ཟླ་རེའི་གསར་འགྱུར།

སློབ་ཆུང་གི་སྐད་ཡིག་སློབ་ཁྲིད་ཐད་རི་མོ་བཀོད་ནས་རོགས་ཁྲིད་བྱེད་ཐབས།

དགེ་རྒན་གྱི་དཔྱད་གཞི།

རྩོམ་པ་པོ།     སྒོམ་སྐྱིད།     རྩོམ་ཁུངས།     མཚོ་སྔོན་པོ་དྲ་བ།

    སློབ་ཆུང་སྐད་ཡིག་སློབ་ཁྲིད་ཀྱི་དམིགས་ཡུལ་དང་བླང་བྱ་དེ་སློབ་ཆུང་སློབ་མའི་བསམ་བློའི་ཁྱད་ཆོས་དང་ཟུང་འབྲེལ་བྱེད་དགོས།  ཚད་དང་རན་པའི་སྒོ་ནས་རི་མོ་བཀོད་སྤྱོད་བྱས་ཏེ་སློབ་བཞིན་པའི་ཤེས་བྱའི་ནང་དོན་ཁོང་དུ་ཆུད་པ་དང་།  སྐད་ཡིག་སློབ་ཁྲིད་ཀྱི་ཧུར་བརྩོན་རང་བཞིན་ཐད་སྐུལ་འདེད་བྱེད་དགོས།
རི་མོ་མང་པོ་བཀོལ་སྤྱོད་བྱས་ནས།  ལྟ་ཞིབ་ནུས་པ་སྐྱེད་སྲིང་བྱེད་དགོས།  རི་མོར་བལྟས་ནས་རྩོམ་ཡིག་འབྲི་སྐབས།  སློབ་མས་རི་མོ་མང་པོ་དང་མཛེས་ལྗོངས་མང་པོར་ཁ་གཏད་དུས་གང་ནས་འགོ་རྩོམ་དགོས་པ་དང་ཇི་ལྟར་འབྲི་དགོས་པ་མི་ཤེས།  གནས་ཚུལ་འདི་ལྟ་བུར་འཕྲད་དུས།  དགེ་རྒན་གྱིས་ཚད་དང་རན་པའི་སྒོ་ནས་སློབ་མར་རི་མོ་སྟེང་གི་ཡུལ་ལྗོངས་སྣ་ཚོགས་དང་རི་མོ་ཡོངས་ཀྱི་བསམ་བློ་གཏོང་ས་གཙོ་བོར་ཁྲིད་སྟོན་ཅུང་བྱེད་དགོས།  དཔེར་ན་རི་མོར་བལྟས་ནས་རྩོམ་ཡིག་འབྲི་བ《སྤྱི་གླིང་གི་ཟུར་ཞིག》ཅེས་པ་ལྟ་བུ་ཁྲིད་སྐབས།  ཚོན་མདོག་ཅན་གྱི་སྨྱུ་གུ་ཞིག་གིས་མི་རྣམས་ཀྱི་ཡིད་དབང་འཕྲོག་པའི་ཆུ་འཕྱུར་རྫིང་བུ་ཞིག་བྲིས་ནས།  སློབ་མར་ཆུ་འཕྱུར་རྫིང་བུ་དེའི་རྣམ་པ་འབྲི་རུ་འཇུག་པ་དང་།  དེ་ནས་ལྡིང་ཁང་དང་ཁྱམས་རིང་།  སྡོང་བོ།  མེ་ཏོག   གནས་སྐོར་བ་སོགས་བྲིས་ནས།  སློབ་མར་ཡུལ་ལྗོངས་རེ་རེའི་རྣམ་པ་དང་དེ་དག་གི་ཁྱད་ཆོས་ཡིད་ལ་འཛིན་དུ་བཅུག་ནས་བསམ་གཞིགས་ཀྱི་གཤོག་ཟུང་རྒྱས་སུ་འཇུག་པ་དང་།  མཇུག་མཐར་སློབ་མ་རྣམས་ལ་ལྟ་ཞིབ་བྱེད་པའི་ཡུལ་ལྗོངས་རེ་རེ་དང་དེ་དག་གི་ཁྱད་ཆོས་འབྲི་རུ་འཇུག་དགོས།  འདི་ལྟ་བུའི་རི་མོར་བལྟས་ནས་རྩོམ་ཡིག་འབྲི་བ་དེས།  སློབ་མས་གོ་རིམ་ཡོད་པའི་སྒོ་ནས་ཡུལ་ལྗོངས་ཀྱི་རྣམ་པ་འབྲི་བའི་ནུས་པར་སྦྱོང་བརྡར་བྱེད་ཐུབ་པ་མ་ཟད།  ཁོ་ཚོའི་ལྟ་ཞིབ་དང་དབྱེ་ཞིབ་ཀྱི་ནུས་པ་ཡང་སྐྱེད་སྲིང་བྱེད་ཐུབ།
དམར་ཁྲིད་རང་བཞིན་དང་གསོན་ཉམས་རང་བཞིན།  གཟུགས་སྣང་རང་བཞིན་ལྡན་པའི་རི་མོ་ཡོད་ན།  ད་གཟོད་སློབ་ཚན་གྱི་ནང་དོན་དེ་སློབ་མའི་མིག་ལམ་དུ་མངོན་པ་དང་།  ཁོ་ཚོའི་ཀླད་པའི་ནང་དུ་བསམ་གཞིགས་ཀྱི་གཤོག་ཟུང་རྒྱས་ངེས།  འདི་ལྟར་བྱས་ན་སློབ་མར་མགྱོགས་ཤིང་གཏིང་ཟབ་པའི་སྒོ་ནས་སློབ་ཚན་གྱི་ནང་དོན་ཤེས་སུ་འཇུག་པ་མ་ཟད།  སློབ་མའི་དངོས་པོ་ལ་ལྟ་ཞིབ་དང་གནད་དོན་ལ་བསམ་གཞིགས།  གནས་ལུགས་ངོས་འཛིན་བྱེད་པ་བཅས་ཀྱི་ཧུར་བརྩོན་རང་བཞིན་ལའང་སྐུལ་སློང་གཏོང་ངེས།  དཔེར་ན“མཛེས་སྡུག་གི་བྱ་ཕོ”ཞེས་པའི་སློབ་ཚན་དེ་ཁྲིད་སྐབས།  བྱ་ཕོ་དེའི་མགོ་ཡར་འདེགས་པ་དང་མར་སྒུར་བའི་འགུལ་སྤྱོད་ཀྱི་འགྱུར་ལྡོག་ལ་བརྟེན་ནས།  བྱ་ཕོ་དེའི་སྔོན་གྱི་ང་རྒྱལ་ཁེངས་དྲེགས་དང་རང་སྣང་མཐོན་པོའི་རྣམ་འགྱུར་དེ་མགོ་བསྒུར་ནས་བསམ་གཞིགས་གཏོང་བ་དང་ཁེངས་སྐྱུང་གིས་སྐྱོན་བརྗོད་དང་ལེན་བྱེད་པར་འགྱུར་བའི་རྣམ་འགྱུར་དེ་ནག་པང་ཐོག་གསལ་བོར་བྲིས་ནས།  གཟུགས་སྣང་རང་བཞིན་གྱིས་བྱ་ཕོ་དེའི་ང་རྒྱལ་ནས་ཁེངས་སྐྱུང་གི་སེམས་ཁམས་འགྱུར་ལྡོག་གི་གོ་རིམ་དེ་མཚོན་པར་བྱེད་ཆོག  འདི་ལྟར་བྱས་ན་སློབ་ཚན་ཁྲོད་ཀྱི་གཙོ་གནད་དང་དཀའ་གནད་ཐག་གཅོད་བྱེད་ཐུབ་པ་རེད།
ཡུལ་ལྗོངས་བེད་སྤྱོད་བྱས་ནས།  སློབ་མའི་སྤྲོ་སེམས་ཐད་སྐུལ་སློང་གཏོང་དགོས།  《དགུན་སྟོན》ཅེས་པའི་སློབ་ཚན་དེ་ཁྲིད་སྐབས། དགེ་རྒན་གྱིད་མདོག་ལྡན་ས་སྨྱུག་གིས་ནག་པང་ཐོག་ཁང་བ་དམར་པོ་མང་པོ་ཞིག་བྲིས་ནས།  མཐིང་མདོག་གི་དུ་བ་དང་།  ལོ་མ་སེར་པོའི་སྡོང་བོ།  ནག་ལ་སེར་ཞིང་རྒྱ་ཆེ་བའི་ལོ་ཏོག་བརྔས་ཤུལ་གྱི་ས་ཞིང་།  དེའི་སྟེང་དུ་ད་རུང་ཁ་བའི་འདབ་མ་འགའ་བསྣན་ན།  བྱང་ཕྱོགས་རི་གྲོང་གི་དགུན་སྟོན་གྱི་རྣམ་པ་ཞིག་མངོན་ཏེ།  ཁྱད་ཆོས་ལྡན་པའི་བློ་ཁམས་ཡངས་པོ་ཞིག་བསྐྲུན་པ་མ་ཟད།  སློབ་མའི་བསམ་གཞིགས་ཁྱི་གཤོགས་ཟུང་རྒྱས་སུ་འཇུག་ཐུབ་པ་རེད།

སྔོན་མ།
༄༅།།རྗེས་ལུས་སློབ་མ་སྐྱོང་ཐབས་རོབ་ཙམ་གླེང་བ།
ཕྱི་མ།
སློབ་ཚན་སྔོན་སྦྱོང་ནི་སློབ་ཁྲིད་ཉན་པའི་སྟ་གོན་ཡིན།
Menu