ཟླ་རེའི་གསར་འགྱུར།

གཏན་ཉིན་སློབ་གྲྭ་ཁག་གི་ཆོས་དགེ་རྣམས་ལ་ཚན་རྩིས་ཀྱི་རྨང་གཞི་ཟབ་སྦྱོང་འགོ་འཛུགས་ཞུས།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢༣ ནས་ཟླ་ ༢ ཚེས་ ༢༢ བར་ཟླ་བ་གཅིག་རིང་འདི་ག་ཤེས་རིག་ལས་ཁུངས་ཀྱིས་བཀོད་སྒྲིག་འོག་གཏན་ཉིན་སློབ་གྲྭ་ཁག་གི་ཆོས་དགེ་རྣམས་ལ་གཞི་རིམ་འཛིན་གྲྭ་ལྔ་པ་བར་གྱི་ཚན་རིག་དང་ཨང་རྩིས་གཉིས་ཀྱི་རྨང་གཞི་ངོ་སྤྲོད་ཀྱི་ཟབ་སྦྱོང་དེ་བཞིན་ཕྱི་ཚེས་ ༢༣ ཉིན་འགོ་བཙུགས་ཞུས། ཟབ་སྦྱོང་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོར་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཕེབས་གནང་།
    ཐོག་མར་ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་ཟུང་དྲུང་ཚེ་རིང་བསམ་གྲུབ་ལགས་ཀྱིས་འཚམས་འདྲི་དང་ཟབ་སྦྱོང་གི་དམིགས་ཡུལ་ངོ་སྤྲོད་གནང་བའི་ནང་། དེ་སྔ་ཆོས་དགེའི་ཟབ་སྦྱོང་དང་རིགས་ལམ་འདུ་འཛོམས་སྔ་རྗེས་སུ་ཆོས་དགེ་རྣམས་ནས་གཞི་རིམ་ཚན་རྩིས་ཀྱི་ངོ་སྤྲོད་གོ་སྒྲིག་ཐུབ་ན་ཐུགས་ཕན་གསོ་ལུགས་རེ་འདུན་ལན་མང་བྱུང་བ་དང་། གཏན་ཉིན་སློབ་གྲྭ་ཁག་གི་ནང་བོད་ཡིག་ལས་གཞན་པའི་སློབ་ཚན་རྣམས་རིགས་ལམ་བརྒྱུད་སློབ་ཁྲིད་ཚགས་ཚུད་ཡོང་ཐབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་ཤེས་ཡོན་གྱི་བསྟི་གནས་མང་པོར་རིགས་ལམ་བརྒྱུད་སློབ་ཁྲིད་གནང་ཐབས་ཐད་ཤུགས་སྣོན་དགོས་གལ་སྐོར་བཀའ་སློབ་གསུང་གི་བདུད་རྩི་ལན་མང་སྩལ་སྨིན་བྱུང་ཡོད་པ་བཅས་ལ་བརྟེན་ནས་ཐེངས་འདིའི་ཟབ་སྦྱོང་འདི་བཞིན་གལ་གནད་ཆེན་པོར་བརྩི་བཞིན་ཡོད་པ་དང་། གཞན་ཡང་ཟླ་བ་གཅིག་རིང་ཆོས་དགེ་རྣམས་ལ་ཚན་རྩིས་གཉིས་ཀྱི་སློབ་ཁྲིད་གནང་མཁན་ཁོངས་སུ་ཇཱ་བོད་ཁྱིམ་གྱི་ཨང་རྩིས་དགེ་རྒན་འཕྲིན་ལས་དཔལ་མོ་ལགས་དང་། ཚན་རིག་དགེ་རྒན་ཉི་མ་ཚེ་རིང་ལགས། དཔེ་སྟོན་སློབ་གྲྭའི་སློབ་སྤྱི་བསྟན་འཛིན་རྡོ་རྗེ་ལགས། དྷ་སྟེང་བོད་ཁྱིམ་ཚན་རིག་དགེ་རྒན་བསྟན་འཛིན་དངོས་གྲུབ་ལགས། དྷ་ས་དཔེ་མཛོད་ཁང་གི་ཚན་རིག་སྡེ་ཚན་བཅས་ནས་སློབ་ཁྲིད་གནང་གཏན་འཁེལ་བ་བཅས་ཀྱི་སྐོར་ངོ་སྤྲོད་གནང་།
    དེ་རྗེས་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ཀྱིས་ཆོས་དགེ་རྣམས་ལ་ཆོས་དགེའི་ལས་སྒོར་ཞུགས་པར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་མུ་མཐུད་ཆོས་དགེའི་ལས་དོན་ཐོག་ཧུར་ཐག་གནང་རྒྱུའི་རེ་འདུན་ཞུས། ཁོང་གིས་རིགས་ལམ་སློབ་ཁྲིད་དེ་ནང་ཆོས་གཅིག་པུར་མ་ཡིན་པར་རིག་གནས་ཅི་ལའང་སྦྱར་དུ་རུང་བ་དང་། དཔེར་ན། མི་གཅིག་གི་མི་ཚེ་ལ་ཆ་བཞག་ན་ལས་དོན་གང་ཞིག་གི་ཁེ་གྱོང་དང་། ལེགས་ཉེས་ཇི་ཡོང་རྣམ་འབྱེད་ཐུབ་པའི་ཤེས་རབ་ཅིག་སྐྱེས་ཐུབ་པ་ཞིག་བྱུང་བ་ཡིན་ནའང་རིགས་ལམ་སློབ་ཁྲིད་བྱས་པའི་ཕན་ཐོགས་བྱུང་བ་དང་། ང་ཚོ་འཕགས་མཆོག་༸སྤྱན་རས་གཟིགས་ཀྱི་གདུལ་བྱར་སྐྱེས་སྟབས་རིགས་དང་མཐུན་པའི་ལས་བརྩམ་དགོས་པར་སོང་། ཁོང་གིས་ཅི་གསུངས་ལག་ལེན་དུ་འཁེལ་བ་གནང་དགོས་པ་དང་། ཆོས་དགེ་རྣམ་པས་སློབ་ཕྲུག་རྣམས་ལ་རིགས་ལམ་ནང་ཆོས་སློབ་ཁྲིད་ཀྱི་ཞོར་ལ་༸གོང་ས་མཆོག་གི་ཐུན་མིན་དགོངས་བཞེད་སྐོར་ཡང་ངོ་སྤྲོད་གནང་གལ་ཆེ་བ་བཅས་ཀྱི་སྐོར་གསུངས།
    ཤེས་རིག་དྲུང་ཆེ་མཆོག་གིས་དབུ་འབྱེད་བཀའ་སློབ་ལམ་སྟོན་དུ། ༸སྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་རིམ་ཕེབས་ནང་། ང་ཚོ་བོད་པས་རྒྱལ་སྤྱི་ལ་རིགས་ལམ་གྱི་ཐོག་ནས་སློབ་ཁྲིད་ཐབས་ལམ་གསར་པ་ཞིག་ལེགས་སྐྱེས་སུ་འབུལ་ཐུབ་ངེས་སྐོར་གསུངས་པར་བརྟེན། ང་ཚོས་འཛིན་རིམ་དང་པོ་ནས་བརྒྱད་པ་བར་གྱི་ཚན་རིག་གི་སློབ་ཚན་གལ་གནད་ཆེ་ཁག་རིགས་ལམ་གྱི་འགྲོས་དང་མཐུན་པར་ཕྱོགས་བསྒྲིགས་བྱས་པའི་དགེ་རྒན་ལག་དེབ་ཀྱི་རགས་ཟིན་ཞིག་བཟོ་འགོད་གྲུབ་པ་དང་། ད་ལན་གྱི་ཟབ་སྦྱོང་འདི་བརྒྱུད་རགས་ཟིན་དེ་ཐོག་སྣོན་འཕྲི་སྤོར་གཅོག་ཇི་དགོས་གནང་སྟེ་ལག་དེབ་ཀྱི་ནང་དོན་ཁག་ལ་ཞུ་དག་སྤུས་ཚད་གོང་མཐོར་ཐུབ་པའི་རེ་བ་ཡོད་སྐོར་དང་། ༸གོང་ས་མཆོག་གིས་རྒྱུན་དུ་བླ་ན་མེད་པའི་བཀའ་སློབ་ལམ་སྟོན་ལྟར་སློབ་གྲྭ་ཁག་ནང་རིགས་ལམ་བརྒྱུད་ནས་སློབ་ཚན་གཞན་ཁག་སློབ་ཁྲིད་ཐུབ་པའི་སྒོ་ནས་ཤེས་ཡོན་ཐོག་འཛམ་གླིང་ལ་ཐབས་ལམ་གསར་པ་ལེགས་སྐྱེས་སུ་འབུལ་ཐུབ་པ་ངེས་པར་དུ་ཡོང་ཐུབ་ཀྱི་རེད་སྙམ་ལུགས་དང་། ང་ཚོ་བོད་ཀྱི་སྲོལ་རྒྱུན་རིགས་ལམ་གྱི་ཐབས་ལམ་བརྒྱུད་གཞུང་ཆེན་བཀའ་པོད་སོགས་ལ་སློབ་གཉེར་གནང་སྲོལ་དེ་ཐུན་མིན་གྱི་ཁྱད་ནོར་ཞིག་ཡིན་པས། དེར་ཕྱི་རྒྱལ་གྱི་ཚན་རིག་པ་དང་། རྒྱ་གར་ཤེས་ཡོན་ཅན་དུ་མས་ཡིད་སྨོན་གནང་བཞིན་ཡོད་པ་དཔེ་མཚོན་དང་སྦྲགས་ནས་གསུངས་པ་དང་། དེ་མིན་ཆོས་དགེ་རྣམ་པས་རྒྱུན་ལྡན་གྱི་ཕྱག་ལས་གནང་ཕྱོགས་དང་། ཆོས་དགེ་རྣམས་ནས་སློབ་ཕྲུག་རྣམས་ལ་དཀའ་ངལ་རིགས་བྱུང་བའི་སྐབས་བྱམས་སྙིང་རྗེས་སློབ་གསོ་དང་ལམ་སྟོན་སོགས་གནང་བ་བརྒྱུད་མདུན་ལམ་སློབ་སྟོན་པའི་ཕྱག་ལས་ཁོངས་ནས་སློབ་གསོའི་ཕྱག་ལས་དེ་ཆོས་དགེ་རྣམ་པས་གནང་ཐུབ་ངེས་སོགས་ཀྱི་གསུང་བཤད་ལམ་སྟོན་གནང།
    མཐའ་དོན་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་ཐེངས་འདིའི་ཟབ་སྦྱོང་ཚོགས་ཡུལ་མཐུན་འགྱུར་གནང་མཁན་འབྲེལ་ཆགས་ཚང་མ་དང་། སློབ་ཁྲིད་མཐུན་འགྱུར་གནང་མཁན། གཞན་ཡང་གུང་གསེང་ཡིན་མིན་ལ་མ་ལྟོས་པར་ས་ཐག་རིང་ཐུང་སྣ་ཚོགས་ནས་ཕེབས་པའི་ཚོགས་བཅར་བ་ཆོས་དགེ་རྣམས་ལ་ཐུགས་རྗེ་ཆེ་ཞུས་ཏེ་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོ་ལེགས་གྲུབ་བྱུང་བ་བཅས།།

སྔོན་མ།
ཤེས་རིག་ལས་ཁུངས་ཀྱི་མྱ་ངན་གུས་འདུད།
ཕྱི་མ།
དགེ་འོས་སྔོན་འགྲོའི་ཟབ་སྦྱོང་དབུ་འཛུགས་གནང་བ།
Menu