ཟླ་རེའི་གསར་འགྱུར།

གཞི་རིམ་གོང་མའི་བསླབ་གཞིའི་རྩ་འཛིན་བཟོ་འགོད་ཚོགས་འདུ།

གསར་འཕྲིན།
༄༅། །བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན། ཕྱི་ལོ་༢༠༡༢ ཟླ་༡༡ ཚེས་༡༥ ནས་༡༦ ཉིན་གཉིས་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས༌ཁུངས་ཀྱིས་གཞི་རིམ་གོང་མ་འཛིན་རིམ་དགུ་པ་དང་བཅུ་པ་གཉིས་ཀྱི་ཚན་རིག་དང་རྩིས་རིག་བསླབ་གཞིའི་རྩ་འཛིན་བཟོ་འགོད་ཀྱི་ཚོགས་འདུ་ཞིག་བཞུགས་སྒར་དྷ་ས་ཤེས་རིག་ཚོགས་ཁང་དུ་སྐོང་ཚོགས་གནང་ཡོད་འདུག ཚོགས་འདུ་འདིར་དྷ་ས་བོད་ཁྱིམ་དང། སམ་བྷོ་ཊ། དབུས་བོད་སློབ་འཛིན་ཚོགས་བཅས་ཀྱི་གཞི་རིམ་གོང་མའི་ཚན་རིག་དང་རྩིས་རིག་སློབ་དགེ་དང་། ཤེས་རིག་ལས་ཁུངས་ཀྱི་ཚན་རིག་ཤེས་ཡོན་འགན་འཛིན་དང། ཆེད་ལས་སློབ་དེབ་རྩོམ་སྒྲིག་པ་བཅས་ཁྱོན་བསྡོམས་ཚོགས་མི་༡༠ ཡོད་ཅིང། ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་འགན་འཛིན་དྲུང་འཕར་བཀྲ་ཤིས་དོན་གྲུབ་ལགས་ནས་ཚོགས་འདུ་གཙོ་སྐྱོང་དང་འབྲེལ་དབུ་འབྱེད་གསུང་བཤད་གནང་ཡོད།

          ཕྱི་ལོ་༢༠༠༤ ཟླ་༩ པར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་འགོ་བརྩམས་པ་ནས་བཟུང། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་གཞི་རིམ་སློབ་གྲྭའིི་སློབ་ཁྲིད་ཀྱི་ཁ་ཕྱོགས་དང། ནང་དོན། ཁྲིད་ཐབས་སོགས་སྲིད་བྱུས་ལག་བསྟར་གྱི་ཞིབ་ཕྲའི་རྩ་འཛིན་འདི་ཉིད་བཟོ་འགོད་བྱ་འགོ་བརྩམས་ཏེ། ཕྱི་ལོ་༢༠༡༠ བར་གཞི་རིམ་བར་མ་འཛིན་རིམ་བརྒྱད་པ་བར་གྱི་བསླབ་གཞིའི་རྩ་འཛིན་བཀའ་ཤག་ནས་བཀའ་འཁྲོལ་གཏན་འབེབས་གནང༌བ་མ་ཟད། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དང། སམ་བྷོ་ཊ་བོད་སློབ་ཡོངས་ནས་སློབ་ཁྲིད་ལག་བསྟར་གནང་བཞིན་ཡོད༌དང། ཕྱི་ལོ་༢༠༡༡ ནས་གཞི་རིམ་གོང་མ་འཛིན་རིམ་དགུ་པ་དང་བཅུ་པ་གཉིས་ཀྱི་བསླབ་གཞིའི་རྩ་འཛིན་བཟོ་འགོད་ཀྱི་ལས་དོན་འགོ་འཛུགས་དང། འདི་ལོའི་ཟླ་༨ པར་གཞི་རིམ་གོང་མའི་བསླབ་གཞིའི་རྩ་འཛིན་ལམ་སྟོན་ཚོགས་ཆུང་གིས་གཏན་འབེབས་བྱས་པའི་རྩ་འཛིན་ལམ་དོན་གྱི་དགོངས་དོན་བཞིན། ད་རེས་ཚན་རིག་དང་རྩིས་རིག་བསླབ་གཞིའི་རྩ་འཛིན་བཟོ་འགོད་ཀྱི་ཚོགས་འདུ་འདི་ཉིད་བསྡུ་སྐོང་བྱས་ཡོད། འདི་རྗེས་ཕྱི་ཟླ་༡༡ ཚེས་༢༢ ནས་༢༣ བར་འཛིན་རིམ་དགུ་པ་དང་བཅུ་པའི་སྤྱི་ཚོགས་ཚན་རིག་བསླབ་གཞིའི་རྩ་འཛིན་གཏན་འབེབས་ཚོགས་འདུ་སྐོང་ཚོགས་གནང་འཆར་ཡིན་འདུག༌པ་བཅས་ཀྱི་གནས་ཚུལ་དུ། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་༢༠༡༢ ཟླ་༡༡ ཚེས་༡༧ ཉིན།
སྔོན་མ།
དཔེ་སྟོན་སློབ་གྲྭ་རྟོག་ཞིབ་དང་ཤེས་ཡོན་ཉམས་གསོག་ལས་འཆར།
ཕྱི་མ།
མཐོ་སློབ་སློབ་ཡོན་འཆར་གཞི་གསར་པ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས།
Menu