༄༅། །བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་མཐུན་པར་རང་དབང་དང་། གཞན་ཕན། རྒྱུན་འཛིན། གསར་གཏོད་བཅས་ཀྱི་ནུས་པ་སྐྱེད་སྲིང་ཡོང་སླད་དང་། གཞི་རིམ་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ཀྱིས་གཙོས་རང་རིགས་ན་གཞོན་རྣམས་ཀྱི་སློབ་སྦྱོང་གི་གཞོགས་འདེགས་རྒྱུ་ཆ་ཕུན་སུམ་ཇེ་ཚོགས་སུ་གཏོང་སླད་དུ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ལོ་ལྟར་དཔེ་དེབ་གང་མང་འདོན་སྤེལ་བྱེད་མུས་བཞིན། ཕྱི་ལོ་༢༠༡༩ ལོའི་ལོ་མཇུག་དང་། ཕྱི་ལོ་ ༢༠༢༠ ལོར་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་ལ་ལྟོས་མེད་ཀྱིས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་ནས་ནང་དོན་དང་རིམ་པ་འདྲ་མིན་གྱི་དཔེ་དེབ་ ༤༤ པར་སྐྲུན་གྱིས་འགྲེམས་སྤེལ་ཞུས་དང་ཞུ་མུས་ཡིན་པ་རེད།
དེའང་བྱིས་པའི་ཀློག་རྩལ་ལས་གཞིའི་རྒྱུན་མཐུད་ལས་འཆར་ཁོངས་ཕྱི་ལོ་ ༢༠༡༩ ལོར་བོད་སྒྱུར་བྱིས་པའི་སྒྲུང་དེབ་ ༡༠ པར་སྐྲུན་ཞུས་པ་དང་། ཕྱི་ལོ་ ༢༠༢༠ ལོར་བོད་སྒྱུར་བྱིས་པའི་སྒྲུང་དེབ་ ༡༥ པར་སྐྲུན་ཞུས་ཡོད། དེ་བཞིན་ལས་འཆར་དེ་གའི་འོག་ཕྱི་ལོ་ ༢༠༡༩ ལོ་མཇུག་ཏུ་གསར་རྩོམ་སྒྲུང་དེབ་ ༥ པར་སྐྲུན་ཞུས་ཡོད།
གཞན་ཡང་ཌན་མག་དང་ཨར་ཊིག་རོགས་ཚོགས་སོགས་ཀྱི་མཐུན་སྦྱོར་འོག་ཕ་ཡུལ་ཕྱོགས་བསྒྲིགས་དང་། གླིང་སྒྲུང་སོགས་དེབ་རིགས་ ༡༠ དང་། ཤེས་རིག་ལས་ཁུངས་ཀྱི་སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་དཔྱད་རྩོམ་དེབ་ཕྲེང་ ༢ པ། བོད་མི་མང་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས་ཀྱིས་བརྩམས་པའི་བསྡུས་བློ་རྟགས་གསུམ་གྱི་དྲི་ལན་ཀུན་བཏུས་ཞེས་པ། ཆབ་མདོ་ངག་དབང་ཕུན་ཚོགས་ལགས་ཀྱིས་བརྩམས་པའི་ཆུ་བོ་དལ་འབབ་ཅེས་པ། ཤིབ་ཁེ་རཱ་ཡིས་བརྩམས་ཤིང་སློབ་སྤྱི་ཟུར་པ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་བོད་སྒྱུར་གནང་བའི་ཁྱེད་རྒྱལ་ཐུབ་ཅེས་པ། རྒྱ་གར་གྱི་སློབ་གསོ་བ་དང་བསམ་བློ་བ་མཁས་ཅན་ཨཙརྱཱ་བི་ནོ་བཱ་མཆོག་གིས་བརྩམས་ཤིང་ས་རཱ་མཐོ་སློབ་ཀྱི་སློབ་དཔོན་གོང་དཀར་ངག་རྣམ་ལགས་ཀྱིས་བོད་སྒྱུར་གནང་བའི་སློབ་གསོའི་ལྟ་བ་ཞེས་པ། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་དེབ་ཕྲེང་གསུམ་པ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་གྱི་དེབ་རིགས་ ༣ བཅས་པར་སྐྲུན་ཞུས་ཡོད།
གོང་གསལ་དཔེ་དེབ་རྣམས་བཙན་བྱོལ་བོད་མིའི་སློབ་གྲྭ་ཡོངས་ཀྱི་དཔེ་མཛོད་ཁང་དང་། འཛིན་ཁང་དང་སྡོད་ཁང་དཔེ་མཛོད་སོགས་ལ་བགོ་འགྲེམས་གནང་མུས་ཡིན་པས། ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་ལ་བརྟེན་ནས་སློབ་གྲྭ་སྔར་རྒྱུན་ལྟར་སྒོ་འབྱེད་མི་ཐུབ་པའི་དུས་སྐབས་འདིར་སློབ་ཕྲུག་ཚོས་ཐག་ཉེའི་སློབ་གྲྭ་ཁག་ནས་དཔེ་དེབ་འདི་དག་གཡར་ལེན་གྱིས། རང་ཁྱིམ་དུ་ལྟ་ཀློག་དང་བེད་སྤྱོད་གནད་སྨིན་གཏོང་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད།
གཞན་ཡང་ཤེས་རིག་ལས་ཁུངས་ནས་གཞི་རིམ་བར་མ་ཡན་གྱི་སློབ་ཕྲུག་རྣམས་ཀྱི་གཞོགས་འདེགས་རྒྱུ་ཆ་ཕུན་སུམ་ཇེ་ཚོགས་སུ་གཏོང་སླད་འབྱུང་འགྱུར་ལོ་གཉིས་ནང་དཔེ་དེབ་ ༦༠ ཙམ་འདོན་སྤེལ་བྱ་འཆར་ཡོད་ཅིང་། ལས་འཆར་དེའི་ཁོངས་དཔེ་དེབ་རྩོམ་སྒྱུར་དང་རྩོམ་སྒྲིག་གི་ལས་རིམ་ཞིག་ཕྱི་ལོ་༢༠༢༠ ཟླ་ ༧ འགོ་འཛུགས་ཀྱིས་ད་ལྟ་ས་གནས་སུ་ཚ་ཚ་འུར་འུར་ངང་ལས་དོན་སྒྲུབ་བཞིན་ཡོད་པ་བཅས།