ཟླ་རེའི་གསར་འགྱུར།

གཞི་རིམ་འོག་མའི་བོད་ཡིག་སློབ་དེབ་གཏན་འབེབས་ཚོགས་འདུ།

༄༅། །ཤེས་རིག་ལས༌ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༡༡ ནས་ ༡༥ བར་ཉིན་གྲངས་ལྔའི་རིང་གཞི་རིམ་འོག་མའི་འཛིན་རིམ་བཞི་པ་དང་ལྔ་པའི་བོད་ཡིག་སློབ་དེབ་གཏན་འབེབས་ཀྱི་ཚོགས་འདུ་དེ་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་དུ་ཚོགས་ཡོད།

དེ་ཡང་གོང་ཚེས་ཉིན་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་དང་། སྔོན་འགྲོ་དང་གཞི་རིམ་འོག་མའི་བསླབ་གཞིའི་རྩ་འཛིན་ལྟར་གཞི་རིམ་འོག་མའི་འཛིན་རིམ་བཞི་པ་དང་ལྔ་པའི་བོད་ཡིག་སློབ་དེབ་བསྐྱར་ཞིབ་ཀྱི་ཚོགས་འདུ་སྔོན་དུ་སོང་བ་ལྟར། སློབ་དེབ་རྩོམ་སྒྲིག་པས་བསྐྱར་ཞིབ་སྐབས་གཏན་འབེབས་བྱུང་བའི་དཀར་ཆག་ལྟར་རྩོམ་སྒྲིག་ཡོངས་སུ་གྲུབ་སྟེ་མཐའ་མའི་གཏན་འབེབས་ཀྱི་ཚོགས་འདུ་ཚོགས་ཡོད།

ཐེངས་འདིའི་བསྐྱར་ཞིབ་ཚོགས་འདུ་ལ་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་སློབ་དེབ་ཚན་པའི་འགན་འཁུར་བ་དགེ་འདུན་དོན་ཡོད་ལགས་དང་། ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས། སློབ་དེབ་རྩོམ་སྒྲིག་པ་བསྟན་འཛིན་དཔལ་ལགས། སྔོན་འགྲོ་དང་གཞི་རིམ་འོག་མའི་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་དྷ་ས་བོད་ཁྱིམ་གྱི་བོད་ཡིག་རྒྱུས་སྟོན་པ་མིང་ཆུང་ལགས་དང་ངག་དབང་སྦྱིན་པ་ལགས། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་གཞི་རིམ་འོག་མའི་བོད་དགེ་བསྟན་འཛིན་སྒྲོལ་མ་ལགས། གངས་སྐྱིད་དཔེ་སྟོན་སློབ་གྲྭའི་གཞི་རིམ་འོག་མའི་བོད་དགེ་པ་སངས་ཚེ་རིང་ལགས་དང་ཚེ་རིང་ཆོས་མཚོ་ལགས། སུ་ཇཱ་བོད་ཁྱིམ་གྱི་གཞི་རིམ་འོག་མའི་བོད་དགེ་འཇམ་མགོན་ལགས། དྷ་ཤོད་བོད་ཁྱིམ་གྱི་གཞི་རིམ་འོག་མའི་བོད་དགེ་བསྟན་འཛིན་དཔལ་སྐྱིད་ལགས། མ་སུ་རི་བོད་ཁྱིམ་སློབ་གྲྭའི་གཞི་རིམ་འོག་མའི་བོད་དགེ་ཡེ་ཤེས་དཔལ་ལྡན་ལགས། ར་ཇ་པུར་བོད་ཁྱིམ་སློབ་གྲྭའི་གཞི་རིམ་འོག་མའི་བོད་དགེ་ངག་དབང་བསྟན་འཛིན་ལགས་བཅས་ལྷན་འཛོམས་ཀྱིས་འཛིན་རིམ་བཞི་པ་དང་ལྔ་པའི་བོད་ཡིག་སློབ་དེབ་གཏན་འབེབས་ཀྱི་རགས་ཟིན་ལ་སྣོན་འཕྲི་སྤོར་གཅོག་གིས་ལེགས་གྲུབ་བྱུང་ཡོད་པ་དང་། པར་སྐྲུན་བྱས་ཏེ་འཆར་ལོའི་ནང་སློབ་གྲྭ་ཁག་དུ་ལག་བསྟར་བྱེད་རྒྱུ་ཡིན་འདུག

ཐེངས་འདིའི་ཚོགས་འདུའི་འགྲོ་གྲོན་ཡོངས་རྫོགས་ཌེ་ནི་ཌ་རོགས་ཚོགས་ཀྱི་མཐུན་འགྱུར་རོགས་རམ་གནང་ཡོད་པ་བཅས། །


སྔོན་མ།
ཤེས་རིག་ལས་ཁུངས་ནས་མེའོ་སཾ་བྷོ་ཊ་སློབ་གྲྭའི་སློབ་ཕྲུག་རྣམས་ལ་དགུན་དུས་འགོ་ཁྲིད་ཟབ་སྦྱོང་གནང་བ།
ཕྱི་མ།
དུས་འགྱངས་གསལ་བསྒྲགས།