་དང༌། བུ་མོ་གུ་རུ་མཚོ་མོ་གཉིས་ལ་བུམ་སྐྱོན་གསུམ་བྲལ་གྱི་བྱ་དགའ་དང་ལག་འཁྱེར་གསོལ་རས་གནང༌། དེ་བཞིན་ལོ་རེར་སམ་བྷོ་ཊ་བོད་སློབ་གཞན་དང་སྤྱི་མཚུངས་ལྟར་ལོ་འཁོར་རྩེད་འགྲན་ནང་སིལ་སྤོལ་དང༌། དྲ་སྤོལ། ཅོག་ཙེའི་སྤོ་ལོ། རྐང་སྤོལ། ཀིར་ཀེཊི་སོགས་ཀྱི་རྩེད་འགྲན་དང༌། ལོ་འཁོར་རིག་གཞུང་འཁྲབ་སྟོན་ཁྲོད་སྲོལ་རྒྱུན་དང་དེང་རབས་ཀྱི་གཞས་དང་ཞབས་བྲོ། གཏམ་བརྗོད་འཁྲབ་སྟོན། བཙན་བྱོལ་བོད་གཞུང་ཐོག་དྲི་བརྩད་དང་བགྲོ་གླེང༌། བོད་ཡིག་བགྲོ་གླེང༌། ཨིན་ཧིན་ངག་རྩལ་འགྲན་བསྡུར། ཀམ་པུ་ཊར་ལྕགས་དཔར་སྒྱུ་རྩལ། མིག་མངས། རི་མོ། ཡིག་གཟུགས། འགྲེམས་སྟོན་སོགས་སློབ་སྦྱོང་ལ་གཞོགས་འདེགས་ཀྱི་བྱེད་སྒོ་ལོ་འཁོར་ལས་འཆར་ལྟར་ལག་བསྟར་ཞུས་ཏེ་ཨང་རིམ་རྩེ་ཕུད་རྣམས་ལ་བྱ་དགའ་གནང་མུས་ཡིན། གཞན་ཡང་འཛིན་གྲྭ་ནང་ཁུལ་བོད་ཡིག་འབྲི་ཀློག་དག་ཆ་དང་ཡིག་གཟུགས་རིག་རྩལ་བཅས་ཟླ་རེར་སྦྱོང་བརྡར་སྤྲོད་བཞིན་པའི་ཐོག སློབ་གྲྭའི་ཁོར་ཡུག་ཚོགས་ཆུང་དང་འཛིན་གྲྭ་རྒན་པའི་སློབ་མ་རྣམས་ཀྱིས་གྲོང་སྡེ་གཙང་བཟོས་ལས་འཆར་སྤེལ་བ་དང༌། སྤྱི་ཚོགས་རིག་གནས་སློབ་ཚན་ཐོག་འཛིན་གྲྭ་ཡོངས་ཀྱི་སློབ་མས་འགྲེམས་སྟོན། བོད་ལྗོངས་ངའི་ཕ་ཡུལ་ཉིན་སྲུང་བརྩི་ཞུས་ཏེ་འཛིན་གྲྭ་དྲུག་པ་ནས་བཅུ་པ་བར་སློབ་མས་བོད་པའི་རིག་གཞུང་དང་འབྲེལ་བའི་འགྲེམས་སྟོན་བྱེད་པ་དང་དེའི་ཐོག་དྲི་རྩལ་འགྲན་སྡུར་བྱེད་མུས་ཡིན། དཔེ་མཛོད་དོ་དམ་པས་ཟླ་རེར་ཞོགས་ཚོགས་སྐབས་དགེ་ལས་སློབ་མ་ཡོངས་ལ་བོད་དོན་དང་འབྲེལ་བའི་གནས་ཚུལ་གལ་ཆེ་ཁག་བསྡུ་རུབ་ཀྱི་སྙན་སྒྲོན་བྱེད་བཞིན་པ་དང༌། སློབ་གྲྭའི་མདུན་ལམ་ལམ་སྟོན་པས་ཟླ་རེའི་ནང་འཛིན་རིམ་བརྒྱད་པ་ནས་བཅུ་པ་བར་སློབ་མར་ན་གཞོན་གྱི་ཤེས་ཡོན་སློབ་སྟོན་གནང་མུས་ཡིན།
༥། གཞུང་འབྲེལ་འཚམས་གཟིགས།
སློབ་གྲྭར་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་མི་སྣ་གལ་ཆེར་གཟིགས་སྐོར་ཕེབས་པ་རྣམས་ནི། ཏའི་སི་ཏུ་རིན་པོ་ཆེ་དང༌། ྋགོང་ས་མཆོག་གི་གསུང་སྒྱུར་བ་དགེ་བཤེས་རྡོ་རྗེ་དགྲ་འདུལ། དགེ་བཤེས་པདྨ་རིན་ཆེན། གུ་རུ་སྤྲུལ་སྐུ་རིན་པོ་ཆེ། སཾ་བྷོ་ཊ་བོད་གཞུང་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག རང་གཞུང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ། བོད་ཀྱི་སྤྱི་འཐུས་ཚོགས་མི་དགེ་བཤེས་ཚེ་རིང་པོ་དང་རྒན་བསོད་ནམས་དགྲ་འདུལ། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བསྟན་པ་ལགས་དང་ཕྱག་རོགས་དགེ་བཤེས་ཡེ་ཤེས་ཕུན་ཚོགས་ལགས། སྤི་ཏིའི་མཁས་དབང་སྟོབས་ལྡན་ལགས། བོད་མི་དམངས་ཀྱི་སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག ཀུ་ལུ་ས་གནས་དཔོན་རིགས་ཧར་དེ་ཤི་(Sh. Hardesh, ASP Kullu)དང་བྷུན་ཏར་དཔོན་རིགས་ཨོ་སིང་(Sh. O. Singh, SHO Bhuntar) ལྡེ་ར་ལྡུན་ས་གནས་ཁྲིམས་དཔོན་རྒན་ངག་དབང་ཐུབ་བསྟན་དང་ཕྱག་རོགས་རྒན་བསྟན་འཛིན་ལྷུན་གྲུབ་ལགས། ཀུ་ལུའི་འགན་འཛིན་ཀརྨ་སེང་གེ་ལགས་བཅས་མཁས་དབང་དང་འགན་ཡོད་རྣམས་ཆེད་ཕེབས་ཀྱིས་བོད་ཀྱི་ཆོས་རིག་རྒྱུན་འཛིན་དང་དགེ་སློབ་རྣམས་ཀྱི་གོ་རྟོགས་སྤེལ་བའིལམ་སྟོན་བཀའ་སློབ་གནང་བས་ཤེས་ཡོན་ཐད་གོ་རྟོགས་འཕེལ་རྒྱས་ལ་དགེ་ཕན་གང་ཆེ་བྱུང༌།
མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ།
དཀར་ཆག
༡། འགོ་འཛུགས།།
༢། མཐུན་རྐྱེན་འཛུགས་སྐྲུན།
༣། སློབ་འཇུག་དང་ཤེས་ཡོན་སྒྲོམ་གཞི།
༤། ཤེས་ཡོན་སློབ་སྟོན་གྱི་གནས་སྟངས།
༥། གཞུང་འབྲེལ་འཚམས་གཟིགས།
༡། འགོ་འཛུགས།
ཕྱི་ལོ་༢༠༠༤ ཟླ་༩ པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་སྤྱི་མོས་ཐོག་གཏན་ལ་ཕབ་པ་དང་འབྲེལ། བོད་གཞུང་འཛིན་སྐྱོང་བཀའ་ཤག་དང་ཤེས་རིག་ལས་ཁུངས་ཀྱི་ཐུན་མོང་བཀའ་དགོངས་འོག ཤེས་ཡོན་སྲིད་བྱུས་ཀྱི་དོན་ཚན་བཅུ་བཞི་པའི་ནང་ཚན་གཉིས་པར། བྱབྱདཔེ་སྟོན་དང་ཉམས་གསོག་སླད་སྲིད་བྱུས་འདི་རྐང་འཛིན་ལག་ལེན་བྱ་ཡུལ་སློབ་ཁང་གསར་པ་གཅིག་གཉིས་ཤིག་གང་མྱུར་འགོ་འཛུགས་ཐུབ་པ་བྱ་རྒྱུ།བྱབྱ ཞེས་གསལ་བ་ལྟར། སྲིད་བྱུས་ཀྱི་དགོངས་དོན་ཡོངས་སུ་མཐུན་པའི་དཔེ་སྟོན་སློབ་གྲྭ་ཞིག་དུས་ཡུན་ནར་འགྱངས་མེད་པར་འགོ་འཛུགས་གནང་སླད། བོད་གཞུང་ཤེས་རིག་ལས་ཁུངས་ནས་བོད་གཞུང་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་མིའི་ལག་ཤེས་བཟོ་གྲྭ་ཞིག་ཉེ་སྔོན་སྒོ་བརྒྱབས་ཟིན་པ་དེའི་ས་ཆ་དང་ཁང་ཁུངས་ཆེ་ཆུང་གསུམ་ཡོད་པའི་སྒྲོམ་གཞིར་བཟོ་བཅོས་དང་སྦྲགས། དགོས་མཁོའི་ཁང་ཁུངས་འཛུགས་སྐྲུན་དང་འཛིན་ཆས། རྒྱུན་མཁོའི་ཡོ་བྱད་གསར་ཉོ་བཅས་ལོ་ངོ་གཅིག་ཙམ་གྱི་རིང་ཚ་ཚ་འུར་འུར་ངང་མཇུག་སྐྱོང་ལེགས་གྲུབ་བྱུང་བ་མ་ཟད།
ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོས་བྱབྱམེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་བྱབྱ ཞེས་སློབ་གྲྭར་མཚན་གསོལ་སྩལ་པ་དང་འབྲེལ། བོད་གཞུང་ཤེས་རིག་ལས་ཁུངས་ནས་དཔེ་སྟོན་སློབ་གྲྭ་འདི་ཉིད་དམིགས་བསལ་འཛིན་སྐྱོང་བྱེད་པོར་སམ་བྷོ་ཊ་བོད་སློབ་སྤྱི་ཁྱབ་ལས་ཁང་གིས་རྩིས་འབུལ་འགན་བསྐུར་གནང་སྟེ། དཔལ་ལྡན་བོད་གཞུང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཕྱི་ལོ་༢༠༠༥ ཟླ་༡༠ ཚེས་༡༠ ཉིན་བཟང་པོར་དབུ་འབྱེད་གནང༌།
སློབ་གྲྭ་ཐོག་མ་དབུ་འཛུགས་སྐབས་ཞག་སྡོད་སློབ་ཕྲུག་གྲངས་༨༤ དང༌། ཉིན་མོའི་སློབ་ཕྲུག་གྲངས་༢༢ བཅས་ཁྱོན་བསྡོམས་སློབ་གྲངས་༡༡༦ ཡོད་པ་དང༌། ཤེས་ཡོན་དང་བདེ་དོན་བལྟ་རྟོགས་ཆེད་དགེ་རྒན་༡༠ འཛིན་སྐྱོང་ལས་བྱེད་དང་སྨན་ཞབས་པ། མ་ཚབ། མ་བྱན། གཉེར་པ་བཅས་ལས་མི་༢༤ ཡོད།
མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་འདིའི་དགེ་རྒན་རྣམས་ནི། ཕྱི་ལོ་༢༠༠༥ ལོར་ས་རཱ་བོད་ཀྱི་མཐོ་སློབ་ནས་འབྲིང་རིམ་དགེ་རྒན་འོས་སྦྱོང་སློབ་ཐོན་པའི་ཁྲོད། སྦྱངས་འབྲས་ལེགས་གྲས་སློབ་ཐོན་པ་ཁག་ཅིག་ལ་དུས་ཡུན་ཟླ་བ་གསུམ་རིང་ཤེས་ཡོན་སྲིད་བྱུས་ཀྱི་དམིགས་བསལ་སྦྱོང་བརྡར་ཐོན་མཁན་གྱི་དགེ་རྒན་གསར་པ་ཤ་སྟག་ཡིན། དགེ་རྒན་འདི་དག་དགུང་ལོ་གཞོན་ཞིང་དཀའ་སྤྱད་ཀྱི་སྙིང་སྟོབས་དང་ཁུར་སེམས་ལྡན་པས། སློབ་གྲྭ་འདི་ཉིད་གསར་འཛུགས་གནང་ནས་ལོ་འགའ་ཞིག་སོང་མ་ཐག་ནས་སློབ་གྲྭ་གཞན་དང་མི་འདྲ་བར་སྤྱི་ཚོགས་ཐོག་དམིགས་བསལ་ཐུགས་སྣང་དང་བསྔགས་བརྗོད་རྒྱུན་ཆད་མེད་པར་ཐོབ།
སློབ་གྲྭ་འདིའི་སློབ་སྤྱི་ཐོག་མ་ངག་དབང་ཐབས་མཁས་ལགས་ཡིན་ཡང༌། ཕྱི་ལོ་༢༠༠༧ ལོར་ཁོང་སྙུན་གཞིའི་རྐྱེན་གྱིས་གཤེགས་རྗེས་སམ་བྷོ་ཊ་དབུས་ཡིག་ཚང་གིས་ཐད་ཀར་གཟིགས་རྟོག་གནང་ཡོད། ཕྱི་ལོ་༢༠༠༨ ནས་ཚེ་རིང་གཡུ་སྒྲོན་ལགས་དགེ་ཆེར་གསར་བསྐོས་ཀྱིས་ཕྱག་ལས་གནང་བཞིན་ཡོད།
༢། མཐུན་རྐྱེན་འཛུགས་སྐྲུན།
རང་གཞུང་ཤེས་རིག་ལས་ཁུངས་ཀྱི་སློབ་འཇུག་སྲིད་བྱུས་ལྟར། ཕྲུ་གུའི་གཤིས་སྤྱོད་སྤྱི་དང་ལྷག་པར་ཕ་མ་དང་ཁྱིམ་ཚང་གི་ཁོར་ཡུག་དང་ཤུགས་རྐྱེན་འབྱུང་སླད། གཏན་ཉིན་སློབ་གྲྭ་ཁག་ཏུ་སློབ་འཇུག་སྐབས་ཉིན་སློབ་གཙོར་འཛིན་བྱ་རྒྱུ། ཉིན་སློབ་ཀྱི་མཐུན་རྐྱེན་མེད་པ་དང་དྭ་ཕྲུག བོད་འབྱོར་ཕྲུ་གུ་རྣམས་གཏན་སློབ་ནང་དགོངས་བཞེས་གནང་མུས་བཞིན། དཔེ་སྟོན་སློབ་གྲྭ་འདི་ཉིད་ཐོག་མར་དབུ་བརྙེས་སྐབས་སྤྱི་ཚོགས་ནང་རེ་དོགས་སྣ་ཚོགས་ཡོད་པས། ཉིན་སློབ་ནང་སྙན་ཞུ་འབུལ་མཁན་སློབ་ཕྲུག་ཧ་ཅང་ཉུང་སྟབས། རྒྱ་གར་ཤར་ཕྱོགས་མོན་རྟ་དབང་གི་ཊུ་ཊིང་ཁུལ་དང༌། གཞན་ཡང་ལྷོ་ཁུལ་ཨོ་རི་ས་དང་ཀོ་ལི་སྒལ་སོགས་ནས་གཏན་སློབ་མི་ཉུང་བ་ཞིག་འདེམས་སྒྲུག་གིས་གཏན་སློབ་དང་ཉིན་སློབ་ཟུང་འབྲེལ་གྱིས་སློབ་འཇུག་གནང་ཡོད། གཏན་སློབ་སློབ་ཕྲུག་ཕལ་ཆེ་བ་རྨང་གཞིའི་ཤེས་ཚད་ཞན་པའི་ཁར། ཊུ་ཊིང་སློབ་ཕྲུག་རྣམས་ཀྱིས་བོད་སྐད་ཀྱིས་གོ་བརྡ་ཙམ་ཡང་འཕྲོད་དཀའ་ནའང༌། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ལག་བསྟར་གྱིས་སྤྱི་ཚོགས་ཁྲོད་མིག་དཔེ་བཟང་པོ་སྟོན་སླད། སློབ་ཁྲིད་ཀྱི་ཉམས་མྱོང་མེད་པའི་དགེ་རྒན་འདི་དག་གིས་གདེང་སྤོབས་ཆེན་པོས་དཀའ་ངལ་ལ་གདོང་ལེན་བྱས་ཏེ། ལག་ལེན་གྱི་ཁྲོད་ནས་བསླབ་བྱ་ལེན་བཞིན་དཀའ་སྤྱད་འབད་འབུངས་བྱས་པའི་ཉེར་ལེན་ལ་བརྟེན། རིམ་བཞིན་སློབ་གྲྭའི་ཤེས་ཡོན་གྱི་གནས་ཚད་ཡར་རྒྱས་བྱུང་བ་དང་བསྟུན་བཞུགས་སྒར་ཁུལ་གྱི་ལས་བྱེད་དང་མི་མང་དཀྱུས་མ་གང་མང་ཞིག་གིས་ཐུགས་སྣང་དང་དང་དོད་ཆེན་པོས་ལོ་རེ་བཞིན་སློབ་འཇུག་འཚང་ཁ་ཤིག་ཤིག་འབྱུང་མུས་ལ་བརྟེན། གཏན་སློབ་སློབ་མ་བསྡུ་རྒྱུ་མཚམས་འཇོག་གནང་ཡོད།
ཐོག་མར་དྷ་ཤོད་བོད་ཁྱིམ་སློབ་གྲྭའི་ཐག་ཉེ་གྷམ་རུ་གྲོང་གསེབ་ཏུ་ཡོད་པའི་བོད་མིའི་མཉམ་ལས་བཟོ་གྲྭའི་ཤུལ་དུ་དཔེ་སྟོན་སློབ་གྲྭ་འཛུགས་གཏན་འཁེལ་ཏེ། ཕྱི་ལོ་༢༠༠༥ ཟླ་༤ པར་འཇར་མིན་གྱི་སྦྱིན་བདག་ཀི་ཀུ་དང༌། ཧི་རོ་ཡུ་ཀི་ཨོ་ཀི ནོར་ཝེའི་རྒྱལ་ས་ཨོ་སི་ལོའི་ཊེལ་གར་ཡུང་ཌོམ་སློབ་གྲྭ སུད་སི་བོད་ཀྱི་གྲོགས་པོ། ཨིན་ཡུལ་གྱི་བོད་ཀྱི་ཁང་པའི་ཡིད་ཆེས་དགེ་རྩ་བཅས་ཀྱིས་ཁྱོན་བསྡོམས་ཧིན་སྒོར་འབུམ་༡༧ ལྷག་གི་རོགས་རམ་འོག་སློབ་ཁང་དང་ར་བ་བཅས་ལ་ཞིག་གསོ་དང་ལེགས་བཅོས་བྱ་འགོ་བརྩམས། སློབ་ཁང་གི་འཛིན་ཆས་དང་ཐབ་ཚང་སོགས་ཀྱི་འགྲོ་གྲོན་ཐོག་ར་ཇི་པུར་ཨཡེ་ཨེམ་(SOIR-IM)རོགས་ཚོགས་ཀྱིས་རོགས་རམ་རྒྱབ་སྐྱོར་གནང་ཡོད།
བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་རོགས་རམ་ཐབས་འཚོལ་འོག་ཌན་མག་གཞུང་གི་རྒྱལ་སྤྱིའི་ཤེས་ཡོན་མཉམ་འབྲེལ་ལྟེ་གནས་(Centre for International Cooperation in Education (CICE) – Copenhagen, Denmark)ནས་རོགས་དངུལ་ཕོན་ཆེན་བཏང་སྟེ། ཐོག་མའི་ཆར་འཛིན་ཁང་༥ དང༌། ཉལ་ཁང་༣ དཔེ་མཛོད་ཁང་དང་ཚོགས་ཁང་གཅིག་ལྕོགས་༡ གསོལ་ཚིགས་ཁང་༡ ཀམ་པུ་ཊར་སྦྱོང་བརྡར་སྡེ་ཚན། སྨན་ཁང་བཅས་གསར་རྒྱག་ལེགས་གྲུབ་བྱུང་བ་བཀོལ་སྤྱོད་ཀྱིས་སློབ་འགོ་བཙུགས།
ཕྱི་ལོ་༢༠༠༦ ལོར་སློབ་གྲྭའི་ར་བར་ཚལ་ཞིང་ཆུང་ཆུང་ཞིག་བཟོས་ཏེ་སློབ་ཕྲུག་ཚོར་ཚན་རིག་དང་འབྲེལ་ཡོད་སློབ་ཚན་ལ་གཞོགས་འདེགས་དང་སློབ་ཕྲུག་ཚོའི་རྒྱུན་ཤེས་དང་ནུས་རྩལ་ཡར་རྒྱས་ཆེད་བཀོལ་སྤྱོད་བྱེད་མུས་ཡིན། བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་ཆུ་དང་གཙང་འཕྲོད་ལས་གཞིའི་ཁོངས་ནས་རོགས་དངུལ་སྒོར་༣༩༨༢༥༠ གནང་དོན་བཞིན་ཆུ་མཛོད་དང་གསང་སྤྱོད་ལས་གཞི་ལག་བསྟར་མཇུག་སྐྱོང་བྱས།
ད་ཡོད་སློབ་ཕྲུག་༡༧༤ ནང་ཉིན་མོའི་སློབ་ཕྲུག་གྲངས་༧༥ ཙམ་ཡོད་པ་སྔ་གོང་སྐྱེལ་འདྲེན་ཆེད་འགྲུལ་འཁོར་ཞིག་དགོས་ངེས་ལ་བརྟེན། ཐོག་མའི་ཆར་རྒྱ་གར་གྱི་ཇིབ་འཁོར་མི་གླས་ཐབས་མེད་བྱུང་ཡོད་ནའང༌། ཕྱི་ལོ་༢༠༠༨ ལོར་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་ནས་བོད་གཞུང་ཤེས་རིག་ལས་ཁུངས་བརྒྱུད་རོགས་རམ་ཐབས་འཚོལ་གྱིས་འགྲུལ་སྤྱོད་རླངས་འཁོར་གསར་གཟིགས་ཀྱིས་གསོལ་རས་སྩལ་བས་ཕན་ཐོགས་ཆེན་པོ་ཐོབ།
ཕྱི་ལོ་༢༠༠༩ ལོར་སླར་ཡང་ཀམ་པུ་ཊར་༢༠ གསར་གཟིགས་ཀྱིས་འཛིན་རིམ་བཞི་པ་ཡན་གྱི་སློབ་མ་ཚོར་ཀམ་པུ་ཊར་སློབ་སྦྱོང་སྦྱོར་སྤྲོད་བྱེད་མུས་ཡིན།
དེ་བཞིན་ཕྱི་ལོ་༢༠༠༦ ནས་༢༠༠༨ བར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་བརྒྱུད་སློབ་གྲྭའི་ནང་རིག་གཞུང་འཁྲབ་སྟོན་རོལ་ཆ་དང་འཁྲབ་ཆས། སློབ་ཁྲིད་ཡོ་ཆས་སོགས་རྒྱ་ཆེར་རོགས་སྐྱོར་གནང་བ་དཔེར་ན་སྒྲ་སྙན་ཆེ་ཆུང་དང༌། པི་ཝང་ཆེ་ཆུང༌། རྔ་ཆེན། རྒྱུད་མངས་སོགས་རོལ་ཆ་སྣ་མང་ཁྱོན་བསྡོམས་གྲངས་༣༠ ལྷག་དང༌། བོད་ཀྱི་ཡུལ་ལུང་སོ་སོའི་སྲོལ་རྒྱུན་གྱོན་ཆས་དང༌། འཁྲབ་ཆས་སྣ་མང་སྤུས་གཟིགས་ཀྱིས་བཞུགས་སྒར་ཁུལ་གྱི་རྒྱུན་ལྡན་དུས་ཆེན་དང་མཛད་སྒོའི་སྐབས་བཀོལ་སྤྱོད་བྱེད་མུས་ཡིན།
༣། སློབ་འཇུག་དང་ཤེས་ཡོན་སྒྲོམ་གཞི།
སློབ་གྲྭ་འདི་བཙུགས་ལོ་ནས་ཕྱི་ལོ་༢༠༠༩ བར་གྱི་སློབ་འཇུག་གི་གནས་སྟངས་གཤམ་གསལ།
ཤེས་ཡོན་སྲིད་བྱུས་ཀྱི་ལམ་སྟོན་གཙོར་བཟུང་ཐོག་སློབ་གྲྭའི་ནང་སྔོན་འགྲོ་དང་པོ་ནས་གསུམ་པ་བར་མཉམ་བསྲེས་ཀྱིས་ནང་ཁུལ་ཚོགས་ཆུང་དུ་མར་བགོས་ཡོད། འཛིན་རིམ་དང་པོ་ནས་གསུམ་པ་བར་གྱི་མཉམ་བསྲེས་འཛིན་གྲྭ་ནི་བསམ་ཡས་དང༌། སྙེ་ཐང༌། ཞ་ལུ། གསང་ཕུ། རྩེད་ཐང་བཅས་ཡོད་ལ། སྔོན་འགྲོ་ནས་འཛིན་རིམ་གསུམ་པ་བར་བོད་ཀྱི་སྐད་ཡིག་ཁོ་ན་མ་གཏོགས་སྐད་ཡིག་གཞན་སྨྲ་བརྗོད་ཙམ་ཡང་མི་བྱེད། འཛིན་རིམ་བཞི་པ་དང༌། ལྔ་པའི་འཛིན་གྲྭ་ཀ་པ་དང་ཁ་པ་གཉིས་ལ་སྐད་ཡིག་གཉིས་པ་ཨིན་ཇི་དམིགས་བསལ་སློབ་སྟོན་འགོ་འཛུགས་སྐབས། བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་བྱང་རྩལ་དང་རྨང་གཞི་བཟང་པོ་ཡོད་སྟབས། ཟླ་བ་ཁ་ཤས་ནང་ཨིན་ཇིའི་སྐད་ཡིག་གི་གནས་ཚད་འཛིན་གྲྭ་གསུམ་པར་སླེབས་ཐུབ་པ་མ་ཟད། སློབ་ཕྲུག་ཚོས་དོགས་འདྲི་དང་འཚོལ་ཞིབ། གཏམ་གླེང་སོགས་སློབ་སྦྱོང་གི་བྱེད་སྒོ་གལ་ཆེན་ཁག་ནང་རང་སྟོབས་ཀྱིས་འཛུལ་ཞུགས་བྱས་ཏེ། ཨིན་ཡིག་གནས་ཚད་དུས་ཐུང་ནང་ཡར་རྒྱས་ཆེན་པོ་བྱུང་ཡོད།
འོན་ཀྱང༌། འཛིན་རིམ་དྲུག་པ་ནས་བཟུང་ཚན་རིག་དང་རྩིས་རིག་སོགས་བོད་ཡིག་ཁོ་ནའི་ཐོག་སློབ་ཁྲིད་བྱ་རྒྱུར་དགེ་རྒན་དང་ཟུར་དེབ་སོགས་ཀྱི་དཀའ་ངལ་འཕྲད་མུས་ལ་བརྟེན། བོད་ཨིན་སྐད་གཉིས་ཟུང་འབྲེལ་གྱི་ལམ་ནས་སློབ་ཁྲིད་བྱེད་མུས་ཡིན་ནའང༌། མ་སྐད་ལ་བརྟེན་པའི་སློབ་ཁྲིད་ཀྱི་སྤུས་ཚད་ནི་སྐད་ཡིག་གཉིས་པ་ལས་ལེགས་པ་འཇིག་རྟེན་ཆོས་ཉིད་ཡིན་གཤིས། ཕྱིས་སུ་ཆ་རྐྱེན་འཛོམས་འཕྲལ་བོད་ཡིག་གཙོར་བཟུང་ཐོག་སློབ་ཁྲིད་བྱ་འཆར་ཡིན།
སློབ་གྲྭ་འདིར་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་སྔོན་འགྲོ་ནས་གཞི་རིམ་འོག་མ་འཛིན་རིམ་ལྔ་པ་བར་དེ་སྔོན་ལྟར་ཟླ་དྲུག་དང་ལོ་འཁོར་ཡིག་རྒྱུགས་ཞེས་ཆུ་ཚོད་གཅིག་གཉིས་རིང་ཞིབ་དཔྱོད་གདེང་འཇོག་བྱེད་པའི་ལམ་སྲོལ་དོར་ཏེ། ཕྲུ་གུའི་ཕྱོགས་ཡོངས་ཀྱི་ནུས་རྩལ་དང༌། གོ་རྟོགས། དུས་རྒྱུན་སློབ་སྦྱོང་དང་ལས་བྱ། ནམ་རྒྱུན་གྱི་སྤྱོད་ལམ་བཅས་ལ་དགེ་རྒན་སོ་སོས་ཉམས་ཞིབ་རྒྱུན་བསྲིང་བྱས་པ་རྨང་གཞི་གཙོ་བོར་བཞག་པའི་ཐོག ཟླ་གསུམ་དང་ཟླ་དྲུག ལོ་འཁོར་བཅས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ལ་དཔྱད་ཞིབ་ཀྱི་སྒོ་ནས་འཛིན་རིམ་གོང་མར་སྤར་རྒྱུ། ཅི་སྲིད་དམིགས་བསལ་གནས་ཚུལ་འོག་ཕྲུ་གུ་རེ་ཟུང་འཛིན་རིམ་སྤར་རྒྱུ་མིན་པའི་བསམ་ཚུལ་བྱུང་ན། ཕྲུ་གུའི་ཕ་མ་དང་ལྷན་བཀའ་བསྡུར་གྱི་ལམ་ནས་ཐག་གཅོད་བྱ་དགོས་ནའང༌། ད་བར་སློབ་གྲྭ་འདིའི་སློབ་ཕྲུག་གཅིག་ཀྱང་འཛིན་རིམ་སྤར་བར་དགག་བྱའི་རིགས་གཅིག་ཀྱང་བྱུང་མེད།
༤། ཤེས་ཡོན་སློབ་སྟོན་གྱི་གནས་སྟངས།
སློབ་གྲྭ་འདི་ཉིད་ཐོག་མར་ཚུགས་སྐབས་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་གཏན་འབེབས་གནང་བའི་བསླབ་གཞི་ཟུར་དུ་མེད་སྟབས། བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་འཕྲལ་སེལ་འཆར་འགོད་དང་གཏན་འབེབས་གནང་བའི་བསླབ་གཞིའི་རྩ་འཛིན་གཞིར་བཟུང་སློབ་སྟོན་གནང་ཡོད།
སློབ་གྲྭ་འགོ་ཚུགས་པ་ནས་ཕྱི་ལོ་༢༠༠༨ བར་ལོ་ངོ་ཕྱེད་དང་གསུམ་འདས་པའི་རིང༌། དུས་རྒྱུན་ལྟར་ལོ་ན་མཚུངས་པའི་སློབ་ཕྲུག་རྣམས་འཛིན་ཁང་ལོགས་སུ་བཀར་ཏེ། གཏན་འཁེལ་གྱི་སློབ་དེབ་དང༌། དུས་རྒྱུན་འགྱུར་བ་མེད་པའི་སློབ་ཁྲིད་ཀྱི་རྣམ་པ་དང་ཐབས་ལམ་སྤྱད་དེ་དམག་མིའི་སྒྲིག་འཛུགས་ལྟ་བུ་མ་ཡིན་པར། འཛིན་རིམ་དང་པོ་ནས་གསུམ་པ་བར་གྱི་སློབ་ཕྲུག་རྣམས་སྡེ་ཚན་ཁག་བགོས་ཀྱིས་མཉམ་བསྲེས་འཛིན་གྲྭ་ཚོགས་པས། དགེ་རྒན་དང་སློབ་ཕྲུག་གམ། སློབ་ཕྲུག་རྒན་གཞོན་ཕན་ཚུན་དབར་བཅས་གཅིག་ཕན་གཅིག་གྲོགས་དང༌། མཉམ་འབྲེལ། རང་དབང༌། བྱམས་བརྩེ་བཅས་གོང་འཕེལ་གཏོང་ཐབས་དང༌། བྱིས་པའི་རང་གཤིས་དང་བསྟུན་པའི་རང་དབང་དང་ཆ་མཐོང་ལྡན་པའི་སློབ་ཁྲིད་ཐབས་ཇུས་ལག་བསྟར་བྱས་འབྲས་སུ། དུས་རྒྱུན་འཛིན་གྲྭའི་ནང་དངངས་སྐྲག་དང་བློ་འཚུབ། ཉོབ་སྣང་ལྟ་བུའི་ཁོར་ཡུག་ལ་འགྱུར་བ་ཐེབས་ཏེ། སློབ་ཕྲུག་ཚོ་སློབ་གྲྭ་དང་འཛིན་ཁང་ནང་སྡོད་སྙིང་འདོད་པ་དང༌། ཕན་ཚུན་རོགས་ཕན་བྱེད་པ། རང་ཉིད་ཀྱི་བསམ་ཚུལ་འདོན་པར་སྤོབས་པ་ལྡན་པ། བོད་སྐད་གཙང་མ་བཤད་པར་ཡིད་ཆེས་ལྡན་པ་བཅས་ཀྱི་ས་བོན་སྐྲུན་ཐབས་ཐོག་འབད་རྩོལ་བྱས་པས། རིམ་གྱིས་ཤེས་སྤྱོད་གཉིས་ལྡན་གྱི་བོད་མི་བཟང་པོ་ཞིག་ཡོང་ངེས་ཡིན་པའི་རེ་བ་དང་ཡིད་ཆེས་ཡོད།
སྤྱིར་བཏང་ཤེས་ཡོན་གྱི་གྲུབ་འབྲས་བརྗོད་སྐབས་ཕྲུ་གུའི་ད་ཡོད་ཤེས་ཚད་ཁོ་ནར་བལྟོས་ཏེ་འཇལ་ན་མི་འགྲིགས་པར། དུས་སྐབས་ངེས་ཅན་ནང་སློབ་ཕྲུག་སོ་སོའི་ཤེས་ཚད་དང་གཤིས་སྤྱོད་འགྱུར་བ་ཐེབས་ཚད་ཧེ་བག་ལ་གཙོར་བཟུང་ཐོག་བལྟ་གལ་ཆེ་ཞིང༌། ལྷག་པར་ཤེས་ཡོན་སློབ་སྦྱོང་ནི་འཛིན་ཁང་གི་རྩིག་པ་བཞིའི་ནང་ཁོ་ནར་མི་ཚེ་སྐྱེལ་རྒྱུ་ཞིག་མ་ཡིན་པར་བརྟེན། དུས་ཚིགས་ལེགས་ཤོས་སྐབས་སུ་སློབ་ཕྲུག་ཚོར་དུས་ཆེན་དང་ཚོང་འདུས། གནས་གཟིགས། ཆུ་འགྲམ། རི་སྤང་སོགས་སུ་འཁྲིད་དེ་རང་བྱུང་ཁམས་དང་སྤྱི་ཚོགས་ཀྱི་གནས་སྟངས་དངོས་ལ་ལྟ་ཞིབ་དང་གདེང་འཇོག ཕྱོགས་བསྡོམས། བགྲོ་གླེང་བྱ་བའི་བྱེད་སྒོར་དམིགས་བསལ་དམ་དོན་བྱས་ཡོད།
བོད་ཡིག་འབྲི་ཀློག་དག་གསུམ་ཚད་འཕེར་འབྱུང་སླད་བོད་ཡིག་སློབ་སྦྱོང་གི་ལམ་སྲོལ་བཟང་པོ་རྒྱུན་འཛིན་གྱིས་འཛིན་རིམ་དང་པོ་ནས་སྦྱང་ཤིང་སྟེང་ཡིག་གཟུགས་སྦྱོང་འགོ་བཙུགས། གཞན་ཡང་སློབ་ཕྲུག་ནང་ཁུལ་བཀའ་མོལ་གནང་ཕྱོགས་དང༌། དུས་རྒྱུན་གྱོན་ཆས་གོན་སྟངས་ནས་གཙང་སྦྲ་འཕྲོད་བསྟེན་བྱེད་སྟངས། རྒན་བཀུར་གཞོན་སྐྱོང༌། ཞལ་ལག་མཆོད་སྟངས་ཚུན་བོད་པའི་གོམས་གཤིས་བཟང་པོ་རྒྱུད་འཇགས་ཡོང་ཐབས་སུ་དགེ་རྒན་གྱིས་མིག་དཔེ་བཟང་པོ་སྟོན་གལ་ཆེ་སྟབས། དུས་རྒྱུན་དགེ་རྒན་རྣམས་སློབ་ཕྲུག་དང་བར་ཐག་ཉེ་བར་བཞུགས་རྒྱུ་གཙོར་བཟུང་གིས་ཐ་ན་སློབ་ཕྲུག་ཚོ་ཞལ་ལག་མཆོད་སྐབས་སུའང་དགེ་རྒན་དང་ལྷན་དུ་བཞུགས་ཏེ་མཉམ་ཟ་མཉམ་འཐུང་བྱེད་པ་སོགས་འབད་རྩོལ་ལྷོད་མེད་གནང་མུས་ཡིན།
ཕྱི་ལོ་༢༠༠༧ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་སྤེལ་བའི་རྒྱལ་ཡོངས་ཡིག་གཟུགས་འགྲན་བསྡུར་ཁོངས། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་བསྟན་འཛིན་ཤེས་རབ་དང་ལྷག་བསམ་དོན་ཡོད་གཉིས་ལ་འཛིན་གྲྭ་དང་པོ་གཉིས་པའི་སྡེ་ཚན་གྱི་ཨང་རིམ་དང་པོ་དང་གཉིས་པ་ཐོབ་ཅིང༌། སློབ་ཕྲུག་འཇིགས་མེད་ཆོས་སྐྱིད་ལ་འཛིན་རིམ་གསུམ་པ་བཞི་པའི་སྡེ་ཚན་གྱི་ཨང་རིམ་གཉིས་པའི་བྱ་དགའ་ཐོབ།
ལོ་རེར་བོད་གཞུང་སློབ་གྲྭ་སྤྱི་མཚུངས་བཞིན་བུམ་སྐྱོན་གསུམ་བྲལ་གྱི་སློབ་ཕྲུག་བུ་༡ དང་བུ་མོ་༡ བཅས་འདེམས་སྒྲུག་བྱེད་མུས་ཡིན་ལ། ཕྱི་ལོ་༢༠༠༨ ལོར་སློབ་ཕྲུག་བུ་ན་ག་བསྟན་འཛིན་ཁྲི་ལྡེ་དང༌། བུ་མོ་བསྟན་འཛིན་ཕན་ཐོགས་གཉིས་ལ་བུམ་སྐྱོན་གསུམ་བྲལ་གྱི་བྱ་དགའ་དང་ལག་འཁྱེར་གསོལ་རས་གནང༌།
བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་དམིགས་བསལ་གཟིགས་རྟོག་དང༌། སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་གི་བཀའ་སློབ་ལམ་སྟོན་འོག མེས་དབོན་དཔེ་སྟོན་སློབ་གྲྭ་འདི་ཉིད་ཤེས་ཡོན་སྲིད་བྱུས་དང༌། དེའི་དགོངས་དོན་བཞིན་ཕྱི་ལོ་༢༠༠༨ ཟླ་༧ ཚེས་༢༠ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་སྔོན་འགྲོ་ནས་འཛིན་རིམ་ལྔ་པ་བར་གྱི་བསླབ་གཞིའི་རྩ་འཛིན་བཀོད་ཁྱབ་ཀྱི་ལམ་སྟོན་འབྲུ་དོན་བཞིན། སློབ་གྲྭ་འདིའི་ནང་ལག་ཤེས་སམ་བཟོ་རིག་སློབ་སྦྱོང་ནི་སློབ་ཚན་གལ་ཆེན་ཞིག་ཏུ་ངོས་འཛིན་གྱིས་ལག་བསྟར་བྱེད་མུས་ཡིན། དེ་ཡང་དཔེར་ན། ཤོག་བུ་ཕན་མེད་རྣམས་འབྲེག་གཅོད་ལྟེབས་བརྩེགས་ཀྱིས་བཀོད་རིས་དང་སྨྱུག་སྣོད། རྩེད་ཆས་སོགས་ཅ་ལག་འདྲ་མིན་བཟོ་བ་དང༌། གཞན་ཡང་སྨྱུག་ཁུག་དང༌། སྣོད་ཆས། པར་སྒྲོམ། སྐེ་རྒྱན། ལག་འདོགས། འགྱིག་མདའ། འོད་ཁང༌། མེ་ཏོག སྒོ་རྒྱན། རྩིག་སྦྱར་རི་མོ་སོགས་བརྩེགས་སྦྱར་དང་འཚེམ་བཟོ་ཕྲན་ཚགས་རིགས་དམར་ཁྲིད་ཀྱིས་སློབ་སྟོན་གནང་སྟེ། སློབ་ཕྲུག་ཚོས་བཟོ་སྐྲུན་བྱས་པའི་ཐོན་རྫས་རྣམས་ཕྱི་ལོ་༢༠༠༨ ལོར་བོད་གཞུང་དྲིལ་བསྒྲགས་ལྷག་པ་ཚེ་རིང་ཚོགས་ཁང་ནང་འགྲེམས་སྟོན་བྱས། འགྲེམས་སྟོན་གྲུབ་འཕྲལ་ཐོན་རྫས་རྣམས་ཚོང་འགྲེམས་བྱས་པར་དུས་ཡུན་ཆུ་ཚོད་ཕྱེད་ཀའི་རིང་བྲིམས་ཟིན་པ་བཅས་སྤྱི་ཚོགས་ནང་བསྔགས་བརྗོད་དང་དགའ་བསུ་ཆེན་པོ་ཐོབ།
སློབ་གྲྭ་འདི་ཚུགས་ཡུལ་གུ་དོག་ཅིང་རྒྱ་བསྐྱེད་ལ་དཀའ་ངལ་ཆེ་བའི་ཐོག ལོ་རེར་འཛིན་གྲྭ་དང་སློབ་ཕྲུག་གྲངས་འབོར་འཕར་ཆ་བྱུང་བས་དགེ་ལས་ཚོར་བཞུགས་ཤག་གི་དཀའ་ངལ་འཕྲད་པས་ཐོག་མའི་ཆར་དགེ་རྒན་གཉིས་རེ་ལས་ཤག་ཁང་མིག་གཅིག་ནང་བཞུགས་དགོས་བྱུང༌། དེ་རྗེས་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་རོགས་འབྱོར་འོག་ལས་ཤག་རྙིང་པའི་ཁང་སྟེང་དུ་ཐོག་བརྩེགས་གཉིས་ཅན་ཞིག་གསར་སྐྲུན་གནང་བས་དཀའ་ངལ་གང་འཚམས་སེལ་ཐབས་བྱུང་ཡོད་ནའང༌། སློབ་གྲྭའི་ནང་བཞུགས་དགོས་ངེས་ཀྱི་དགེ་རྒན་ཁ་ཤས་ལ་ད་ལྟའང་ལས་ཤག་མེད་རྐྱེན་ཕྱི་རོལ་དུ་བཞུགས་བཞིན་ཡོད།
སློབ་གྲྭའི་གསང་སྤྱོད་ཀྱི་མཛོད་ཉུང་སྐྱོན་གྱིས་ཁེངས་ཤིང་ཉེ་འཁོར་ཡུལ་མིར་དཀའ་ངལ་མི་འབྱུང་ཆེད་གོང་རིམ་ལ་སྙན་སེང་གིས་སམ་བྷོ་ཊ་སྤྱི་ཁྱབ་ལྷན་ཁང་ནས་ལེགས་པར་བཟོ་བཅོས་གནང་རྗེས་ད་ལྟའི་ཆར་དཀའ་ངལ་ཉུང་དུ་ཕྱིན་ཡོད་ནའང༌། སྐབས་རེར་གློ་བུར་འགག་སྐྱོན་སོགས་ལ་བརྟེན་དཀའ་ངལ་འཕྲད་མུས་དང༌། དཀའ་ངལ་ཆེ་ཤོས་ནི་སློབ་ཕྲུག་ཚོའི་ཤེས་སྤྱོད་སྐོར་ཡིན། སློབ་གྲྭ་འདི་བཞིན་བོད་མིའི་སྤྱི་ཚོགས་ནང་ཐུགས་སྣང་གནང་ཡུལ་གྱི་ལྟེ་བ་ཞིག་ཏུ་གྱུར་ཡོད་སྟབས། སློབ་གྲྭའི་ཤེས་ཡོན་གྱི་སྤུས་ཚད་སྤྱི་དང༌། ཁྱད་པར་འཛིན་རིམ་དྲུག་པ་ཡན་དང་འཛིན་རིམ་བཅུ་པ་དང་བཅུ་གཉིས་སླེབས་སྐབས་སློབ་ཁག་གཞན་ལས་ཁྱད་དུ་འཕགས་པའི་ཡོན་ཏན་གང་དག་མངོན་ཐུབ་མིན་བཅས་ནི། ཕྱི་ནང་ཚང་མས་རེ་སྒུག་དང་ཐུགས་སྣང་ཆེན་པོ་གནང་མུས་ཡིན།
༥། གཞུང་འབྲེལ་འཚམས་གཟིགས།
ཕྱི་ལོ་༢༠༠༥ ཟླ་༡༠ ཚེས་༡༠ ཉིན་དཔལ་ལྡན་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་སློབ་གྲྭ་དབུ་འབྱེད་སྐབས་གསུངས་དོན། “ད་ལྟའི་བཀའ་ཤག་གི་ངོས་ནས་ཤེས་ཡོན་སྲིད་བྱུས་གསར་པ་དང༌། ཤེས་ཡོན་སྲིད་བྱུས་གསར་པའི་འོག་ནས་འབྱུང་འགྱུར་བོད་ཀྱི་མི་རབས་ཚད་ལྡན་ཞིག་བསྐྲུན་དགོས་ཀྱི་ཡོད་པ་དེ་ད་ལྟའི་མི་རབས་འདིའི་ལས་འགན་ཆེ་ཤོས་ཤིག་ལ་བརྩི་ཡི་ཡོད།” ཅེས་དང༌། “ད་ལྟའི་ཤེས་ཡོན་སྲིད་བྱུས་དེ་བློ་གྲོས་དང་ལྡན་པ་སུས་བལྟས་པ་ཡིན་ནའང༌། ཡང་དག་པ་ཞིག་དང༌། བོད་མིའི་དོན་དམ་གྱི་དགོས་མཁོ་དང་འཚམས་པ་ཞིག་ཡིན་པ་དེ་ཐེ་ཚོམ་མེད་པར་ཐག་བཅད་ནས་བཤད་ཐུབ་པ་ཞིག་ཡོད་པ་ཡིན་ཞེས་ངས་སྐད་གསེང་མཐོན་པོའི་ཐོག་ནས་ཞུ་རྒྱུ་ཡིན།” ཞེས་དང༌། “ཤེས་ཡོན་སྲིད་བྱུས་འདིའི་སྐོར་ལ་མ་རྟོགས་པ་དང་ལོག་པར་རྟོག་པའི་གནས་ཚུལ་མང་པོ་ཞིག་ཡོད་བསྡད་པ་རེད། དེའི་ནང་ནས་མང་ཆེ་བ་ཞིག་གིས་ད་ལྟ་དགོངས་པ་ག་རེ་བཞེས་ཀྱི་ཡོད་མེད་ལ་མ་ལྟོས་པར་ཡོངས་ཁྱབ་གསུངས་པ་ལ། སྲིད་བྱུས་འདིའི་འོག་ནས་སློབ་སྦྱོང་སྤྲོད་རྒྱུའི་སློབ་གྲྭ་ཁག་གི་ནང་དུ་སྲོལ་རྒྱུན་གྱི་ཤེས་ཡོན་རྐྱང་པ་མ་གཏོགས། དེང་རབས་ཀྱི་ཤེས་ཡོན་སྣང་མེད་དུ་འཇོག་རྒྱུ་ཡིན་པ་ཞིག་ལ་ངོས་འཛིན་གྱི་ཡོད་ན་དེ་ནོར་བ་རེད་ཅེས་ཞུ་འདོད་བྱུང༌།” ཞེས་སོགས་བཀའ་སློབ་ཟབ་རྒྱས་གནང༌། ཉིན་དེའི་དབུ་འབྱེད་མཛད་སྒོའི་སྟེང་དཔལ་ལྡན་བཀའ་ཁྲི་མཆོག་གིས་དབུས་པའི་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་དང༌། ནང་སྲིད་བཀའ་བློན་བློ་བཟང་ཉི་མ་མཆོག དཔལ་འབྱོར་བཀའ་བློན་བློ་བཟང་སྙན་གྲགས་མཆོག བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ། བཀའ་ཤག་དང་སྐུ་སྒེར་ཡིག་ཚང༌། ཚོགས་དྲུང་ལས་ཁུངས་བཅས་ཀྱི་དྲུང་ཆེ། ཤེས་རིག་ལས་ཁུངས་སྡེ་ཚན་འགན་འཛིན་ཁག སམ་བྷོ་ཊ་བོད་སློབ་སྤྱི་ཁྱབ་འགན་འཛིན། བོད་ཁྱིམ་སྤྱི་ཁྱབ་ཤེས་ཡོན་འགན་འཛིན། དྷ་ས་ས་གནས་འགོ་འཛིན། ས་རཱ་མཐོ་སློབ་དང་དྷ་སྟེང་བོད་ཁྱིམ་གྱི་སློབ་སྤྱི་སོགས་ཕེབས་ཡོད་པ་རེད།
དཔེ་སྟོན་སློབ་གྲྭ་འདིར་གཟིགས་རྟོག་ཚགས་ཚུད་འབྱུང་ཐབས་སུ་བོད་གཞུང་ཤེས་རིག་ལས་ཁུངས་ནས་དམིགས་བསལ་ཐུགས་འགན་བཞེས་ཏེ། ཐོག་མའི་ལོ་ངོ་གཅིག་གི་རིང་བདུན་རེར་ཤེས་རིག་ལས་ཁུངས་ཀྱི་སྡེ་ཚན་རེས་མོས་ཀྱིས་སློབ་གྲྭར་བསྐྱོད་དེ་དངོས་ཐོག་གཟིགས་རྟོག་གནང་བའི་ཐོག ཤེས་རིག་སྲོལ་རྒྱུན་ཤེས་ཡོན་ཚན་པའི་འགན་འཛིན་དང༌། སམ་བྷོ་ཊ་བོད་སློབ་སྤྱི་ཁྱབ་འགན་འཛིན། དཔེ་སྟོན་སློབ་གྲྭའི་སློབ་སྤྱི་བཅས་ཚོགས་མི་གསུམ་གྱིས་གྲུབ་པའི་ཤེས་ཡོན་ཚོགས་ཆུང་ཆེད་འཛུགས་ཀྱིས་ཤེས་ཡོན་སྐོར་གྱི་ལས་དོན་ཡོངས་ལ་འཆར་འགོད་དང་སྟངས་འཛིན་གནང་ཞིང༌། ཤེས་རིག་དྲུང་འཕར་དངོས་གྲུབ་རྡོ་རྗེ་ལགས་དང་ཤེས་ཡོན་འགན་འཛིན་གཉིས། སམ་བྷོ་ཊ་བོད་སློབ་སྤྱི་ཁྱབ་འགན་འཛིན་བཅས་ཚོགས་མི་བཞིས་གྲུབ་པའི་ཨར་ལས་དང་མཐུན་རྐྱེན་མཁོ་སྒྲུབ་ཚོགས་ཆུང་བཅས་བསྐོ་འཛུགས་གནང་སྟེ། སློབ་གྲྭ་འདིའི་གང་ཅིའི་ལས་དོན་ལ་གཟིགས་རྟོག་གནང་བའི་འབྲས་བུར། གང་ཅིའི་ཆ་ནས་ཡར་རྒྱས་མངོན་གསལ་བྱུང་རྗེས་སློབ་གྲྭའི་དུས་རྒྱུན་ལས་དོན་རྟོག་ཞིབ་ཀྱི་ལས་འགན་སམ་བྷོ་ཊ་བོད་སློབ་སྤྱི་ཁྱབ་ཡིག་ཚང་ལ་འགན་བསྐུར་ཐོག ཤེས་རིག་ལས་ཁུངས་ཀྱིས་དུས་ཚོད་ངེས་མེད་ལ་འཚམས་གཟིགས་དང༌། རྟོག་ཞིབ། མི་སྣ་གདན་ཞུ་སོགས་བརྒྱུད་ལམ་འདྲ་མིན་སྤྱད་དེ་གཟིགས་སྐྱོང་གནང་བཞིན་ཡོད།
འབྲུག་ཡུལ་འཇིགས་མེད་ནང་བོད་མིའི་སློབ་གྲྭ།
དཀར་ཆག
༡། ཐོག་མའི་བྱུང་རབས།
༢། གཞིས་སྒར་དང་ཉིན་སློབ་གསར་འཛུགས།
༣། གཞིས་ཁག་བདུན་གྱི་ཉིན་སློབ་ཁག་ངོ་སྤྲོད།
༤། འཛུགས་སྐྲུན་དང་ཉམས་གསོ།
༥། སློབ་འཇུག་དང་མཐར་ཕྱིན་སློབ་མ་ཇི་བྱུང་སྐོར།
༦། ཤེས་ཡོན་གནས་སྟངས།
༧། གཞུང་འབྲེལ་འཚམས་གཟིགས།
༡། ཐོག་མའི་བྱུང་རབས།
ཐོག་མར་ཕྱི་ལོ་༡༩༦༢ ཙམ་ལ་ཐིམ་བུ་གླང་རྒྱུག་ཕར་ཀ་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་ཚུགས་པ་ནས་དོན་ཁང་ཉེ་འཁྲིས་ཐིམ་བུར་གནས་སྡོད་བོད་རིགས་རྣམས་ཀྱི་བུ་ཕྲུག་གང་ཙམ་ཞིག་ཡོད་པར་ཉིན་སློབ་ཞིག་དགོས་ངེས་སུ་གཟིགས་ཏེ། བོད་གཞུང་སྐུ་ཚབ་དོན་གཅོད་ཕྲ་རིང་རིག་འཛིན་རྣམ་རྒྱལ་མཆོག་དང༌། ལྷ་ལྡིང་བསོད་ནམས་དཔལ་འབྱོར་མཆོག་ནས་ཐུགས་འགན་ཐོག་ནས་རྒྱལ་རྩེ་ཉིང་རུང་བྲག་སྟོན་སྲས་སྐུ་བྱམས་པ་རྒྱལ་མཚན་ལགས་སློབ་དགེར་བསྐོ་བཞག་གནང༌། སྐབས་དེར་སློབ་ཕྲུག་ཕོ་མོ་གྲངས་༥༠ སྐོར་ལ་བོད་ཡིག་དང༌། ཨང་རྩིས། དཀར་རྩིས། སུམ་རྟགས་བཅས་ཕྱི་ལོ་༡༩༦༧ བར་སློབ་ཁྲིད་གནང་ཡོད་ལ། བོད་ཡིག་ཤེས་ཚད་གང་ལེགས་བྱུང་བའི་ཕན་ཐོགས་ཆེན་པོ་བྱུང་ཡོད།
༢། གཞིས་སྒར་དང་ཉིན་སློབ་གསར་འཛུགས།
དེ་ནས་ཕྱི་ལོ་༡༩༦༣ ལོ་ནས་བཟུང་འབྲུག་ཁུལ་ཁ་འཐོར་བོད་མི་རྣམས་བོད་རྒྱ་འབྲུག་གསུམ་གྱི་བཀའ་དྲིན་ལས་བོད་མིའི་གཞིས་སྒར་༧ འཛུགས་སྐྲུན་འགོ་འཛུགས་གནང་བ་ནས་ཕྱི་ལོ་༡༩༧༠ བར་གཞིས་སྒར་ཁག་བདུན་ནང་ཉིན་སློབ་གསར་འཛུགས་གནང་བ་དང༌། སྐབས་དེར་གཞིས་ཆགས་ཀྱི་ཁང་པ་སོགས་ཨར་ལས་འགྲོ་བཞིན་ཡོད་སྟབས། སློབ་ཁང་གཏན་འཇགས་མེད་པར་གུར་དང༌། སྤྱིལ་ཁང་སོགས་ནང་སློབ་གྲྭ་ཚུགས་ཡོད། སློབ་ཁྲིད་ཐད་དམའ་རིམ་འཛིན་གྲྭ་ཁག་ལ་བོད་ཡིག་དང་ཨང་རྩིས་སོགས་སློབ་ཀྱིན་ཡོད་པ་དང༌། སློབ་དགེ་ཡང་ཚད་ལྡན་ཞིག་མེད་པར་བོད་ཡིག་འབྲི་ཀློག་ཤེས་མཁན་འགའ་དང༌། གཞིས་འགོ་རང་ཉིད་སོགས་ནས་གཟིགས་རྟོག་གནང་བ་དང༌། གཞིས་སྒར་སོ་སོའི་ནང་ཕྲུག་གྲངས་༥༠ ནས་༦༠ བར་ཡོད་བཞིན་པ་བོད་ཡིག་འབྲི་རྒྱུ་སྦྱང་ཤིང་སྟེང་འབྲི་རྒྱུ་མ་གཏོགས། སློབ་དེབ་སོགས་ཧ་ཅང་དཀོན་པོ་ཡོད།
ཕྱི་ལོ་༡༩༧༠ ལོའི་ནང་རང་གཞུང་སྐུ་ཚབ་དོན་གཅོད་ལྷ་ལྡིང་བསོད་ནམས་དཔལ་འབྱོར་མཆོག་ནས་འབྲུག་གཞུང་ཤེས་རིག་ལས་ཁུངས་དང་འབྲེལ་གཏུགས་ཀྱིས་བཀའ་མོལ་རིམ་པ་གནང་འབྲས་སུ། དཔལ་ལྡན་འབྲུག་གཞུང་ནས་དགོངས་བཞེས་ཀྱིས་བོད་དགེ་གྲངས་༦ རྒྱ་གར་ནང་ནས་ལེན་གཏོང་ཆོག་པའི་བཀའ་འཁྲོལ་གནང༌། དེར་འབྲུག་ཡུལ་ཁ་ས་ཁ་དང༌། དཀར་ཕྱེ་ས། བོད་སྒར་ནང༌། བུམ་ཐང༌། ལྷོང་མཚོ། འཇིགས་མེད་ནང་བཅས་ཀྱི་སློབ་དགེ་རང་གཞུང་ཤེས་རིག་ལས་ཁུངས་ནས་རྒྱ་གར་ནང་སློབ་ཐོན་གྲས་ནས། ཨ་མདོ་བཟོད་པ་རྒྱ་མཚོ། ཕག་རི་བ་བློ་བཟང་རྡོ་རྗེ། རི་ཁ་རྡོ་རྗེ། བསོད་ནམས་རིན་ཆེན། མཛོད་ཚང་ཆེ་རིང་རྡོ་རྗེ། ཚེ་རིང་ཕུན་ཆོགས་བཅས་འབྲུག་གཞིས་ཁག་ནང་གྱེན་འགྱུར་ཐོག་ནས་གཞིས་ཆགས་ཁག་ནང་དགེ་རྒན་དུ་བསྐོ་གཏོང་གནང༌། འབྲུག་གཞུང་ཤེས་རིག་ལས་ཁུངས་ནས་བོད་མིའི་སློབ་གྲྭ་འཛུགས་རྒྱུ་བཀའ་འཁྲོལ་གནང་བ་དང༌། ཆབས་ཅིག་འབྲུག་གཞུང་ཤེས་རིག་ནས་གོང་གསལ་སློབ་དགེ་ཁག་ལ་ཕོགས་སྣོན་སྣེ་སེལ་མཐུན་འགྱུར་ཆེད་ཟླ་རེར་འབྲུག་སྒོར་༡༠༠ རེ་ད་ལྟའི་བར་གནང་མུས་ཡིན། དེ་འཕྲོས་རང་གཞུང་ཤེས་རིག་ནས་གསོལ་ཕོགས་སོགས་ནར་གཏོང་གནང་མུས་ཡིན།
༣། གཞིས་ཁག་བདུན་གྱི་ཉིན་སློབ་ཁག་ངོ་སྤྲོད།
ཀ) ཐིམ་ཕུ་རྫོང་ཆ་འདུད་ཀ་ཝང་རྒེད་འོག་དཀར་ཕྱེ་གཞིས་ཆགས་ཉིན་སློབ་ནི། ཕྱི་ལོ་༡༩༦༣ ཟླ་༡༠ ཚེས་༢༢ ཉིན་གཞིས་ཆགས་འགོ་འཛུགས་སྐབས་གཞིས་འགོ་སྐུ་ངོ་ཕྱག་ནང་འཆི་མེད་མགོན་པོ་ལགས་ནས་གསར་འཛུགས་གནང་བ་དང༌། དྲུང་ཡིག་རྒན་ཆོས་རྒྱལ་ལགས་ནས་སློབ་དགེའི་འགན་བཞེས་ནས་སློབ་ཁྲིད་གནང༌། སྐབས་དེར་སློབ་ཕྲུག་གྲངས་༣༥ ཙམ་ཡོད་པར་བཤད།
དེ་ནས་སྨན་སྟོད་སྐུ་ངོ་ཚེ་དབང་རྒྱལ་པོ་ལགས་ནས་སློབ་གྲྭར་ཤེས་རིག་ཟློས་གར་ཚད་ལྡན་ཞིག་སློབ་ཁྲིད་སྦྱང་བརྩོན་བྱུང་བ་དང༌། དཀར་གཞིས་ཉིན་སློབ་ཟློས་གར་ནས་གཞིས་ཆགས་གཞན་ལྷོང་མཚོ་དང༌། འཇིགས་མེད་ནང༌། ཁ་ས་ཁ་དང༌། བུམ་ཐང༌། བོད་སྒར་ནང་སོགས་ལ་འཁྲབ་སྟོན་ཐེངས་རེ་གནང་ཡོད། འཁྲབ་ཆས་དང་རྒྱན་ཆའི་རིགས་གཞིས་ཆགས་རང་ནང་གྲུབ་པ་བྱུང་ཡོད། འབྲུག་རྒྱལ་གསུམ་པའི་སྐབས་ཐིམ་རྫོང་ནང་ཁྲབ་སྟོན་ཐེངས་འགའ་ཤས་གཟིགས་འབུལ་ཐུབ་པ་དང༌། ཡུལ་མི་དང་དཔོན་ཁག་རྣམས་ལ་བོད་མིའི་ཟློས་གར་ལ་སྤྲོ་སྣང་འཕེལ་བའི་ཕན་ཐོགས་བྱུང་ཡོད། དེ་བཞིན་ཡུལ་མི་ཁག་ཅིག་ལ་ས་གཞུང་གི་བཀའ་འབྲེལ་ལྟར་དཀར་གཞིས་ཟློས་གར་ནས་བོད་གཞས་ཁག་སློབ་ཁྲིད་བྱས་པ་བྱུང་ཡོད། དེ་ནས་ཕྱི་ལོ་༡༩༧༠ ལོར་སློབ་དགེ་རྒྱ་གར་ནས་བསྐོ་གཏོང་གནང་བ་ཕག་རི་བློ་བཟང་རྡོ་རྗེ་ལགས་དང༌། ལོ་ཤས་རྗེས་དགོངས་ཞུ་གནང་བ་དེ་རྗེས་སློབ་དགེ་དོན་གྲུབ་ཚེ་རིང་ལགས་དང༌། ནུབ་སྟོད་ཚེ་རིང་ཆོས་སྒྲོན། ཚེ་དབང་རིག་འཛིན། བཟང་པོ། བདེ་ཆེན་དབང་ཕྱུག་བཅས་ནས་ཕྱི་ལོ་༢༠༠༦ ཟླ་༡༢ བར་སློབ་ཁྲིད་གནང༌། དཀར་ཕྱེ་ས་ས་གནས་ཀུ་ཤུ་ཅན་ལ་འབྲུག་གཞུང་གི་ཡུལ་མིའི་སློབ་གྲྭ་དམའ་རིམ་འཛིན་གྲྭ་ལྔ་པ་བར་ཅན་ཞིག་གསར་བཙུགས་གནང་བ་ནས་སློབ་ཕྲུག་རྙིང་པ་ཆགས་པ་དང་རིམ་བཞིན་ཡུལ་མིའི་སློབ་གྲྭར་སློབ་འཇུག་གནང་བའི་དབང་གིས་ཕྱི་ལོ་༢༠༠༧ ཟླ་༤ ནས་དཀར་གཞིས་ཉིན་སློབ་རང་བཞིན་སྒོ་བརྒྱབ།
ཁ) སྤོ་རོ་རིན་སྤུངས་ཆ་འདུས་ཤར་རི་དང་ཧོ་རལ་རྒེད་འོག་ཁོངས་སྤྱི་ཤིང་སྒང་ཀུན་དགའ་གླིང་གཞིས་ཆགས་ནི། ཕྱི་ལོ་༡༩༦༣ ཟླ་༩ ཚེས་༣ ཉིན་འགོ་འཛུགས་གནང་བ་དང༌། དེའི་སྐབས་སུ་གཞིས་འགོ་ལྷ་ལྡིང་བསོད་ནམས་དཔལ་འབྱོར་ལགས་ནས་གནང༌། སློབ་དགེ་སྐལ་བཟང་ལྷུན་གྲུབ་ལགས་དང༌། དབང་པོ་ཚེ་རིང་དབང་འདུད། ཨིན་ཆུང་ལགས། བསྟན་འཛིན་དབང་རྒྱལ་བཅས་ནས་སྔ་རྗེས་སློབ་དགེ་གནང་འདུག དེའི་སྐབས་སློབ་ཕྲུག་གྲངས་༦༠ སྐོར་ཡོད་པ་དང༌། འབྲུག་སྤ་ཊོ་གཞིས་ཆགས་སློབ་ཕྲུག་རྒན་པ་རྣམས་ལ་བོད་གཞུང་ཤེས་རིག་ཟློས་གར་གང་ལེགས་སྦྱངས་ཡོད་པ་མ་ཟད། གོང་ཞུས་བཞིན་ཟློས་དགེ་སྐུ་ངོ་སྨད་སྡོད་ཚེ་དབང་རྒྱལ་པོ་ལགས་ནས་ཟློས་གར་སློབ་ཁྲིད་གནང༌། ཕྱི་ལོ་༡༩༦༦ ལོ་མཇུག་ཙམ་ནས་སློབ་གྲྭ་རང་བཞིན་སྒོ་ཐེབས་པ་དང༌། སྤ་རོའི་བུ་ཕྲུག་རྣམས་འབྲུག་གཞུང་སློབ་གྲྭ་དགའ་བོ་དཔལ་སློབ་གྲྭ་ནང་སློབ་འཇུག་གནང་བ་བཅས་ཀྱི་རྒྱུད་རིམ་སུ།
ག) ཐིམ་ཕུ་ཆ་འོག་སྨད་ཝང་རྒེད་འོག་འཇིགས་མེད་ནང་རབ་བརྟན་གླིང་གཞིས་ཆགས་ཉིན་སློབ་ནི་ཕྱི་ལོ་༡༩༦༧ ལོར་གཞིས་ཆགས་ཚུགས་སྐབས་འགོ་བཙུགས་གནང་བ་དང༌། ཐོག་མར་གཞིས་འགོ་སྐུ་ངོ་སྨན་སྟོད་ལགས་ནས་ལོ་གཉིས་ཟླ་དྲུག་རིང་བོད་ཡིག་དང་ཨང་རྩིས་སློབ་ཁྲིད་གནང༌། སྐབས་དེར་སློབ་ཕྲུག་གྲངས་༥༥ ཙམ་ཡོད་འདུག ཕྱི་ལོ་༡༩༧༠ ལོར་རྒྱ་གར་ནས་སློབ་དགེ་བསྐོ་གཏོང་གིས་རྒྱལ་ནང་བསོད་ནམས་རིན་ཆེན་ནས་སློབ་དགེའི་ཕྱག་འགན་བཞེས་གནང་ཡོད་པར་ཕྱི་ལོ་༡༩༧༦ བར་སློབ་ཁྲིད་གནང༌། དེ་ནས་སློབ་དགེ་ཆོས་སྒྲོན་ལགས་ནས་ལོ་གསུམ་ཙམ་དང༌། སློབ་དགེ་ཀརྨ་ཚེ་རིང་དང་ལས་རོགས་ཀརྨ་འཕྲིན་ལས་གཉིས་ནས་ལོ་བཞི་ཙམ། དེ་རྗེས་སློབ་དགེ་ཀརྨ་འཕྲིན་ལས་ནས་༡༩༩༤ བར་སློབ་དགེ་གནང༌། ཕྱི་ལོ་༡༩༩༥ ལོར་སློབ་དགེ་ཀརྨ་འཕྲིན་ལས་དང་ལས་རོགས་བདེ་ཆེན་རྒྱ་མཚོ་ལགས་ནས་གནང་མུས་དང༌། ཕྱི་ལོ་༢༠༠༧ ཟླ་༤ ནས་ལས་རོགས་བདེ་ཆེན་རྒྱ་མཚོ་ལགས་ནས་ཞུ་དོན་བཞིན་རྩ་དགོངས་བསྩལ། ད་ལྟ་སློབ་དགེ་ཀརྨ་འཕྲིན་ལས་ལགས་ནས་སློབ་ཁྲིད་གནང་མུས་དང༌། ད་ལྟའི་འཆར་ཕྲུག་གྲངས་༡༦ ཙམ་ཡོད། སློབ་གྲྭའི་གསོལ་ཕོགས་དང་རྒྱུན་གྲོན་སམ་བྷོ་ཊའི་ཡིག་ཚང་གིས་༢༠༠༠ ནས་གནང་མུས་ཡིན།
ང) ཐིམ་ཕུ་རྫོང་ཆ་འདུས་སྨད་ཝང་རྒེད་འོག་ཁ་ས་ཁ་གཞིས་ཆགས་འཛུགས་སྐྲུན་ལས་འཆར་ཕྱི་ལོ་༡༩༦༣ ཟླ་༣ ཚེས་༡༦ ཉིན་འགོ་འཛུགས་གནང་ཞིང་གཞིས་འགོ་དང་པོ་སྐུ་ངོ་རྒན་ལགས་ཕྱག་ནང་འཆི་མེད་མགོན་པོ་ལགས་སྐབས་སློབ་གྲྭ་གསར་འཛུགས་གནང་བ་དང༌། དེའི་སྐབས་སློབ་ཕྲུག་གྲངས་༨༠ སྐོར་ཡོད་པར་སློབ་དགེ་ཡང་ཚད་ལྡན་ཞིག་མེད་པར་གཞིས་དམ་རང་ཉིད་ནས་སློབ་ཁྲིད་གནང་བ་དང༌། བུའི་འགན་བདག་སྡེ་རབ་རྡོ་རྗེ་རྒྱལ་པོ་ལགས་དང་བུ་མོའི་རྒན་བདག་རྣམ་སྒྲོན་ལགས་བཅས་ནས་སློབ་ཁྲིད་བྱས་པ། དགོང་དྲོ་ཨར་ལས་གྲོལ་ནས་ལས་འཕེར་ན་གཞོན་ཡིག་རྨོངས་རྣམས་ལ་གཞིས་ཆགས་ལས་ཞོར་སློབ་གྲྭ་བཙུགས་པ་དང༌། དགོང་དྲོ་ལས་ཞོར་སློབ་ཁྲིད་བྱས་པ་སོགས་ཞུས། དེ་རྗེས་གཞིས་འགོ་གཉིས་པ་དགའ་བྱང་ཞལ་ཟུར་ངག་དབང་མཐར་ཕྱིན་ལགས་ཕེབས་པ་དང༌། གཞིས་དམ་ལས་དྲུང་དབང་འདུས་ཚེ་རིང་ལགས་ནས་གཞིས་ཆགས་མ་གྲོལ་བར་སློབ་ཁྲིད་གནང་བ་བྱུང་ཡོད། དེ་རྗེས་ཕྱི་ལོ་༡༩༧༣ ལོར་རང་གཞུང་ཤེས་རིག་ལས་ཁུངས་ནས་དགོངས་པ་ཆེ་བཞེས་ཀྱིས་འབྲུག་ནང་སློབ་དགེ་རྒྱ་གར་ནས་གཏོང་གནང་མཛད་པ་སློབ་དགེ་ཚེ་རིང་ཕུན་ཚོགས་ལགས་ཀྱིས་ལོ་ཤས་སློབ་ཁྲིད་གནང༌། དེ་ནས་ཚེ་རིང་སྒྲོལ་དཀར་ལགས་ཀྱིས་ལོ་༡༠ ལྷག་དང༌། པདྨ་དབང་ཕྱུག་ལགས་དང་ཚེ་དབང་འགྱུར་མེད་ལགས་གཉིས་ཀྱིས་ལོ་ངོ་༤ ཙམ་སློབ་ཁྲིད་གནང༌། དེ་རྗེས་ཉི་མ་མཚམས་གཅོད་དང་བཀྲ་ཤིས་དངོས་གྲུབ་གཉིས་ཀྱིས་ལོ་༥ ཙམ་གནང་བ་དང༌། ལྷག་པ་ཚེ་རིང་ལགས་ཀྱིས་ལོ་༢ དང༌། ཕུར་བུ་ལགས་ཀྱིས་ལོ་༣ བཀྲ་ཤིས་ཚེ་རིང་ལགས་ཀྱིས་ལོ་༢ བཅས་སློབ་དགེ་བཀྲ་ཤིས་ཚེ་རིང་ལགས་སྐབས་ཕྱི་ལོ་༢༠༠༧ ཟླ་༤ པ་ནས་སློབ་ཕྲུག་ཉུང་བས་སློབ་གྲྭ་རང་བཞིན་གྱིས་སྒོ་ཐེབས་ཡོད།
ཅ) ཐིམ་ཕུ་རྫོང་ཁ་ཆ་འོག་སྟོད་པའི་རྒེད་འོག་ལྷོང་མཚོ་ཡིད་སྨོན་བདེ་གླིང་གཞིས་ཆགས་ནི། ཕྱི་ལོ་༡༩༧༠ ཟླ་༣ ཚེས་༦ ཉིན་གཞིས་ཆགས་གསར་འཛུགས་གནང་བ་དང༌། གཞིས་འགོ་སྨད་སྟོད་ཚེ་དབང་རྒྱལ་པོ་ལགས་མཆོག་ནས་དབུ་འཛིན་གནང་བ་དང༌། སྐབས་དེར་སློབ་དགེ་རྒྱ་གར་ནས་བསྐོ་གཏོང་གནང་བ་རྒན་རི་ཁ་རྡོ་རྗེ་ལགས་དང༌། རིམ་བཞིན་སློབ་དགེ་ཕག་རི་བློ་བཟང་རྡོ་རྗེ་ལགས་དང༌། རིག་འཛིན། ཚེ་རིང་སྒྲོལ་དཀར། པདྨ་ཚེ་རིང་ལགས་བཅས་ནས་༢༠༠༦།༡༢ བར་སྔ་རྗེས་སློབ་དགེ་གནང་བ་དང༌། ཕྱི་ལོ་༢༠༠༧ ལོར་གཞིས་ཆགས་ཉེ་གྲམ་ནང་འབྲུག་གཞུང་ནས་ཉིན་སློབ་བཙུགས་པ་དང་དེ་རྗེས་བོད་མིའི་གཞིས་ཆགས་ཉིན་སློབ་ནང་སློབ་ཕྲུག་གྲངས་འབྱོར་ཉུང་བས་དབང་གིས་རང་བཞིན་སློབ་གྲྭ་སྒོ་བརྒྱབ་དགོས་བྱུང༌། སློབ་དགེ་པད་མ་ཚེ་རིང་སྐབས་སློབ་གྲྭ་སྒོ་ཐེབས་ཡོད།
ཆ) ཐིམ་ཕུ་རྫོང་ཁ་འོག་ཀ་ཝང་རྒེད་འོག་བོད་སྒར་རྣམ་གླིང་གཞིས་ཆགས་ནི་ཕྱི་ལོ་༡༩༧༠ ལོར་གསར་འཛུགས་གནང་བ་དང༌། དེ་རྗེས་རྫོང་དགའ་དངོས་གྲུབ་རྡོ་རྗེ་ལགས་ནས་ཕྱི་ལོ་༡༩༧༡ ནས་༡༩༨༠ བར་སློབ་དགེ་གནང༌། སློབ་ཕྲུག་གྲངས་༣༠ སྐོར་ཡོད་པ་དང༌། སློབ་དེབ་སོགས་རང་གཞུང་ཤེས་རིག་ལས་ཁུངས་ནས་གནང་མུས་ཡིན། ལས་ཤག་དང་སློབ་ཁང་མི་མང་ནས་གཞིས་ཆགས་སྐབས་བརྒྱབ་ཡོད་པས་དཀའ་ངལ་མེད། ཕྱི་ལོ་༡༩༧༤ ནང་བོད་མིའི་ཐོག་རྡོག་ཏུ་འགྱུར་བའི་རྙོག་གླེང་བྱུང་བ་ནས་བོད་མི་ཆིག་སྟོང་ལྔ་བརྒྱ་ལྷག་ཙམ་རྒྱ་གར་ནང་གནས་སྤོས་གནང་དགོས་ཆགས་པ་དང་བོད་གཞིས་སློབ་དགེ་དངོས་གྲུབ་རྡོ་རྗེ་ལགས་ཕྱི་ལོ་༡༩༨༠ ནས་རྒྱ་གར་ལྡེ་ལྡུན་བདེ་སྐྱིད་གླིང་གཞིས་ཆགས་ཁོངས་གནས་སྤོས་ཟིན་པ་ནས་སློབ་གྲྭ་རང་བཞིན་སྒོ་ཐེབས་ཡོད། སློབ་ལོ་ཐོན་པ་རྣམས་ཕ་མའི་འདོད་མོས་བཞིན་རྒྱ་གར་གཏན་སློབ་དང་ས་གཞུང་ཉིན་སློབ་ནང་སློབ་ཡོན་རྩ་ཆག་ཐོག་ནས་སློབ་འཇུག་གནང་ལམ་ཞུས་ཡོད།
ཇ) བུམ་ཐང་བྱ་དཀར་རྫོང་ཆ་འདུས་ཆུ་སྨད་རྒེད་འོག་ཡུལ་བསམ་གཏན་གླིང་ས་གནས་བོད་མིའི་གཞིས་སྒར་ལ། སྐལ་བཟང་གླིང་བོད་མིའི་གཞིས་ཆགས་ཞེས་ྋགོང་ས་མཆོག་ནས་གཞིས་མིང་གསོལ་སྩལ་གྱིས་ཕྱི་ལོ་༡༩༧༡ ཟླ་༥ ཚེས་༡ ཉིན་འགོ་འཛུགས་གནང་བ་དང༌། དགའ་གདོང་སྐུ་ངོ་བློ་ལྡན་ལགས་ཀྱིས་གཞིས་འགོའི་ཐུགས་འགན་བཞེས། ཕྱི་ལོ་༡༩༧༡ ལོར་བོད་གཞུང་ཤེས་རིག་ལས་ཁུངས་བརྒྱུད་རྒྱ་གར་ནས་བཏང་བའི་སློབ་དགེ་མཛོ་ཚང་ཚེ་རིང་རྡོ་རྗེ་ལགས་འབྱོར་ཏེ་སློབ་ཁྲིད་གནང་བ་དང༌། སྐབས་དེར་སློབ་ཕྲུག་༣༥ ཙམ་ཡོད་པ་དང༌། ཕྱི་ལོ་༡༩༧༤ ནང་བོད་མིའི་ཐོག་དཀའ་རྙོག་བྱུང་བ་ནས་མཐའ་མཚམས་དགེ་རྒན་རྣམས་ལ་དཀའ་ངལ་འཕར་མ་འཕྲད་ཡོད། ས་གནས་འབྲུག་གཞུང་ཤེས་རིག་ལས་ཁུངས་ནས་བུམ་ཐང་རྫོང་བདག་བརྒྱུད་ཟླ་རེར་སློབ་དགེའི་ཕོགས་སྣེ་སེལ་སྒོར་༡༠༠ རེ་བྱ་དཀར་རྫོང་ནས་ཞུ་དགོས་པ་དང༌། དེ་ཡང་ཟླ་ངོ་༦ ཙམ་ལ་ཐེངས་རེ་གནང་མུས་དང༌། དེབ་ཆས་སོགས་རང་གཞུང་ཤེས་རིག་ལས་ཁུངས་ནས་གནང་མུས་ཡིན། སྐབས་དེར་སུད་སིའི་སྨན་པ་ཡོད་པར་བརྟེན་ཕྲུ་གུའི་འཕྲོད་བསྟེན་ཐོག་སློབ་དགེ་ཚེ་རྡོར་ལགས་ནས་སྨན་སྤྲོད་ཞུ་རྒྱུ་སོགས་གནང་བ་དང༌། ཕྱི་ལོ་༡༩༧༦ ཙམ་ལ་གཞིས་ཆགས་ཀྱི་ས་གནས་རང་བདེན་ཚོགས་ཆུང་གི་ལས་དོན་མི་མང་ནས་རེ་སྐུལ་བཞིན་སློབ་དགེ་དང་རང་བདེན་ཚོགས་གཙོ་གཅིག་ལྕོགས་གནང༌། ཕྱི་ལོ་༡༩༧༤ ནང་བོད་མིའི་ཐོག་རྡོག་ཏུ་འགྱུར་བའི་རྙོག་གླེང་བྱུང་བ་ནས་བོད་མི་༡༥༠༠ ལྷག་ཙམ་རྒྱ་གར་ནང་གནས་སྤོ་བྱ་དགོས་ཆགས་པ་ནས་ཕྱི་ལོ་༡༩༨༠ ལོར་བོད་དགེ་ཚེ་རྡོར་ལགས་ཀྱང་བུམ་ཐང་བོད་གཞིས་ནས་བདེ་སྐྱིད་གླིང་ཁོངས་སུ་གནས་སྤོས་གནང་སྟབས། སློབ་གྲྭ་རང་བཞིན་སྒོ་ཐེབས་ཡོད་པ་དང༌། ད་ལྟའི་ཆར་སློབ་གྲྭ་མེད།
སློབ་དགེ་སྤྱི་ཡོངས་ལ་གསོལ་ཕོགས་འབྲུག་གཞུང་ནས་ཕོགས་སྣོན་སྣེ་སེལ་ཟླ་རེར་སྒོར་༡༠༠ དང༌། རང་གཞུང་ཤེས་རིག་ལས་ཁུངས་ནས་སྐབས་དེའི་ཡུལ་ཐང་གནས་སྟངས་ལ་གཞིགས་པའི་ཕོགས་སྣོན་ནར་གཏོང་གནང་མུས་ཡིན། དེ་བཞིན་སློབ་དེབ་དང་འབྲི་དེབ་སོགས་རང་གཞུང་ཤེས་རིག་ལས་ཁུངས་ནས་སྦྱོར་སྤྲོད་གནང༌།
༤། འཛུགས་སྐྲུན་དང་ཉམས་གསོ།
འབྲུག་ཡུལ་གྱི་བོད་མིའི་ཉིན་སློབ་བཞིའི་སློབ་ཁང་གསར་འཛུགས་དང་ཉམས་གསོའི་ཐད་འགྲིམ་འགྲུལ་སྟབས་བདེ་མིན་པའི་དབང་གིས་ཉམས་ཆག་ཤུགས་ཆེར་བྱུང་བར། རང་གཞུང་ཤེས་རིག་ལས་ཁུངས་ནས་དགོངས་པ་ཆེ་བཞེས་ཀྱིས་ཁྱབ་ཁོངས་ཉིན་སློབ་བཞིའི་འཛིན་ཁང་སོགས་ཡར་རྒྱས་ཉམས་གསོ་ཆེད་ཕྱི་ལོ་༡༩༩༦ ལོར་ལྷོང་མཚོ་གཞིས་ཆགས་ཉིན་སློབ་ལ་སྒོར་༥༠༠༠༠ དང༌། འཇིགས་མེད་ནང་ཉིན་སློབ་ལ་སྒོར་༤༣༣༩༦ ཁ་ས་ཁ་ཉིན་སློབ་ལ་སྒོར་༥༠༠༠༠ དཀར་ཕྱེ་ས་ཉིན་སློབ་ལ་སྒོར་༢༧༠༠༠ བཅས་ཁྱོན་བསྡོམས་སྒོར་༡༧༠༣༩༦ གསོལ་རས་བཀའ་དྲིན་སྩལ་བར་ཕན་ཐོགས་རྒྱ་ཆེ་ཐོབ་ཡོད།
ཕྱིས་སུ་རང་གཞུང་ནང་སྲིད་དང་ཤེས་རིག་ལས་ཁུངས་ནས་ཁྱབ་ཁོངས་གཞིས་སྒར་ཁག་གི་སློབ་ཁང་དང༌། སྤྱི་ཁང༌། གཞིས་དགོན་སོགས་ཀྱི་ཐོག་ཁེབས་ཉམས་གསོའི་ཆེད་དུ་ལྕགས་ཤོག་ལས་གཞིའི་འཆར་འབུལ་བཞིན་མ་དངུལ་འདང་ངེས་གསོལ་བསྩལ་གནང་དོན་བཞིན་ཞིག་གསོ་དགེ་ཕན་ལྡན་པ་བྱུང༌།
དེ་མིན་ལོ་རེར་བོད་གཞུང་ཤེས་རིག་ལས་ཁུངས་ནས་སློབ་ཕྲུག་ཚོར་ཀློག་བལྟར་དམིགས་པའི་བོད་ཡིག་དེབ་རིགས་རྒྱུན་ཆད་མེད་པར་སྦྲག་ཐོག་ནས་ནར་གཏོང་གནང་མུས་ཡིན།
༥། སློབ་འཇུག་དང་མཐར་ཕྱིན་སློབ་མ་ཇི་བྱུང་སྐོར།
འབྲུག་ས་གནས་སུ་བོད་དགེ་ཚད་ལྡན་མི་རག་པ་དང༌། རྒྱ་གར་ནས་བསྐོ་འཛུགས་མི་ཐུབ་པ། གཙོ་བོ་ས་གནས་འབྲུག་གཞུང་གིས་བོད་མིའི་སློབ་གྲྭའི་འཁྲིས་སུ་འབྲུག་སློབ་གསར་འཛུགས་ཀྱིས་གང་ཅིའི་མཐུན་རྐྱེན་བཟང་བ་དང༌། ཕ་མ་ཕལ་ཆེ་བ་བོད་འབྲུག་འདྲེས་མ་ལྟ་བུར་བརྟེན། བོད་མིའི་ཉིན་སློབ་ནང་ཕྲུག་གྲངས་ལོ་རེ་བཞིན་ཇེ་ཉུང་དུ་སོང་སྟེ།
ཕྱི་ལོ་༢༠༠༦ ལོར་འབྲུག་དཀར་ཕྱེ་རུ་སློབ་ཕྲུག་༥ འཇིགས་མེད་ནང་དུ་སློབ་ཕྲུག་༢༡ ཁ་ས་ཁ་རུ་སློབ་ཕྲུག་༡༠ ལྷོང་མཚོ་རུ་སློབ་ཕྲུག་༩ བཅས་ལས་མེད་པར་གྱུར་སྟབས། ཕྱི་ལོ་༢༠༠༧ ནས་ལྷོང་མཚོ་དང༌། ཁ་ས་ཁ། དཀར་ཕྱེ་གསུམ་སྒོ་བརྒྱབ་སྟེ། ད་ཆ་འཇིགས་མེད་ནང་གཅིག་པུ་ལས་མེད།
ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྡོམ་རྩིས་བྱས་པ་ལྟར་ན། ལོ་དེར་འབྲུག་འཇིགས་མེད་ནང་སློབ་གྲྭར་ནང་བུ་༡༣ དང་བུ་མོ་༧ བཅས་ཁྱོན་སློབ་ཕྲུག་༢༠ དང༌། དགེ་རྒན་༢ ཡོད།
ཕྱི་ལོ་༡༩༨༩ ལོ་ནས་༢༠༠༨ བར་འབྲུག་བོད་སློབ་ཁག་གི་སློབ་ཕྲུག་གྲངས་འབོར་གནས་སྟངས་གཤམ་གསལ།
སློབ་གྲྭ་སོ་སོའི་འགོ་བཙུགས་ནས་ཕྱི་ལོ་༢༠༠༨ བར་སློབ་གྲྭ་མཐའ་འཁྱོལ་སློབ་ཕྲུག་གྲངས་ཇི་བྱུང་སྐོར་ཞུ་རྒྱུར། འཇིགས་མེད་ནང་ཉི་ལྡེ་རབ་བརྟན་གླིང་ཉིན་སློབ་འགོ་བཙུགས་པའི་ཕྱི་ལོ་༡༩༧༠ ལོ་ནས་ད་བར་དམའ་རིམ་འཛིན་གྲ་གསུམ་པ་ཐོན་པ་དང་ལྔ་པ་ཐོན་པ་བསྡོམས་བོད་ཕྲུག་དང་ཡུལ་ཕྲུག་བཅས་པ་གྲངས་༡༤༩ བཅས་ཐོན་འདུག དེ་ནས་ཁ་ས་ཁ་ཉིན་སློབ་དང༌། ལྷོང་མཚོ་གཞིས་ཆགས་ཉིན་སློབ། དཀར་ཕྱེ་ས་ཉིན་སློབ་བཅས་ནས་མཐའ་མའི་དམའ་རིམ་འཛིན་རིམ་གསུམ་པ་ཐོན་པ་གྲངས་ ༢༠༠ ཙམ་སློབ་ཐོན་ཟིན་ནས་བོད་གཞུང་གཏན་སློབ་ཁག་ནང་ཟླ་སྒྲིལ་བཏང་ཡོད།
༦། ཤེས་ཡོན་གནས་སྟངས།
ད་ཡོད་འབྲུག་འཇིགས་མེད་ནང་སློབ་གྲྭ་བོད་ཡིག་སློབ་ཚན་གཙོ་བོར་རྩིས་པའི་སློབ་ཚན་ཁག་བདུན་དང༌། སྔ་དགོང་ཞལ་འདོན་དང་གླུ་གཞས་འཁྲབ་སྟོན་བཅས་སྦྱོང་བརྡར་སྤྲོད་བཞིན་ཡོད་པ་དང༌། ཕྱི་ལོ་༢༠༠༥ ལོར་རང་གཞུང་ཤེས་རིག་ལས་ཁུངས་མཆོག་ནས་དམའ་རིམ་སློབ་དགེ་ཚོར་ཤེས་ཡོན་སྲིད་བྱུས་ཀྱི་ལམ་སྟོན་གཟབ་སྦྱོང་ཞིག་རྡ་སར་གོ་སྒྲིག་བཀའ་དྲིན་ཆེ་བར་འདི་ནས་སློབ་དགེ་རྣམས་ཆེད་བཅར་གྱིས་སློབ་སྦྱོང་སྦྱོར་སྤྲོད་གནས་སྟངས་ལ་ཕན་ཁྱད་བྱུང་ཡོད།
ཤེས་ཡོན་སྲིད་བྱུས་གསར་པ་ཐོན་པ་ནས་བཟུང་འདི་གའི་ཉིན་སློབ་ནང་ཕྲན་བུ་ཕན་ཐོགས་བྱུང་ཡོད་ཀྱང༌། འདི་གར་འཇིགས་མེད་ནང་གཞིས་ཆགས་ཉིན་སློབ་ཏུ་སློབ་ཕྲུག་ཉུང་བ་དང༌། ཤེས་ཚད་འཛིན་རིམ་གསུམ་པ་བར་ལས་མེད་སྟབས་དེ་ཙམ་གྱི་གྲུབ་འབྲས་མངོན་གསལ་ཐོབ་དཀའ་བ་དང༌། ཉིན་སློབ་ནས་འཛིན་རིམ་གསུམ་པ་སློབ་ཐོན་གྱིས་སློབ་གྲྭ་གཞན་ཆེ་བ་ནང་ཟླ་སྒྲིལ་གཏོང་སྐབས་སློབ་ཕྲུག་གཞན་དང་མཚུངས་པའི་ཤེས་ཡོན་གནས་ཚད་རྨང་གཞི་ལྡན་པའི་ཐོག་ནས་འཛིན་རིམ་གོང་མའི་ཤེས་ཡོན་སྲིད་བྱུས་གསར་པའི་སློབ་ཚན་རྣམས་མུ་མཐུད་སྦྱོང་ཤེས་ཐུབ་པའི་ཕན་ཐོགས་ངེས་པར་དུ་སྦྱོར་སྤྲོད་ཐུབ་ཡོད།
༧། གཞུང་འབྲེལ་འཚམས་གཟིགས།
ཕྱི་ལོ་༡༩༩༩ ཟླ་༩ ཚེས་༢༥།༢༩ བར་སམ་བྷོ་ཊ་བོད་སློབ་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་འབྲུག་གཞིས་ཆགས་ཉིན་སློབ་ཁག་བཞིའི་ནང་གཟིགས་སྐོར་གྱིས་ས་གནས་སློབ་ཁག་སོ་སོའི་གནས་སྟངས་ལ་རྟོག་ཞིབ་དང་རྒྱུས་ལོན་གནང༌། ཕྱི་ལོ་༢༠༠༠ ལོ་ནས་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་ནས་སློབ་དགེའི་གསོལ་ཕོགས་དང༌། རྒྱུན་གྲོན། ཁྲིད་ཆས། རྩེད་ཆས་སོགས་རྒྱ་གར་ནང་གི་སློབ་གྲྭ་སྤྱི་མཚུངས་བཞིན་མཐུན་འགྱུར་རོགས་སྐྱོར་གནང༌།
འོན་ཀྱང༌། གོང་སྨོས་ལྟར་འབྲུག་ཡུལ་སློབ་གྲྭ་ཁག་སྤྱིར་བཏང་ནས་སློབ་ཕྲུག་ཉུང་ཞིང་འགྲིམ་འགྲུལ་དང་མཐུན་རྐྱེན་ཞན་པའི་ཁར། འབྲུག་གཞུང་གིས་བོད་སློབ་ཡོད་ས་ཁག་ཏུ་གཞུང་འཛུགས་སློབ་གྲྭ་ཆེད་འཛུགས་གནང་སྟེ། བོད་མིའི་ཕྲུ་གུ་སློབ་བཞེས་གནང་བར་བརྟེན། ས་གནས་བོད་མི་རྣམས་ཀྱིས་ཕྲུ་གུ་བོད་མིའི་ཉིན་སློབ་ནས་ཕྱིར་འཐེན་གྱིས་འབྲུག་སློབ་ནང་བཏང་བ་དེ་ནི་ཉིན་སློབ་ཁག་སྒོ་རྒྱག་དགོས་པའི་རྒྱུ་མཚན་གཙོ་བོ་ཡིན་ནོ། །
ཤེས་རབ་དགའ་ཚལ་སློབ་གླིང།
དཀར་ཆག
༡། འགོ་འཛུགས།
༢། མཐུན་རྐྱེན་འཛུགས་སྐྲུན།
༣། སློབ་འཇུག་དང་ཡིག་རྒྱུགས་གནས་སྟངས།
༤། ཤེས་ཡོན་ལས་རིམ་དང་གྲུབ་འབྲས།
༥། གཞུང་འབྲེལ་འཚམས་གཟིགས།
༡། འགོ་འཛུགས།
ཤེས་རབ་དགའ་ཚལ་སློབ་གླིང་ནི། བཞུགས་སྒར་དྷ་རམ་ས་ལ་དང་འདབས་འབྲེལ་དུ་ཆགས་ཡོད། སློབ་གྲྭ་འདི་ཐོག་མར་ཕྱི་ལོ་༡༩༩༣ ཕྱི་ཟླ་༣ ཚེས་༧ ཉིན་བོད་གཞུང་དབུས་སྣེ་ལེན་ཁང་གི་ཁྱབ་ཁོངས་སུ་གསར་འཛུགས་གནང༌། སྐབས་དེར་སློབ་མ་གྲང་༡༠༧ དང་དགེ་ལས་༥ ཙམ་ཡོད། ཐོག་མར་སློབ་ཁང་སོགས་ལོགས་སུ་འཛུགས་ལོང་མ་བྱུང་བར་རས་གུར་ཕུབ་སྟེ་འཕྲལ་སེལ་སློབ་ཁང་དང་ཉལ་ཁང་གསར་འཛུགས་གནང༌། སློབ་གྲྭའི་འགན་འཛིན་ཐོག་མ་སྐུ་ངོ་ཆོས་མཛད་བྱམས་པ་ལགས་ཡིན་ཞིང༌།
ཕྱི་ལོ་༡༩༩༤ ནས་༡༩༩༩ བར་ལྕགས་ཤོག་གི་འཛིན་ཁང་དང་ཉལ་ཁང་གསར་པའི་ནང་སྤོས་ཤིང༌། སྐབས་དེར་ཡོངས་གྲགས་སུ་གསོག་སྒར་སློབ་གྲྭ་ཞེས་འབོད། ཕྱི་ལོ་༡༩༩༨ ཟླ་༡༠ པའི་ནང་ཌན་མག་དང་ཨ་རི་གཞུང་གི་རོགས་རམ་འོག་སློབ་ཁང་དང་ཉལ་ཁང་སོགས་ཨར་ལས་འགོ་འཛུགས་གནང་སྟེ། ཕྱི་ལོ་༡༩༩༩ ཟླ་༡༢ ནས་སློབ་མ་རྣམས་སྡོད་ཁང་གསར་པའི་ནང་སྤོས། ཕྱི་ལོ་༢༠༠༢ ཟླ་༣ ནས་བོད་གཞུང་བཀའ་ཤག་གི་བཀའ་དགོངས་ལྟར་དབུས་སྣེ་ལེན་འབྲེལ་མཐུད་ཁང་ནས་ཤེས་རིག་ལས་ཁུངས་ལ་རྩིས་འབུལ་གནང༌། དེ་ནས་བཟུང་སློབ་གྲྭ་འདི་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་དམིགས་བསལ་སློབ་གྲྭ་ཞིག་ཏུ་གྱུར། སློབ་གྲྭ་འདི་ཐོག་མར་འཛུགས་པའི་དམིགས་ཡུལ་ནི། བོད་ནས་གསར་དུ་འབྱོར་པའི་གཞོན་སྐྱེས་ལོ་གྲངས་༡༨ ནས་༣༠ ཟིན་པ་རྣམས་ལ་བོད་ནང་དུ་སློབ་སྦྱོང་གི་གོ་སྐབས་སྤྱི་དང༌། ཁྱད་པར་བོད་མི་རང་ཉིད་ཀྱི་དགོས་འདུན་བཞིན་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་མ་ཐོབ་པའམ་དང་ཆ་ཚང་མ་ཐོབ་པའི་གཞོན་སྐྱེས་རྣམས་ཀྱི་ཆེད་དུ་ཡིན་པས། སློབ་གྲྭའི་འཛིན་སྐྱོང་དང་སྒྲིག་འཛུགས། སློབ་ཚན། མཐུན་རྐྱེན་སོགས་སློབ་གྲྭ་གཞན་དང་མི་འདྲ་བའི་ཁྱད་ཆོས་ཡོད། ཕྱི་ལོ་༢༠༠༨ ལོར་སློབ་མ་བུ་གྲངས་༣༧༦ དང༌། བུ་མོ་གྲངས་༡༩༩ བཅས་ཁྱོན་བསྡོམས་༥༧༦ དང༌། དགེ་རྒན་གྲངས་༣༦ དང་ལས་བྱེད་གྲངས་༡༦ བཅས་ཁྱོན་བསྡོམས་དགེ་རྒན་༥༢ བཅས་ཡོད།
༢། མཐུན་རྐྱེན་འཛུགས་སྐྲུན།
སློབ་གྲྭ་འདིའི་སྤྱི་ཡོངས་ས་ཆའི་རྒྱ་ཁྱོན་ཀར་ནལ་༧༠ མར་ལ་༤་༥ ཡིན། སློབ་གྲྭ་གསར་འཛུགས་དང་འཛིན་སྐྱོང་གི་འགྲོ་གྲོན་ཆ་ཚང་ཨ་རི་གཞུང་གིས་རོགས་རམ་གནང་ཡོད། ཕྱི་ལོ་༢༠༠༡ ལོར་ཌན་མག་གཞུང་གི་རོགས་རམ་འོག་སློབ་ཕྲུག་བུའི་ཉལ་ཁང་དང༌། འཛིན་ཁང༌། ཚོགས་ཁང་སོགས་གསར་རྒྱག་གནང༌།
ཕྱི་ལོ་༢༠༠༣ ལོར་ཡུ་རོབ་མཉམ་འབྲེལ་རོགས་ཚོགས་(Euroquest, EU)ཀྱི་རོགས་རམ་འོག་ལས་ཤག་ཁང་བརྩེགས་ཀ་པ་གསར་སྐྲུན་དང༌། ཕྱི་ལོ་༢༠༠༣ ལོར་གསོལ་ཐབ་ཁང་དང༌། གཉེར་ཚང༌། སློབ་མའི་གསོལ་ཚིགས་ཁང༌། དགེ་རྒན་དང་ལས་བྱེད་ཀྱི་ལས་ཤག་ཁང་བརྩེགས་ཁ་དང་ག་ང་ཅ་བཅས་དང༌། ཕྱི་ལོ་༢༠༠༤ ལོར་ལས་ཤག་ཁང་བརྩེགས་ཆ་ཇ་ཉ་བཅས་གསར་སྐྲུན་གནང༌། དེ་བཞིན་ཕྱི་ལོ་༢༠༠༣ ཟླ་༡ ཚེས་༡༧ ཉིན་སུད་སི་ཁྱིམ་ཚང་ཞིག་གི་དཔལ་འབྱོར་རོགས་རམ་འོག་སློབ་ཕྲུག་བུ་མོའི་ཉལ་ཁང་གསར་རྒྱག་གནང༌། ཕྱི་ལོ་༢༠༠༥ ནང་བོད་གཞུང་ཤེས་རིག་ལས་ཁུངས་བརྒྱུད་ཡུ་རོབ་མཉམ་འབྲེལ་རོགས་ཚོགས་(EU through Tibet House Trust)ཀྱི་དཔལ་འབྱོར་རོགས་རམ་འོག་ཤེས་རབ་དགའ་ཚལ་སློབ་གླིང་དུ་གྲལ་རིམ་ཀ་པའི་ལས་ཤག་ཁང་མིག་༡༦ དང༌། གྲལ་རིམ་ཁ་པའི་ལས་ཤག་ཁང་མིག་གཅིག་ཅན་༧ གསར་རྒྱག་དང༌། སློབ་གྲྭའི་ཆུ་ཡུར་བཟོ་བཅོས་དང༌། ལྕགས་རི་དང་དཔེ་མཛོད་གསར་རྒྱག་བཅས་ཀྱི་ལས་གཞི་ལེགས་གྲུབ་བྱུང༌། ཕྱི་ལོ་༢༠༠༥ ལོར་ཨ་རིའི་ཕི་ལོ་ར་ཁྱིམ་ཚང་ཐེབས་རྩ་(Flora Family Foundation)ཡི་རོགས་རམ་འོག་སློབ་གྲྭའི་དཔེ་མཛོད་ཡར་རྒྱས་ལས་འཆར་ལག་བསྟར་ལེགས་གྲུབ་ཐོག དགེ་རྒན་དང་སློབ་མ་ཚོའི་དགོས་འདོད་བཞིན་དཔེ་མཛོད་ཁང་དུ་དཔེ་དེབ་ཕོན་ཆེ་མཁོ་སྒྲུབ་བྱས་པས། དགེ་སློབ་གཉིས་ལ་ཕན་ཐོགས་ཆེན་པོ་བྱུང༌།
སློབ་གྲྭ་འདིའི་འགན་འཛིན་རིམ་བྱོན།
- ཆོས་འཛིན་བྱམས་པ། ཕྱི་ལོ་༡༩༩༣།༣།༧ ནས་ཕྱི་ལོ་༢༠༠༧།༤།༢༠ བར།
- ཀུན་དགའ་རྡོ་རྗེ། ཕྱི་ལོ་༢༠༠༧།༤།༢༡ ནས་ཕྱི་ལོ་༢༠༠༧།༡༡།༥ བར།
- དངོས་གྲུབ་རྡོ་རྗེ། ཕྱི་ལོ་༢༠༠༧།༡༢།༧ ནས་ཕྱི་ལོ་༢༠༠༨།༧།༤ བར།
- བུ་ཕྲུག་ཤཱསྟྲི། ཕྱི་ལོ་༢༠༠༨།༧།༥ ནས་ད་བར།
༣། སློབ་འཇུག་དང་ཡིག་རྒྱུགས་གནས་སྟངས།
ཕྱི་ལོ་༡༩༩༣ ནས་༢༠༠༨ ཕྱི་ཟླ་༡༡ ཚེས་༣༠ བར་བོད་ནས་གསར་དུ་འབྱོར་བ་བུ་༤༤༨༦ དང་བུ་མོ་གྲངས་༡༥༤༥ ཁྱོན་བསྡོམས་སློབ་ཕྲུག་༦༠༣༡ འབྱོར་ཡོད་པ་ལས། སློབ་གྲྭ་ཐོན་མཁན་ཁྲོད་བརྒྱ་ཆ་༦༠ ཙམ་བོད་ལ་ཕྱིར་ལོག་བྱས་ཡོད། ཕྱི་ལོ་༡༩༩༣ ནས་༢༠༠༩ བར་འདས་པའི་ལོ་ངོ་༡༧ རིང་སློབ་གྲྭ་འདིར་གསར་དུ་སློབ་འཇུག་གནང་བའི་སློབ་མའི་གྲངས་འབོར་གཤམ་གསལ།
༤། ཤེས་ཡོན་ལས་རིམ་དང་གྲུབ་འབྲས།
སློབ་གྲྭ་འདིའི་སྤྱིར་བཏང་སློབ་སྦྱོང་གི་ཡུན་ཚད་ལོ་༥ ཡིན་ནའང༌། ཐོག་མར་སློབ་ཞུགས་སྐབས་སློབ་ཕྲུག་སོ་སོའི་རྨང་གཞིའི་ཤེས་ཚད་དང༌། ཤེས་ཡོན་གྱི་དགོས་འདུན་མི་འདྲ་བར་དམིགས་ཏེ། སློབ་སྦྱོང་གི་འཇུག་རིམ་དང་དུས་ཡུན་ཡང་དམིགས་བསལ་བཀོད་སྒྲིག་གནང་ཡོད། འཛིན་གྲྭ་འགོ་འཛུགས་སྟངས་ནི་གཤམ་གསལ།
དང་པོ། | རྨང་གཞི། | དུས་ཡུན་ལོ་གཅིག | |
གཉིས་པ། | ཟུར་ཚོགས། | ||
གསུམ་པ། | འཛིན་གྲྭ་དང་པོ། | དུས་ཡུན་ལོ་གཉིས། | |
བཞི་པ། | འཛིན་གྲྭ་གཉིས་པ། |
འཛིན་གྲྭ་གཉིས་པ། འཛིན་གྲྭ་གཉིས་པའི་རྗེས་སུ་སྡེ་ཚན་གང་ལ་འཇུག་མིན་འདེམས་གསེས་བྱ་ཆོག དེ་རྗེས་འཛིན་གྲྭ་སོ་སོར་ལོ་རིམ་བཞིན་འཕར་རྒྱུ་དང༌། འཚེམ་བཟོ་སྡེ་ཚན་ནང་སློབ་གཉེར་དུས་ཡུན་ལོ་གཉིས་ཡིན་པ་དང༌། ལྷ་བྲིས་སྡེ་ཚན་གྱི་སློབ་ཡུན་ལོ་གསུམ་བཅས་ཡིན། ལོ་རེར་འཛིན་རིམ་གཉིས་རེ་འཕར་དགོས་པ་དང་ལོ་ལྔའི་ནང་ཨིན་ཇི་འཛིན་རིམ་བརྒྱད་པའི་གནས་ཚད་དང༌།
བོད་ཡིག་འཛིན་རིམ་བཅུ་གཉིས་དང་མཉམ་པའི་གནས་ཚད་ལ་ངོས་འཛིན་ཐོབ་ཡོད། གཞི་རྩའི་སློབ་ཚན་ནི། བོད་ཡིག་དང༌། བོད་ཀྱི་རྒྱལ་རབས། ཆོས་འབྱུང༌། ྋགོང་ས་མཆོག་གི་མཛད་རྣམ། སྙན་ངག རྩོམ་རིག ཨིན་ཡིག་སོགས་དངོས་གཞིའི་སློབ་ཚན་དང༌། ཀམ་པུ་ཊར་དང༌། ཨིན་སྐད་སྦྱོང་བརྡར་འཛིན་གྲྭ། དཔེ་མཛོད་བཅས་ཀྱི་མཐུན་རྐྱེན་ཡང་ཡོད། ཤེས་ཡོན་སློབ་སྦྱོང་ཐོག་མུ་མཐུད་ཞུགས་བློ་མེད་པའི་སློབ་མ་ཚོའི་ཆེད་དུ་སློབ་གྲྭ་དང་ལྷན་དུ་ལག་ཤེས་སྡེ་ཚན་ནང་སློབ་འཇུག་གནང་ལམ་ཡོད། ལག་ཤེས་སྡེ་ཚན་ནང་ལྷ་བྲིས། འཚེམ་བཟོ། ཤིང་བཟོ། ཆུ་བཟོ། རྡོ་བཟོ་བཅས་ཀྱི་མཐུན་རྐྱེན་ཡོད། ཨིན་ཡིག་འཛིན་གྲྭའི་སློབ་རྣམས་མཐའ་མ་ཟླ་གསུམ་རིང་ལྡི་ལིར་གློག་ཀླད་སྦྱོང་བརྡར་དང་བདུན་ཕྲག་གཅིག་རིང་ཤེས་ཡོན་ལྟ་སྐོར་ལ་ལོ་ལྟར་འགྲོ་བཞིན་ཡོད། ལོ་རེར་སློབ་མ་ནང་ཁུལ་བགྲོ་གླེང་དང་གཏམ་བཤད། ཡིག་གཟུགས་དང་དག་ཆ་འགྲན་བསྡུར། ཨིན་བོད་རྩོམ་ཡིག་དང་དྲི་རྩད་འགྲན་བསྡུར། ཁང་ཚན་ནང་ཁུལ་གཞས་སྣ་དང་ཞབས་བྲོ་འཁྲབ་སྟོན། གཞུང་འབྲེལ་མཛད་སྒོའི་སྐབས་སུ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞས་སྣ་གཟིགས་འབུལ་བཅས་ཞུ་མུས་ཡིན། གཞན་ཡང་སློབ་མའི་ལུས་སྦྱོང་ཆེད་ལོ་རེར་ཁང་ཚན་ནང་ཁུལ་སིལ་སྤོལ་འགྲན་བསྡུར་སྤེལ་མུས་དང༌། ཕྱི་ལོ་༢༠༠༦།༢༠༠༧།༢༠༠༩ བཅས་སོ་སོར་ས་གནས་གཞོན་ནུའི་སིལ་སྤོལ་རྩེད་འགྲན་ཁྲོད་ཨང་དང་པོ་ཐོབ།
༥། གཞུང་འབྲེལ་འཚམས་གཟིགས།
སློབ་གྲྭ་འདི་ནི་བོད་ནས་འབྱོར་བའི་གཞོན་སྐྱེས་མང་པོ་ཞིག་སློབ་གཉེར་བྱེད་ས་གཙོ་བོ་ཞིག་ཡིན་པར་བརྟེན། བཙན་བྱོལ་བོད་གཞུང་དང་ཚོགས་སྡེ་ཁག་ནས་ཧ་ཅང་གལ་ཆེར་གཟིགས་ཏེ་སློབ་མ་ཚོར་བོད་ཀྱི་རིག་གཞུང་དང༌། མང་གཙོ་དང་ཆབ་སྲིད། བོད་ཕྱི་ནང་གི་དངོས་ཡོད་གནས་སྟངས་སོགས་གནད་དོན་མང་པོ་ཞིག་གི་ཐད་གཏམ་བཤད་དང༌། འགྲེམས་སྟོན། བགྲོ་གླེང༌། གློག་བརྙན་གཟིགས་འབུལ་སོགས་ཀྱི་ལས་རིམ་རྒྱུན་མཐུད་སྤེལ་བཞིན་ཡོད། འདི་ལོ་ཁོ་ནའི་འཚམས་གཟིགས་ཁག་ལས་གནད་བསྡུས་ཙམ་བཀོད་ན། ཕྱི་ལོ་༢༠༠༩ ཟླ་༥ ཚེས་༤ ཉིན་དཔལ་ལྡན་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་མཐར་ཕྱིན་སློབ་མའི་སློབ་ཐོན་མཛད་སྒོར་ཆེད་ཕེབས་ཀྱིས་བླང་དོར་བཀའ་སློབ་ཟབ་རྒྱས་སྩལ། ཕྱི་ལོ་༢༠༠༩ ཟླ་༥ ཚེས་༢༣ ཉིན་སམ་བྷོ་ཊ་བོད་སློབ་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་ནས་འཚམས་གཟིགས་ཀྱིས་སློབ་མ་ཚོར་རང་ངོས་ནས་སློབ་སྦྱོང་བྱེད་ཕྱོགས་སྐོར་སློབ་སྟོན་གསུང་བཤད་གནང༌། ཕྱི་ལོ་༢༠༠༩ ཟླ་༦ ཚེས་༢༠ ཉིན་བོད་གཞུང་བདེ་ལེགས་སྨན་ཁང་གི་སྨན་པ་ཕུན་ཚོགས་ལགས་ཀྱིས་འཚམས་གཟིགས་གནང་སྟེ། སློབ་མ་ཚོར་ནད་རིགས་སྣ་ཚོགས་ཀྱི་འབྱུང་རྐྱེན་དང་སྔོན་འགོག་ཐབས་ལམ་སོགས་སློབ་སྟོན་གསུང་བཤད་གནང༌། ཕྱི་ལོ་༢༠༠༩ ཟླ་༧ ཚེས་༢༢ ཉིན་མཁས་དབང་འཇམ་དབྱངས་ནོར་བུ་ལགས་ཀྱིས་སློབ་གྲྭར་འཚམས་གཟིགས་ཀྱིས་བོད་རང་བཙན་གཙང་མ་ཡིན་པའི་སྐོར་ལ་སྔར་ཡོད་བདེན་དཔང་འཁོར་ཐག་ནང་ནས་གཟིགས་འབུལ་དང་འགྲེལ་བརྗོད་དོགས་སེལ་བཅས་སློབ་སྟོན་གནང༌།
ཕྱི་ལོ་༢༠༠༩ ཟླ་༨ ཚེས་༢༩ ཉིན་ས་རཱ་མཐོ་སློབ་ཀྱི་རྒྱལ་རབས་དགེ་རྒན་སྐལ་བཟང་ལགས་གདན་ཞུས་ཀྱིས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་བོད་ཀྱི་རྒྱལ་གླུའི་འགྲེལ་བཤད་བཅས་སློབ་སྟོན་གནང༌། ཁྱད་པར་ཕྱི་ལོ་༡༩༩༤ ཟླ་༧ ཚེས་༡༡ ཉིན་འཛམ་གླིང་ཞི་བདེའི་དེད་དཔོན་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་སློབ་གྲྭ་འདིར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ། སློབ་གྲྭའི་མིང་ལ་ཤེས་རབ་དགའ་ཚལ་སློབ་གླིང་ཞེས་པའི་མཚན་གསོལ་གནང༌། སྐབས་དེར་ྋགོང་ས་མཆོག་ནས་དགེ་ལས་སློབ་མ་བཅས་ལ་བླང་དོར་བཀའ་སློབ་ཟབ་རྒྱས་སྩལ་བའི་ནང་དོན་དུམ་ཚན་འགའ་བཀོད་པ་གཤམ་གསལ། “དེ་རིང་འདི་ག་གསོག་སྒར་སློབ་གྲྭར་ཡོང་ཐུབ་པར་ང་རང་དགའ་པོ་བྱུང༌། ཁྱེད་རང་ཚོ་རྒྱ་གར་ལ་ཐོག་མར་ཡོང་དུས་གལ་སྲིད་བསམ་བློའི་ནང་ལ་རྒྱ་གར་དུ་སླེབས་ན་སྐྱིད་པ་རེད་བསམ་ཡོད་ན་དེ་ནི་བསམ་བློ་གཏོང་སྟངས་ནོར་བ་རེད། ང་ཚོ་ཚང་མ་རྒྱ་གར་ལ་བཙན་བྱོལ་བ་བྱས་ཏེ་བསྡད་ཡོད།” ཅེས་དང༌། “སོ་སོའི་ལུང་པ་སྐྱིད་པོ་མཐུན་རྐྱེན་འཛོམས་པ་དང་ལུང་པ་བཟང་པོ་ཡོད་པ་འདི་རྒྱ་ནག་གི་བཙན་འོག་ཏུ་ཚུད་ནས་གཞན་དབང་ལ་གྱར་བ་འདི་སྡུག་བསྔལ་གྱི་རང་བཞིན་ཡིན་པ་སྨོས་མེད་རེད། ང་ཚོ་གཞན་དབང་ལས་གྲོལ་ནས་རང་དབང་ཐོབ་ན་བདེ་སྐྱིད་ཡིན་ཞིང༌། ང་ཚོས་རང་དབང་འཐོབ་རྒྱུའི་དམིགས་ཡུལ་བཟུང་ནས་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་ཐབས་ཤེས་རིམ་པ་གང་ཡོང་བྱེད་དགོས་པ་དང༌། དེ་བྱེད་པའི་རིང་མཐུན་རྐྱེན་མ་འཛོམས་པ་དང༌། དཀའ་ངལ་མང་པོ་ཞིག་འཕྲད་ཀྱང་ངལ་བ་གདོང་ལེན་བྱ་ཞིག་དགོས་
ཆགས་ཡོད། རང་དབང་བསྒྲུབ་ཐུབ་པ་ཞིག་བྱེད་བསམ་པའི་བློ་ཁུར་ནས་ཚུར་ཡོང་བ་ཞིག་དགོས། དེ་མིན་སྐྱིད་པོ་གཏོང་རྒྱུའི་དོན་ལ་རྒྱ་གར་ལ་འགྲོ་བསམ་ཡོད་ན་དང་པོ་ནས་བསམ་བློ་ནོར་བ་རེད། བོད་ནས་ཡོང་དུས་ནས་དཀའ་ངལ་ཡོང་གི་ཡོད་ཀྱང་བོད་རང་དབང་བསྒྲུབ་རྒྱུའི་དོན་ནམ། རྒྱ་མིའི་བཙན་འོག་ཏུ་སྡོད་མ་དགོས་པའི་ཆེད་དཀའ་ལས་ག་རེ་ཡིན་ཡང་བརྒྱབ་བསམ་པའི་སེམས་ཐག་བཅད་ནས་ཡོང་མཁན་ཚོ་ནི་དངོས་གནས་ཡོང་བ་དམིགས་ཡུལ་ལྡན་པ་ཞིག་རེད་ལ་བསམ་བློ་གཏོང་སྟངས་ཡང་དག་པ་རེད།” ཅེས་དང༌། “ད་ཆ་བོད་མི་བཙན་བྱོལ་བ་སྤྱི་ཡོངས་ཀྱི་ཆ་ནས་བཤད་ན། འཛམ་གླིང་ཐོག་བཙན་བྱོལ་བ་འདྲ་འདྲའི་ནང་ནས་གྲ་འགྲིག་ཤོས་དང༌། ཚགས་ཚུད་ཤོས་ཤིག་ཆགས་ཡོད། ཁྱེད་རང་ཚོར་ད་ལྟ་འདིར་མཐུན་རྐྱེན་མ་འཛོམས་པའི་དཀའ་ངལ་ཆེན་པོ་ཡོད་ཀྱང༌། དཀའ་ངལ་ལྷོད་གཡེང་བཏང་བས་མི་འགྲིགས་པར་གང་ཐུབ་ཅི་ཐུབ་ཀྱིས་སེལ་ཐབས་བྱེད་དགོས་པ་རེད། གཙོ་ཆེ་ཤོས་འཕྲོད་བསྟེན་དང་ལྟོ་ཆས་འདི་གཉིས་གལ་ཆེ་ཤོས་རེད། གཟུགས་པོ་བདེ་ཐང་གི་འོག་ནས་སློབ་སྦྱོང་བྱེད་རྒྱུར་ད་ལྟ་བར་དུ་ཆང་མས་ཧུར་ཐག་བྱེད་ཀྱི་ཡོད་པ་ཡག་པོ་བྱུང་འདུག” ཅེས་དང༌། “དགེ་རྒན་གྱི་ཆ་ནས་བོད་དགེའི་དཀའ་ངལ་འཕྲལ་ཡོད་པ་དེ་དག་ག་འདྲ་བྱས་ན་ལེགས། སྔོན་ལ་ཐབས་ཤེས་བྱ་རྒྱུ་གང་འདུག་དེ་ཚོ་བལྟས་ཆོག་གི་རེད། གང་ལྟར་སློབ་ཕྲུག་ཚོའི་ངོས་ནས་ཧུར་ཐག་བྱེད་ཀྱི་ཡོད་པར་དགའ་པོ་བྱུང༌། སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་རེད། སློབ་སྦྱོང་བྱས་པ་སོ་སོ་སྒེར་གཅིག་པུའི་མི་ཚེ་སྐྱེལ་རྒྱུའི་དོན་མིན་པར། བོད་སྤྱི་པའི་དོན་གྱི་ལས་དོན་ཆེན་པོ་ཞིག་ང་ཚོའི་
མཇིང་པར་འཁྲི་ཡོད་པ་རེད། དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་ནས་ང་ཚོའི་ལས་འགན་ཞིག་ཆགས་ཡོད།” ཅེས་དང༌། “འདི་ཁྱེད་རང་ཚོ་ཀུན་སྤྱོད་ཡག་པོ་ཡོད་བརྗོད་ཀྱི་འདུག སྒྲིག་ལམ་ཀུན་སྤྱོད་ཡག་པོ་དགོས། ད་དུང་ཡིན་ནའང་སྙིང་ལ་རུས་པ་བཅུག་སྟེ་སྲ་ཐག་ཐག་བྱེད་དགོས།” ཞེས་དང༌། “བོད་ཀྱི་དོན་གྱི་བདག་པོ་བོད་ནང་ཡོད་པའི་རྒྱ་ཆེའི་བོད་མི་མང་རྣམས་རེད་ཅེས་ངས་སྔ་ཕྱི་བར་གསུམ་དུ་བཤད་ཀྱི་ཡོད་ལ་རེད་ཀྱང་རེད། ལུང་པ་གང་དུ་ཡིན་ཡང་མང་བ་དེ་གཙོ་ཆེ་བ་རེད། ཁྱེད་རང་ཚོ་དོན་གྱི་བདག་པོའི་སྐུ་ཚབ་ལྟ་བུ་ཆགས་ཡོད།” ཅེས་དང༌། “བོད་པ་ནང་ཁུལ་རྒྱ་འདྲེ་བརྒྱབ་ནས་གསོད་རེས་བྱེད་ཀྱི་འདུག་ཟེར་བ་དང༌། བོད་པས་འཁྲུག་པ་རྒྱག་གི་འདུག་བརྗོད་དུས་དཔེ་མི་སྲིད་པའི་ངོ་ཚ་པོ་དང༌། འཛམ་གླིང་འདིའི་སྒང་ལ་བོད་པའི་གནས་ལུགས་མི་ལ་འགྲེལ་བཤད་གང་འདྲ་བྱས་ནས་རྒྱག་དགོས་ཀྱི་རེད་བསམས་ཏེ་མཚམས་རེར་ང་རང་ངོ་གནོང་དགོས་པ་ཆགས་ཡོང་གི་འདུག དེ་འདྲ་ཡིན་དུས་ཁྱེད་ར
ང་ཚོ་འདི་གར་ཡོད་པ་ཚོ་དེ་འདྲའི་སྤྱོད་ལམ་མེད་པ་དང༌། ཡ་རབས་ཀུན་སྤྱོད་དང་སྒྲིག་འཛུགས་ཡག་པོ་ཁུར་ཏེ་ཡག་པོ་འདུག་ཅེས་ད་ལྟ་ལས་བསྡོམས་ནང་བཤད་ཡོད་པར་ཧ་ཅང་དགའ་པོ་བྱུང༌། དེ་གལ་ཆེན་པོ་རེད། བོད་སྤྱི་པའི་མཚན་མཐོང་ལ་རྒྱའི་ངོས་ནས་བཤད་ནའང༌། ཡ་རབས་སྤྱོད་བཟང་གལ་ཆེན་པོ་རེད།” ཅེས་དང༌། “མཐུན་རྐྱེན་མ་འཛོམས་པའི་དཀའ་ངལ་ལ་ཁྱེད་ཚོ་ས་གནས་ས་ཐོག་ཏུ་ཡོད་པའི་དགེ་ལས་ཚོས་ཁུར་ཆེན་པོ་བླངས་འདུག་པར་བསྔགས་བརྗོད་ཡོད། ཁྱེད་ཚོས་གསོག་སྒར་གྱི་ཕྲུ་གུ་ཚོར་ལྟ་རྟོག་བྱེད་པའི་ཆེད་སོ་སོའི་སྡོད་གནས་གཞིས་ཆགས་སོགས་དང་ཁ་བྲལ་ཏེ་འདི་གར་ལོ་དང་ཟླ་བ་སྦྲེལ་ནས་དཀའ་བ་དང་ལེན་བྱས་པར་རྗེས་སུ་ཡི་རང་ཡོད།” ཅེས་དང༌། “ཚང་མས་བློ་བདེ་པོ་དང༌། སེམས་སྐྱིད་པོའི་ངང་ཧུར་ཐག་བྱེད་དགོས།” ཞེས་སོགས་འཕྲལ་ཕུགས་བླང་དོར་བཀའ་སློབ་ཟབ་རྒྱས་སྩལ་ཏོ། །