ཟླ་རེའི་གསར་འགྱུར།

ཉི་འོང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ།

 

༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༠༦ ཉིན་ཉི་འོང་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་ཨོ་ཀུ་ར་གསོལ་མགྲོན་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད། སྐབས་དེར་བོད་མི་དང་། ཉི་འོང་བ། སོག་པོ། རྒྱ་རིགས་སོགས་ལྷན་ཞུགས་གནང་ཡོད་པ་རེད།

དེ་ཡང་མཛད་སྒོའི་ཐོག་མར་དགེ་བཤེས་བསོད་ནམས་རྒྱལ་མཚན་ལགས་ཀྱི་སྣེ་ཁྲིད་འོག་བོད་མི་རྣམས་ནས་ཞབས་རིམ་གསུང་འདོན་དང་འབྲེལ་སྐུ་ཚབ་དོན་གཅོད་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ནས་སྐུ་མགྲོན་རྣམ་པར་དགའ་བསུ་དང་སྦྲགས། སྐུ་མགྲོན་རྣམས་བྲེལ་བ་ཆེ་ཡང་མཛད་སྒོ་འདིར་ཕེབས་པར་ཐུགས་རྗེ་ཆེ་ཞུས། དེ་ནས་ཁོང་གིས་ཚོགས་བཅར་བ་རྣམས་ལ་འཁྲུངས་སྐར་ལ་ལེགས་སྐྱེས་ཡག་ཤོས་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་གནང་བ་ལྟར། ཉིན་དེར་བྱ་བ་བཟང་པོ་གཅིག་བསྒྲུབ་རྒྱུ་དེ་ཡིན་པ་དྲན་སྐུལ་གནང་བའི་ཁར། ཁོང་གིས་གོ་སྐབས་དེ་བཟུང་ནས་ཉི་འོང་གཞུང་དམངས་གཉིས་ནས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་མུ་མཐུད་གནང་བ་དང་། ལྷག་པར་ཉི་འོང་གིས་འདི་ལོའི་ཟླ་བ་དང་པོའི་ནང་འཇི་ནི་ཝར་ཚོགས་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ལ་བསྐྱར་ཞིབ་གནང་བའི་ཚོགས་འདུའི་ཐོག བོད་དང་ས་ཁུལ་གཞན་དུ་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བར་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་སྤེལ་བར་ཐུགས་རྗེ་ཆེ་ཞུས། ཁོང་གིས་ད་དུང་ཉེ་ཆར་ཨ་རིའི་གྲོས་ཚོགས་ཀྱིས་བོད་རྒྱའི་དཀའ་རྙོལ་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་གནང་སྐོར་ངོ་སྤྲོད་དང་འབྲེལ། ཉི་འོང་གཞུང་ནས་ཀྱང་དེ་མཚུངས་ཀྱི་ཁྲིམས་འཆར་གཏན་འབེབས་ཡོང་བའི་རེ་སྐུལ་ཞུས་ཡོད་པ་རེད།

མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོར་ལྷན་བཅར་ཞུ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཚུལ་དང་། ཉི་འོང་གཞུང་དང་མི་མང་གིས་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སྐྱེད་དམ་བཅའ་བཞིའི་སྐོར་འགྲེལ་བརྗོད་དང་། མགོན་པོ་མཆོག་ཉེ་ཆར་ཨ་རི་ནིའུ་ཡོག་ཏུ་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུས་རྗེས་སྐུ་ཁམས་མྱུར་དུ་དྭངས་བཞིན་ཡོད་སྐོར་གསལ་བཤད་གནང་ཡོད།

ཉི་འོང་ནང་གི་བློ་རྟོན་བསྟི་གནས་ཁང་(Japan Institute for National Fundamentals)ཞེས་པའི་འགན་འཛིན་ལྕམ་སྐུ་ས་ཀ་ར་ཡེ་ཡོ་སི་ཁོ་(Sakurai Yoshiko)ལགས་ཀྱིས་༸གོང་ས་མཆོག་གི་དགོངས་འཆར་དང་། བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཀྱི་ཡོད་ཚུལ། དེ་བཞིན་བོད་ནང་གི་དྲང་བདེན་མིན་པའི་གནས་སྟངས་སྐོར་ལ་འཛམ་གླིང་མི་མང་གིས་དོ་སྣང་དང་བགྲོ་གླེང་གནང་དགོས་པའི་ནན་བརྗོད་གནང་བའི་ཐོག བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཆ་ཚང་བ་ཡོད་པ་དང་། ཉི་འོང་གིས་བོད་མི་རྣམས་ཀྱི་འཚེ་བ་མེད་པའི་དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་དགོས་པ་གསུངས།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡུན་རིང་གི་མཛའ་གྲོགས་དང་བོད་དོན་རྒྱབ་སྐྱོར་བ་འབུམ་རམས་པ་ཏཱ་ཙུ་རཱ་ཀཱ་ཛུ་ཀཱ་ཡི་(Tatsumura Kazuko)ལགས་ཀྱིས་༸གོང་ས་མཆོག་དང་བོད་མི་རྣམས་དང་ལྷན་ཡུན་རིང་གི་འབྲེལ་ལམ་ཡོད་སྐོར་དང་། ༸གོང་ས་མཆོག་གིས་ཁོང་མོར་གཞན་ཕན་གྱི་ཆེད་དུ་མི་ཚེ་རིང་པོ་དང་བདེ་ཐང་ཅན་གྱི་མི་ཚེ་ཞིག་སྐྱེལ་དགོས་ཞེས་གསུངས་མྱོང་ཚུལ་དྲན་གསོ་གནང་། ཁོང་ནི་བོད་ཀྱི་ཟློས་གར་དང་འཁྲབ་སྟོན་རིག་རྩལ་དེ་ཨ་རི་དང་ཡུ་རོབ་ནང་ངོ་སྤྲོད་གནང་མཁན་གྱི་ཐོག་མའི་སྦྱིན་བདག་གྲས་ཡིན།

༸སྐུའི་འཁྲུངས་སྐར་གྱི་དུས་ཆེན་དང་བསྟུན་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཤི་མོ་མུ་ར་ཧ་ཀུ་བུན་(Shimomura Hakubun)ལགས་དང་། སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཨིཤི་ཀ་ཝ་ཨེ་ཀི་མཱ་ས་(Ishikawa Akimasa)ལགས་ནས་༸གོང་ས་མཆོག་སྐུ་ཁམས་གསལ་ཞིང་ཞབས་པད་བརྟན་པའི་གསོལ་འདེབས་གསུང་འཕྲིན་ཞིག་གནང་ཡོད།

མཛད་སྒོའི་ཐོག་ཉི་འོང་རྒྱལ་ཡོངས་དང་ས་གནས་ཀྱི་ཁྲིམས་བཟོ་བ་ཁག་ཅིག་དང་། ཤིན་ཏོ་ཆོས་སྡེ་ཁག་གི་མཁན་པོ་དང་གྲྭ་པ། ཤེས་ཡོན་པ་དང་སློབ་དཔོན་ཆེན་མོ། བོད་ལ་རྒྱབ་སྐྱོར་བྱེད་མཁན་སོགས་མི་གྲངས་ཉིས་བརྒྱ་ལྷག་འཛོམས་ཡོད།

ཁྲིམས་བཟོ་པ་ཟུར་པ་མ་ཁི་ནི་སེའི་ཤུ་(Makino Seishu)ལགས་ཀྱིས་མཇུག་སྡོམ་གསུང་བཤད་ཀྱི་སྐབས་སུ། ཚོགས་བཅར་བ་རྣམས་ནས་བོད་མི་ཚོས་རང་དབང་མང་གཙོའི་ཆེད་དུ་འཐབ་རྩོད་བྱེད་བཞིན་པ་དང་། ༸གོང་ས་མཆོག་གིས་འཛམ་གླིང་འདི་སྔར་ལས་ལྷག་པའི་བྱམས་བརྩེ་དང་ཞི་བདེ་ཡོང་ཐབས་སུ་ཐུགས་བརྩོན་གནང་བཞིན་པ་དེར་རྒྱབ་སྐྱོར་ཞུ་དགོས་པའི་རེ་སྐུལ་ཞུས་ཡོད་པ་བཅས།།

སྔོན་མ།
ཤེས་རིག་ལས་ཁུངས་ནས་༸སྐུའི་འཁྲུངས་སྐར་དང་སྟབས་བསྟུན་བྱིས་པའི་འགུལ་བརྙན་གཉིས་འགྲེམས་སྤེལ་གནང་བ།
ཕྱི་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཀྲོག་ཀྱོ་གཙུག་ལག་སློབ་ཁང་དུ་བོད་ནང་གི་མི་སེར་སྤེལ་ཡུལ་གཏན་སློབ་ཁག་གི་ཛ་དྲག་གནས་སྟངས་སྐོར་གསུང་བཤད་གནང་།