༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་དང་སུ་ཇཱ་བོད་ཁྱིམ་སློབ་གྲྭས་མཐུན་རྐྱེན་གནང་སྟེ་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༩ ཉིན་སུ་ཇཱ་བོད་ཁྱིམ་སློབ་གྲྭར་ཕྱི་ལོ་ ༢༠༡༩ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ཚན་རིག་དང་ཨང་རྩིས། ཁོར་ཡུག་བཅས་ཀྱི་འགྲེམས་སྟོན་ཐེངས་གསུམ་པ་འགོ་འཛུགས་གནང་།
དེ་ཡང་ཐེངས་འདིའི་འགྲེམས་སྟོན་ནང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ ༡༤ མཉམ་ཞུགས་ཀྱིས་ཚན་རིག་དང་ཨང་རྩིས། དེ་བཞིན་ཁོར་ཡུག་བཅས་ཀྱི་ཐོག་འགྲེམས་སྟོན་གནང་ཡོད་པ་རེད། འགྲེམས་སྟོན་འདི་བརྒྱུད་རིམ་པས་བོད་པའི་སློབ་གྲྭ་རྩེ་ཕུད་དྲག་འདེམས་གནང་ནས་རྒྱ་གར་རྒྱལ་ཡོངས་ཁྲོད་འགྲེམས་སྟོན་གནང་རྒྱུའི་གོ་སྐབས་ཡོད་པ་ཞིག་རེད་འདུག
འགྲེམས་སྟོན་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་ཀྱིས། བོད་མིའི་སློབ་གྲྭ་ཞིག་རྒྱལ་ཡོངས་འགྲེམས་སྟོན་ཁྲོད་སླེབ་ཐུབ་ན། སྤོབས་པ་ཞིག་དང་ལྷག་པར་མ་འོངས་སློབ་ཕྲུག་ཚོའི་ཁྲོད་བློ་སྟོབས་སྐྱེ་རྒྱུ་ཡིན་པར་བརྟེན། རྒྱལ་ཡོངས་འགྲེམས་སྟོན་སྐབས་བོད་པའི་སློབ་གྲྭ་ཞིག་སླེབ་ཐུབ་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་སློབ་ཕྲུག་རྣམས་ནས་ཕུགས་བསམ་དང་དམིགས་ཡུལ་ཡག་པོ་ཞིག་འཛིན་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས།
གཞན་ཡང་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་ཀུན་བཟང་ལགས་ཀྱིས་སློབ་ཕྲུག་རྣམས་ལ་བརྙན་ཐུང་བརྒྱུད་འགྲེམས་སྟོན་དང་འབྲེལ་བའི་སྐོར་གསུང་བཤད་གནང་ཡོད་པ་མ་ཟད། སློབ་གྲྭ་སོ་སོའི་སློབ་ཕྲུག་རྣམས་ནས་ཆུ་སྟངས་འཛིན་གནང་ཕྱོགས་དང་དེའི་གལ་གནད་སྐོར་པར་རིས་དང་བཅས་སྐར་མ་བདུན་རེ་ངོ་སྤྲོད་གནང་། འགྲེམས་སྟོན་འདི་བཞིན་ཕྱི་ཚེས་ ༡༩ ནས་ ༢༡ བར་ཉིན་གྲངས་གསུམ་རིང་གནང་རྒྱུ་ཡིན་འདུག་པ་བཅས། །