ཟླ་རེའི་གསར་འགྱུར།

གཏན་ཉིན་སློབ་ཁག་གི་ཆོས་དགེའི་ཟབ་སྦྱོང་མཇུག་བསྒྲིལ་བ།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག། ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢༣ ནས་འགོ་བཙུགས་ཞུས་པའི་གཏན་ཉིན་སློབ་གྲྭ་ཁག་གི་ཆོས་དགེའི་ཟབ་སྦྱོང་དེ་བཞིན་ཕྱི་ཟླ་ ༢ ཚེས་ ༢༢ ཉིན་མཇུག་བསྒྲིལ་ཡོད་པ་དང། མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་དབུས་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དང་ཤེས་རིག་ཤེས་ཡོན་འགན་འཛིན་བཅས་ཚོགས་ཞུགས་གནང༌ཡོད།
    ཐོག་མར་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་ཐེངས་འདིའི་ཟབ་སྦྱོང་གི་བྱུང་རིམ་དང་དགོས་དམིགས། ཟླ་བ་གཅིག་རིང་གི་སློབ་ཚན་དང་སློབ་ཁྲིད་གནང་མཁན། དེ་བཞིན་ཟབ་སྦྱོང་གི་མཇུག་འབྲས་ཇི་བྱུང་བཅས་ཀྱི་ལས་བསྡོམས་སྒྲོག་སྦྱང་ཞུས། དེ་རྗེས་ཟབ་སྦྱོང་བ་རྣམ་པའི་སྐུ་ཚབ་ཧ་སྤུར་ཆོས་དགེ་དགེ་བཤེས་བློ་ལྡན་ལགས་ཀྱིས་ཟབ་སྦྱོང་གི་མྱོང་ཚོར་གསུང་བཤད་གནང༌།
    དེ་ནས་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ཀྱིས་ཟབ་སྦྱོང་དང་འབྲེལ་བའི་གསུང་བཤད་གནང་དོན། བརྐུས་པའི་ནོར་དང་རྒྱན་ལ་གཟི་བརྗིད་དང་མཛེས་ཉམས་གང་ཡང་མེད་པའི་དཔེ་ལྟར། སློབ་དཔོན་གྱི་དགོངས་པ་དང་མ་མཐུན་པ་ཡིན་ན། རིག་པ་ཇི་ཙམ་ཡོད་ཀྱང་ངོ་མཚར་སྐྱེ་རྒྱུ་གང་ཡང་མེད་པས། རྒྱུན་དུ་ྋགོང་ས་མཆོག་གི་བཀའ་དགོངས་རྣམས་ཡིད་ལ་བཅང་རྒྱུ་གལ་ཆེ་ཡིན་པ་དང༌། ཐེངས་འདིའི་ཟབ་སྦྱོང་འདི་བརྒྱུད་ཆོས་དགེ་རྣམས་ལ་ཚན་རིག་དང་ཨང་རྩིས་ཀྱི་རྨང་གཞི་ས་བོན་ཐོབ་པ་དེ་རྒྱུན་དུ་དྲན་ཤེས་ཀྱི་ཆུ་ལུད་དྲོད་གཤེར་སོགས་ཀྱི་མཐུན་རྐྱེན་དང་མ་བྲལ་བ་གནང་དགོས་པ་སོགས་ཀྱི་སྐོར་གསུངས།
    དེ་ནས་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་ཆོས་དགེ་རྣམས་ལ་མཇུག་བསྡོམས་གསུང་བཤད་གནང་བའི་ནང༌། ང་རང་ཚོ་སྤྱི་ཚོགས་ཤིག་གི་ནང་ལ་ཕྱག་ལས་གནང་མཁན་ཞིག་ཡིན་ཕྱིན་སྤྱི་ཚོགས་དེའི་ནང་ཡོད་པའི་མི་རྣམས་ཀྱི་བསམ་བློའི་འཁྱེར་སོ་འདྲ་མིན་ཡོད་སྟབས། སྐབས་རེ་ཕོག་ཐུག་སོགས་ཡོང་ངེས་ཀྱང་དེས་རང་ཉིད་སེམས་ཤུགས་ཆག་ཏུ་མ་བཅུག་པར་རྐྱེན་ངན་གྲོགས་ཤར་གྱི་གནས་སུ་བསྒྱུར་ཏེ་རང་གི་ལས་འགན་ཐོག་སྔར་བས་ཐུགས་ཁུར་ཆེ་བཞེས་གནང་དགོས་པ་དང༌། ཆོས་དགེ་རྣམ་པ་ཚོས་སློབ་ཕྲུག་རྣམས་ལ་ནང་ཆོས་གཙོ་བོར་གྱུར་པའི་རིགས་ལམ་སློབ་ཁྲིད་ཀྱི་ལྷན་དུ་སློབ་ཕྲུག་ཚོར་ཡ་རབས་བཟང་སྤྱོད་དང་འབྲེལ་བའི་སློབ་གསོ་གནང་རྒྱུའི་འགན་དབང་ཆེ་ཤོས་དེ་ཆོས་དགེ་རྣམས་ལ་ཡོད་པ་མ་ཟད། རྒྱུན་དུ་ཆོས་དགེ་རྣམས་ནས་རང་ཉིད་ཀྱི་ཁྱད་ལས་སློབ་ཚན་ཙམ་མ་ཟད་སློབ་ཚན་གཞན་ཁག་ལ་ཐུགས་སྣང་གནང་སྟེ་ཕན་ཚུན་གོ་བསྡུར་སྦྱང་བཤད་གནང་ཚེ་དགེ་མཚན་ཡོད་ལུགས་སྐོར་དང༌། དེང་སང་ང་ཚོའི་སྤྱི་ཚོགས་ནང་དཀའ་ངལ་ཁོ་ན་གླེང་བ་ལས་དཀའ་ངལ་དེ་དག་ལས་གྲོལ་ཐབས་ལ་བསམ་བློ་གཏོང་མཁན་ཆེས་དཀོན་པོ་ཆགས་ཡོད། ང་ཚོར་འཕྲད་བཞིན་པའི་དཀའ་ངལ་རྣམས་ལ་གདོང་ལེན་ཇི་ལྟར་དགོས་མིན་ཐོག་ལའང་བསམ་བློ་གཏོང་དགོས་པ་དང༌། དེ་ནས་ཁོང་གིས་ད་ལྟའི་བར་ཆོས་དགེ་རྣམས་ནས་ལྷག་བློ་ཆེར་བསྐྱེད་ཀྱིས་རང་གི་ལས་འགན་བསྒྲུབས་པ་དེར་ཐུགས་རྗེ་ཆེ་གསུངས་པ་དང་སྦྲགས་མུ་མཐུད་དེ་ལྟར་གནང་རོགས་ཞེས་སོགས་ཀྱི་གསུང་བཤད་གནང༌།
    མཐའ་དོན་ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཟབ་སྦྱོང་སློབ་ཁྲིད་གནང་མཁན་དང་ས་རཱ་མཐོ་སློབ་ནས་མཐུན་འགྱུར་གནང་མཁན་འབྲེལ་ཆགས་ཐུན་མོང་དང༌། གཞན་ཡང་ཟབ་སྦྱོང་ཚོགས་བཅར་བ་ཆོས་དགེ་རྣམས་ལ་ཐུགས་རྗེ་ཆེ་ཞུས་ཏེ་ཟབ་སྦྱོང་ལེགས་གྲུབ་བྱུང༌།
 

སྔོན་མ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༧ ནས་ ༩ བར་གྱི་ཤེས་རིག་ཚོགས་ཆེན་ཐེངས་དྲུག་པའི་ཚོགས་ཆུང་ཁག་གི་གྲོས་གཞི་དོན་ཚན་གསུམ་ཐོག་སྤྱི་མོས་དང་མང་མོས་བྱུང་བའི་སྙན་ཐོ་ལས་ཕྱོགས་བསྡོམས་ཞུས་པའི་གྲོས་ཆོད།
ཕྱི་མ།
སོན་རྩ་བྱིས་པའི་དེབ་ཕྲེང་འབྲི་རྩོམ་པ་དང་རི་མོ་འབྲི་མཁན་གྱི་ཟབ་སྦྱོང་ཐེངས་དང་པོ།