ཟླ་རེའི་གསར་འགྱུར།

ཕ་མའི་དུས་དྲན་ཉིན་མོར་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གི་གསུང་འཕྲིན།

གསར་འཕྲིན།, བཀའ་བློན་མཛད་འཆར།

༄༅། །ལོ་ལྟར་ཕྱི་ཟླ་ ༣ ཚེས་ ༥ ཉིན་འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་བླ་ན་མ་མཆིས་པ་འཕགས་མཆོག་ཕྱག་ན་པདྨོའི་རྣམ་སྤྲུལ་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་རྒྱལ་ཡུམ་དམ་པ་བྱམས་བརྩེའི་བདག་ཉིད་བདེ་སྐྱིད་ཚེ་རིང་མཆོག་གི་འཁྲུངས་ཚེས་རང་རེའི་སྤྱི་ཚོགས་ཁྲོད་ཕ་མའི་དུས་དྲན་སྲུང་བརྩི་ཞུ་ཡི་ཡོད་པ་ལྟར། མ་འོངས་བོད་ཀྱི་སོན་རྩ་བུ་ཕྲུག་གསོ་སྐྱོང་གནང་མཁན་ཕ་མ་ཡོངས་ལ་ཐོག་མར་ཕ་མའི་དུས་དྲན་ཉིན་མོར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

འདས་པའི་ཕ་མའི་དུས་དྲན་ཉིན་མོའི་གསུང་འཕྲིན་ཁག་གཉིས་ཀྱི་ནང་དུ་ངོས་ནས་ཕྲུ་གུའི་ཤེས་ཡོན་དང་། བཟང་སྤྱོད། ཟས་བཅུད་བསྟེན་སྟངས། ལག་ཐོགས་ཁ་པར་ལྟ་བུའི་གློག་ཆས་བེད་སྤྱོད། བོད་པའི་སློབ་གྲྭར་གཏོང་རྒྱུའི་གནད་འགག ཁྱིམ་ཚང་ཁོར་ཡུག ཕ་མས་མིག་དཔེ་བཟང་པོ་སྟོན་རྒྱུ་བཅས་ཀྱི་སྐོར་གཙོ་བོར་བྱས་ནས་ཞུས་ཡོད་པ་དེ་དག་ཁྱིམ་བདག་ཕ་མ་ཚོས་སོ་སོའི་གཅེས་ཕྲུག་ཆེད་དུ་དགོངས་པར་བཅངས་ཏེ་ཕྱག་བསྟར་གང་ལེགས་གནང་མུས་ཡིན་པའི་རེ་བ་ཞུ་ཡི་ཡོད།

དེ་རིང་ཞུ་འདོད་ཡོད་པའི་གནད་དོན་གཙོ་བོ་གཅིག་ནི། བོད་ཀྱི་སྐད་ཡིག་ཐོག་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གཙོས་པའི་བླ་ཆེན་དང་མཁས་དབང་མང་པོས་སྐད་ཡིག་ནི་མི་རིགས་ཀྱི་སྲོག་རྩ་ཡིན་གསུངས་པ་དེ་ལ་དགོངས་པ་ཟབ་པོ་བཞེས་དགོས་པ་དང་། ང་ཚོ་བོད་གངས་ཅན་པ་ཡོངས་ནས་བོད་ཀྱི་སྐད་ཡིག་སྦྱོང་རྒྱུ་དང་། བེད་སྤྱོད་བྱེད་རྒྱུ། གོང་སྤེལ་གཏོང་རྒྱུ་བཅས་ཀྱི་ཐོག་དམིགས་བསལ་ཐུགས་སྣང་དང་འགན་ཁུར་བཞེས་རྒྱུ་གལ་ཆེན་པོ་ཡིན།

བོད་ནང་ལ་བོད་ཕྲུག་ས་ཡ་གཅིག་ལྷག་ཙམ་བཅའ་སྡོད་སློབ་གྲྭར་བཙན་དབང་ཐོག་ནས་བཅུག་སྟེ། བོད་ཀྱི་སྐད་ཡིག་སྦྱོང་རྒྱུ་ལྟ་ཅི། བོད་སྐད་ཤོད་རྒྱུ་དང་ཐོས་རྒྱུ་ཙམ་ཡང་མེད་པ་བཟོ་ཡི་ཡོད། སྲིད་བྱུས་ངན་པ་འདིས་བོད་ཀྱི་སྐད་ཡིག་རྩ་བརླག་གཏོང་རྒྱུར་དམིགས་པ་མངོན་གསལ་ཡིན། དེ་ལ་གདོང་ལེན་བྱེད་རྒྱུའི་ཆེད་དུ་བཙན་བྱོལ་དུ་རང་དབང་ལུང་པར་ཡོད་པའི་བོད་རིགས་ཕ་མ་ཡོངས་ནས་སྔར་ལས་ལྷག་པའི་འགན་བཞེས་དགོས་པ་མ་ཟད། ང་ཚོ་ཚང་མས་བོད་ཡིག་སྦྱོང་རྒྱུ་དང་བོད་སྐད་བསྲེས་ལྷད་མེད་པ་རྒྱག་རྒྱུར་མུ་མཐུད་འབད་བརྩོན་གནང་དགོས་ཀྱི་འདུག དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་རང་རིགས་བོད་མི་མི་ཉུང་བས་སོ་སོའི་ས་ཁུལ་ཁག་ཏུ་དང་བླངས་ཀྱིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་བཙུགས་ཡོད་པ་དང་། མང་པོ་གཅིག་གིས་ལྷག་བསམ་རྣམ་དག་གི་ཐོག་ནས་དང་བླངས་དགེ་རྒན་གནང་གི་ཡོད། དེ་བཞིན་ཕ་མ་མང་པོས་སོ་སོའི་ཕྲུ་གུ་རྣམས་བོད་སྐད་དང་བོད་ཡིག་ཤེས་རྒྱུ་དང་། བོད་མིའི་ངོ་བོ་འཛིན་རྒྱུའི་ཆེད་དུ་གཟའ་མཇུག་སློབ་གྲྭར་གཏོང་གི་ཡོད་པ་མ་ཟད་སོ་སོའི་སློོབ་གྲྭར་རྒྱབ་སྐྱོར་མཐུན་འགྱུར་གནང་གི་ཡོད་པ་ཚང་མ་ལ་རྗེས་སུ་ཡི་རང་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

གཉིས་པ། ཕྲུ་གུ་ཚོ་ལ་ཁྱོན་ཡོངས་ནས་ཚད་དང་ལྡན་པའི་ཤེས་ཡོན་སྤྲོད་རྒྱུ་གལ་ཆེན་པོ་ཡིན། བོད་པའི་སློབ་གྲྭའི་ནང་ཕྲུ་གུའི་གྲངས་འབོར་ཇེ་ཉུང་དུ་འགྲོ་ཡི་ཡོད་སྟབས། ཕྲུ་གུ་གཅིག་ཀྱང་འཕྲོ་བརླག་ཏུ་མ་འགྲོ་བ་བྱེད་རྒྱུ་དེ་ང་ཚོ་ཚང་མའི་ལས་འགན་རེད། འདི་ག་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ཚད་དང་ལྡན་པའི་ཤེས་ཡོན་སྤྲོད་རྒྱུའི་འབད་བརྩོན་ཞུས་དང་ཞུ་བཞིན་ཡོད་ལ། དེར་ཕ་མ་དང་སྤྱི་ཚོགས་ཁྱོན་ཡོངས་ནས་མཐུན་འགྱུར་དང་རྒྱབ་སྐྱོར་གནང་རྒྱུ་མེད་དུ་མི་རུང་བ་ཆགས་ཀྱི་ཡོད། ཕ་མ་ཚོའི་ངོས་ནས་ཕྲུ་གུ་ཆུང་དུས་སྐབས་ནས་ཕྲུ་གུའི་ནུས་པ་དང་དོ་དབྱིངས་གང་དུ་ཡོད་པ་ངོས་འཛིན་གྱིས་དེ་དང་འབྲེལ་བའི་མ་འོངས་མདུན་ལམ་འཚོལ་རྒྱུ་དང་གསོ་སྐྱོང་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ག་ནང་བཞིན་ཤེས་རིག་ལས་ཁུངས་ནས་སློབ་ཡོན་གྱི་མཐུན་འགྱུར་གང་ལེགས་སྦྱར་དང་སྦྱོར་བཞིན་ཡོད་པས། ཕ་མ་དང་ཕྲུ་གུ་ཚོས་སློབ་ཡོན་ཞུ་སའི་ཁུངས་གཅིག་ནས་མ་གཏོགས་བཞེས་ཆོག་གི་མེད་པ་ཤེས་རིག་ལས་ཁུངས་ཀྱི་སྒྲིག་གཞིའི་ནང་ཁ་གསལ་པོ་ཡོད་པ་དེ་དག་ལག་བསྟར་དུ་འཁེལ་དགོས་ལ། དེ་ནི་ཕ་མས་ཕྲུ་གུར་བཟང་སྤྱོད་ཀྱི་མིག་དཔེ་བཟང་པོ་སྟོན་རྒྱུའི་གོ་སྐབས་ཤིག་ཀྱང་ཆགས་ཀྱི་ཡོད།

དེ་དང་ཕྱོགས་མཚུངས། དེང་སང་གཞིས་ཆགས་འགའ་ཤས་ནང་མི་མང་དཔེ་མཛོད་དེ་འདྲ་གསར་འཛུགས་གནང་འདུག་པ་འབྲེལ་ཡོད་སྤྱི་སྒེར་རྣམས་ལ་རྗེས་སུ་ཡི་རང་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཤེས་རིག་ལས་ཁུངས་ཀྱི་ངོས་ནས་པར་སྐྲུན་ཞུས་པའི་དཔེ་དེབ་མཐུན་འགྱུར་མུ་མཐུད་ཞུ་རྒྱུ་དང་། བོད་རིགས་ཕ་མ་རྒན་གཞོན་ཚང་མས་དཔེ་མཛོད་དེ་དག་བེད་སྤྱོད་ཡག་པོ་བཏང་སྟེ། དཔེ་ཀློག་ལ་དགའ་བའི་སྤྱི་ཚོགས་དང་མི་རབས་སྐྲུན་རྒྱུ་ང་ཚོ་ཚང་མའི་ལས་འགན་རེད།

གསུམ་པ། སློབ་གྲྭ་དང་དགེ་རྒན། སློབ་ཕྲུག་གི་འཕྲོད་བསྟེན་དང་། ཀུན་སྤྱོད། ཤེས་ཡོན་བཅས་ཀྱི་གནས་སྟངས་ཤེས་རྟོགས་སླད་ཤེས་རིག་བཀའ་བློན་དང་དྲུང་ཆེ་གཉིས་ནས་ད་བར་སློབ་གྲྭ་ ༤༠ ཙམ་ལ་ལྟ་སྐོར་ཕྱིན་ནས། སློབ་གྲྭ་སོ་སོའི་དགོས་མཁོ་བཞིན་དཀའ་ངལ་སེལ་ཐབས་བྱས་དང་བྱེད་བཞིན་ཡོད་ལ། དེ་མིན་ཤེས་རིག་ལས་ཁུངས་ནས་འབྲེལ་ཡོད་ལས་བྱེད་མི་ཉུང་བས་སློབ་གྲྭ་ཁག་ལ་བཅར་ཏེ་ཟབ་སྦྱོང་དང་ལམ་སྟོན་གང་ཐུབ་ཕུལ་དང་འབུལ་བཞིན་ཡོད། མ་འོངས་པར་བཀའ་བློན་དང་དྲུང་ཆེ་མ་སླེབས་པའི་སློབ་གྲྭ་ཁག་ལ་མུ་མཐུད་ལྟ་སྐོར་དང་རྟོག་ཞིབ་ཏུ་བཅར་གྱི་ཡིན། འོན་ཀྱང་སློབ་ཕྲུག་གི་དཀའ་ངལ་གང་ཡིན་སློབ་གྲྭ་སོ་སོའམ་སློབ་གྲྭའི་དགེ་རྒན་ཕ་མའི་ཚོགས་ཆུང་བརྒྱུད་སློབ་གྲྭའི་སློབ་སྤྱིའམ་དགེ་ཆེར་སྙན་གསན་གྱིས་དཀའ་ངལ་སེལ་ཐབས་གནང་རྒྱུ་དང་། སློབ་གྲྭའི་ངོས་ནས་དཀའ་ངལ་སེལ་མ་ཐུབ་ཚེ་སྤྱི་ཁྱབ་ཡིག་ཚང་སོ་སོར་ཞུས་ནས་དཀའ་ངལ་སེལ་ཐབས་གནང་དགོས་པ་དང་། ད་དུང་ཡང་དཀའ་ངལ་སེལ་མ་ཐུབ་ཚེ་སྤྱི་ཁྱབ་ཡིག་ཚང་ཁག་བརྒྱུད་ནས་ཤེས་རིག་ལས་ཁུངས་ལ་ཞུ་དགོས།

བཞི་པ། དེ་རིང་ཕ་མའི་དུས་ཆེན་ཉིན་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ཁྱིམ་ཚང་སློབ་གསོའི་གླེང་སྟེགས་ཤིག་དབུ་འཛུགས་ཞུ་ཡི་ཡོད། རྣམ་པ་ཚོས་བོད་ཡིག་སློབ་སྦྱོང་དྲྭ་ཚིགས་ནས་གསན་གཟིགས་གནང་ཐུབ། ལས་གཞི་དེའི་ཕུགས་ཀྱི་དམིགས་ཡུལ་ནི། སྐྱེ་འགྲོ་ཀུན་ལ་ཕན་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རེ་མཛད་པ་བཞིན་བོད་མི་རྣམས་ནས་འཇིག་རྟེན་སྤྱི་ཡོངས་ལ་ཞབས་འདེགས་ཞུ་ཐུབ་པ་བྱེད་རྒྱུ་དེ་ཡིན། དེ་བཞིན་འཕྲལ་གྱི་དམིགས་ཡུལ་ནི། བོད་རིགས་ཕ་མ་རྣམས་ལ་ཕྲུ་གུ་གསོ་སྐྱོང་སྐོར་གོ་རྟོགས་སྤེལ་རྒྱུ་དང་། བོད་ཕྲུག་ཚོར་བོད་པའི་བསམ་བློ་དང་བོད་པའི་སྐད་ཤོད་ཐུབ་པ། ཕྲུ་གུའི་ལུས་ངག་ཡིད་གསུམ་གྱི་འཚར་ལོངས་ལ་དོ་སྣང་སྤྲོད་ཐུབ་པ། ཕྲུ་གུའི་འཚར་ལོངས་ནང་མ་སྐད་ཧ་ཅང་གལ་ཆེན་པོ་ཡིན་པ་ཚོར་ཐུབ་པ། ཕྲུ་གུ་ཚོའི་མི་ཚེ་དོན་དང་ལྡན་པ་ཡོང་ཐབས། ལྷག་པར་དུ་བོད་ཕྲུག་རྣམས་མ་འོངས་པར་བོད་བསྟན་པ་ཆབ་སྲིད་ལ་ཞབས་འདེགས་ཞུ་ཐུབ་མཁན་ཆགས་ཐུབ་པའི་ཆེད་དུ་ཡིན།

ལྔ་པ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྤྱི་དང་སྒེར་གྱི་གནས་སྟངས་བཟང་པོ་གང་འདྲ་ཆགས་ཡོད་པ་ཚང་མ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བའི་གནས་ཚུལ་དེ་ཉིད་ཕ་མ་ཚོས་རང་གི་ཕྲུ་གུ་ཚོར་ཡང་ནས་ཡང་དུ་གསུང་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

མཐའ་དོན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གིས་དབུས་པའི་རིས་མེད་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་ཞབས་པད་བརྟན་ཅིང། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། གསང་གསུམ་གྱི་མཛད་འཕྲིན་ཡར་ངོའི་ཟླ་ལྟར་འཕེལ་བའི་སྨོན་འདུན་ཤུགས་དྲག་དང་བཅས། ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མས། ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༥ ཉིན།།

Download Link

Parents-day-message
སྔོན་མ།
ཤེས་རིག་ལས་ཁུངས་ནས་ཁྱིམ་ཚང་སློབ་གསོའི་གླེང་སྟེགས་ཤིག་དབུ་འཛུགས་ཞུས་པ།
ཕྱི་མ།
སློབ་གྲྭ་ཁག་གི་མདུན་ལམ་སློབ་སྟོན་པ་རྣམས་ལ་རི་མོའི་ལམ་ནས་སེམས་ཁམས་བཅོས་ཐབས་ཀྱི་ཟབ་སྦྱོང་གནང་བ།
Menu