ཟླ་རེའི་གསར་འགྱུར།

དཔལ་འབྱོར་བཀའ་བློན་མཆོག་གིས་འཛིན་རིམ་བཅུ་པའི་སློབ་ཕྲུག་རྣམས་ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་བཞི་པ་དབུ་འབྱེད་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༠ ཉིན་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་དྷ་ཤོད་བོད་ཁྱིམ་ཚོགས་ཁང་ནང་རྒྱ་བལ་གཉིས་ཀྱི་སློབ་གྲྭ་ཁག་ ༣༠ ནས་སྣེ་ཁྲིད་དགེ་རྒན་ ༣༠ དང་འཛིན་རིམ་བཅུ་པའི་སློབ་ཕྲུག་གྲངས་ ༢༨༢ ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གི་ཟབ་སྦྱོང་ཐེངས་བཞི་པ་དབུ་འཛུགས་གནང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྐུ་མགྲོན་གཙོ་བོ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་གཙོས་ཤེས་རིག་དྲུང་ཚབ་ཟུང་དྲུང་ངག་དབང་ཡོན་ཏན་ལགས་དང་། ཤེས་རིག་ལས་ཁུངས་ཀྱི་སྡེ་ཚན་འགན་འཛིན་རྣམ་པ།  མེས་དབོན་དཔེ་སྟོན་སློབ་གྲྭའི་སློབ་སྤྱི། དྷ་ཤོད་བོད་ཁྱིམ་གྱི་དགེ་ཆེ། ཤེས་རིག་འབྲེལ་ཡོད་ལས་བྱེད། བོད་མིའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་པའི་སློབ་ཕྲུག་དང་ཕྱག་རོགས་དགེ་རྒན་རྣམ་པ་བཅས་ཚང་འཛོམས་ཀྱིས། ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་ཕྱེ་གནང་གྲུབ་བསྟུན། ཤེས་རིག་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཐེངས་འདིའི་ཟབ་སྦྱོང་ངོ་སྤྲོད་ཀྱི་གསུང་བཤད་གནང་།
དེ་རྗེས་ཤེས་རིག་དྲུང་ཚབ་ཀྱིས་ཟབ་སྦྱོང་དང་འབྲེལ་བའི་ལམ་སྟོན་གསུང་བཤད་གནང་གྲུབ་མཚམས་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་ཟབ་སྦྱོང་དབུ་འབྱེད་ཀྱི་གསུང་བཤད་གནང་ཡོད། དེ་རྗེས་ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་ཀྱི་མཛད་སྒོ་གྲོལ།
སྤྱིར་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡།༣༠ ནས་དབུ་འཛུགས་ཀྱིས་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་བོད་ཀྱི་མང་གཙོའི་འཕེལ་རིམ་སྐོར་དང་། དེ་ནས་ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན་བསྟན་པ་རྒྱལ་མཚན་ལགས་ཀྱིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་སྐོར་གསུང་བཤད་གནང་རྒྱུ།
ཕྱི་ཚེས་ ༢༡ ཉིན་འབུམ་རམས་པ་ལྷག་པ་ཚེ་རིང་ལགས་ཀྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་སྐོར་སྔ་དྲོའི་ཚོགས་ཐུན་གཉིས་འཁྲིད་རྒྱུ་དང་། ཕྱེད་ཡོལ་སློབ་ཕྲུག་རྣམས་ལྷན་ཁང་ཁག་ངོ་སྤྲོད་ཆེད་སྐོར་བསྐྱོད་འཁྲིད་རྒྱུ།   ཕྱི་ཚེས་ ༢༢ ཉིན་ཤེས་རིག་མདུན་ལམ་སློབ་སྟོན་ཚན་པའི་སྤྱི་ཁྱབ་འགན་འཛིན་སྒྲོལ་དཀར་དབང་མོ་ལགས་ཀྱིས་མདུན་ལམ་འདེམས་ཕྱོགས་སྐོར་སྔ་དྲོའི་ཚོགས་ཐུན་གཉིས་འཁྲིད་རྒྱུ་མ་ཟད། སློབ་ཕྲུག་རྣམས་ཀྱི་དོགས་འདྲི་ཁག་ལ་ལན་འདེབས་གནང་རྒྱུ། ཕྱེད་ཡོལ་ཤེས་རིག་མཐོ་སློབ་དང་སློབ་ཡོན་ཚན་པའི་འགན་འཛིན་ངག་དབང་ཡོན་ཏན་ལགས་ཀྱིས་ཤེས་རིག་སློབ་ཡོན་སྐོར་ངོ་སྤྲོད་གནང་རྒྱུ།
ཕྱི་ཚེས་ ༢༣ ཉིན་ཕྱི་དྲིལ་འབྲེལ་ཡོད་ལས་བྱེད་ནས་དབུ་མའི་ལམ་གྱི་སྐོར་ཚོགས་ཐུན་གཉིས་འཁྲིད་རྒྱུ། ཕྱེད་ཡོལ་འཚེ་མེད་ཞི་བའི་ལྟེ་གནས་ཁང་ནས་འཚེ་མེད་ཞི་བའི་ལྟ་གྲུབ་སྐོར་ཚོགས་ཐུན་གཅིག་འཁྲིད་རྒྱུ། ཕྱི་ཚེས་ ༢༤ ཉིན་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གི་བསོད་ནམས་བདེ་ཆེན་ལགས་ཀྱིས་གཞོན་སྐྱེས་འགོ་ཁྲིད་ནུས་པ་དང་སྒྱུ་རྩལ་ཞེས་པའི་བརྗོད་གཞིའི་ཐོག་ཚོགས་ཐུན་གཉིས་འཁྲིད་རྒྱུ།
   ཕྱི་ཚེས་ ༢༦ ཉིན་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་འགོ་ཁྲིད་ཀྱི་ཁྱད་ཆོས་དང་འབྲེལ་ལམ་གྱི་སྒྱུ་རྩལ་སྐོར་གསུང་བཤད་གནང་རྒྱུ། དེ་ཉིན་ཕྱེད་ཡོལ་དུ་འཇམ་དབྱངས་རྒྱལ་མཚན་ལགས་ཀྱིས་ལས་དོན་བྱེད་ཕྱོགས་ཀྱི་གཤིས་ཀའི་སྐོར་ཟབ་འཁྲིད་དང་དེ་ནས་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ནས་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ་སྐོར་གསུང་བཤད་གནང་རྒྱུ། ཕྱི་ཚེས་ ༢༧ ཉིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་དུས་རབས་ཉེར་གཅིག་པའི་ནང་པ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་སོགས་ཀྱི་ལས་རིམ་ཡོད་འདུག་པ་བཅས།།

སྔོན་མ།
བྱིས་སྒྲུང་བོད་སྒྱུར་དང་པར་སྐྲུན།
ཕྱི་མ།
ཤེས་རིག་བཀའ་བློན་མཆོག་གིས་རྒྱལ་སྤྱིའི་ཀ་ཁ་ག་ངའི་ལྷན་ཚོགས་ཐེངས་དང་པོར་གསུང་བཤད་གནང་བ།
Menu