ཟླ་རེའི་གསར་འགྱུར།

ཕྱི་ལོ་ ༢༠༡༩ ལོའི་ཨ་རི་བོད་མིའི་སློབ་ཡོན་ཐོབ་མཁན་རྣམས་ལ་སྔོན་འགྲོའི་རྒྱུས་སྟོན་གནང་།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༤ ནས་ ༢༥ བར་ཉིན་གྲངས་གཉིས་རིང་འདི་ག་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་ནང་ཕྱི་ལོ་ ༢༠༡༩ ལོའི་ཨ་རི་བོད་མིའི་སློབ་ཡོན་བཞེས་མཁན་གྲངས་ ༨ ལ་སྔོན་འགྲོའི་རྒྱུས་མངའ་ལམ་སྟོན་གྱི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། མཛད་སྒོའི་སྟེང་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་དང་། ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས། ཨ་རི་བོད་ཀྱི་ཐེབས་རྩ་ཁང་གི་འབྲེལ་མཐུད་པ་བསྟན་འཛིན་ཆོས་འཕེལ་ལགས། ཤེས་རིག་སློབ་ཡོན་ཚན་པའི་འགན་འཛིན་བཅས་ཕེབས་ཡོད།

དེ་ཡང་མཛད་སྒོའི་ཐོག་མར་ཤེས་རིག་སློབ་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་བཟང་མོ་ལགས་ཀྱིས་མཛད་རིམ་ངོ་སྤྲོད་གནང་རྗེས། ཨ་རི་བོད་ཀྱི་ཐེབས་རྩ་ཁང་གི་འབྲེལ་མཐུད་པ་བསྟན་འཛིན་ཆོས་འཕེལ་ལགས་ཀྱིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ལོ་གཉིས་རིང་ཁྱོན་ཨ་སྒོར་དྲུག་འབུམ་ལྔ་ཁྲི་ཐམ་པ་ ༦༥༠༠༠༠ ཨ་རི་བོད་མིའི་སློབ་ཡོན་ཆེད་གནང་ཡོད་པ་སོགས་ཀྱི་སྐོར་ངོ་སྤྲོད་གནང་།

དེ་རྗེས་ཤེས་རིག་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། ཕྲན་རང་ཕྱི་ལོ་ ༢༠༠༡ ལོར་ཨ་རིར་སློབ་སྦྱོང་བྱེད་དུ་ཕྱིན་པ་ཡིན། སྔོན་མ་དང་ད་ལྟའི་དབར་བསྡུར་པ་ཡིན་ན། མཐུན་རྐྱེན་དང་གང་ཅིའི་ཐད་ནས་ཡག་ཏུ་ཕྱིན་འདུག ཨ་རི་བོད་མིའི་སློབ་ཡོན་དེ་ཧ་ཅང་རྩ་ཆེན་པོ་རེད། ཨ་རི་བོད་མིའི་སློབ་ཡོན་ཐོབ་མཁན་གྱི་གྲངས་ཚད་ཉུང་དུ་ཕྱིན་ཡོད་ཀྱང་། ཨ་རི་གཞུང་གིས་བཙན་བྱོལ་བོད་མི་ཚོར་སློབ་ཡོན་མུ་མཐུད་གནང་གི་ཡོད་པ་རེད། གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་ལ་བརྟེན་ནས་སློབ་ཡོན་དེ་ཐོབ་པ་རེད། ཨ་རིའི་མི་སེར་ཚོ་ལའང་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་གི་གོ་སྐབས་རག་རྒྱུ་ཧ་ཅང་ཁག་པོ་རེད། ཨ་རིའི་ནང་མང་པོ་ཞིག་གིས་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་དེ་ཞར་དང་ཞོར་ལ་གནང་གི་ཡོད་པ་རེད་མ་གཏོགས། དུས་ཚོད་ཆ་ཚང་བཏང་ནས་སློབ་སྦྱོང་གནང་ཐུབ་ཀྱི་མེད། དེར་བརྟེན་ང་ཚོས་དུས་ཚོད་ཆ་ཚང་བཏང་ནས་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་བྱེད་ཀྱི་ཡོད་ཅེས་བརྗོད་ན། ཨ་རི་བ་ཚོ་ཧང་སང་གི་རེད། རྣམ་པ་ཚོར་སློབ་ཡོན་རག་པ་དེ་བཀའ་དྲིན་ཆེན་པོ་ཡིན་བསམ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བཀའ་དྲིན་བསམ་ཐུབ་མཁན་གྱི་མི་རྣམས་སེམས་པ་དང་འཕྲོད་བསྟེན་བཟང་པོ་ཡོད་པ་རེད་ཅེས་ཉམས་ཞིབ་པས་གསུང་གི་འདུག

རྣམ་པ་ཚོས་དྲིན་ཆེན་ལ་དྲིན་ལན་འཇལ་དགོས་བསམ་པའི་ཀུན་སློང་བཟང་པོ་ཞིག་འཁྱེར་བའི་ཐོག་སློབ་སྦྱོང་གནང་ཐུབ་ན། སློབ་སྦྱོང་གི་འབྲས་བུ་གཡུར་དུ་ཟ་བ་ཞིག་སྨིན་ངེས་རེད། ཨ་རིའི་སློབ་ཡོན་དེ་གོ་སྐབས་ཤིག་ཡིན་པ་ལས་ཐོབ་ཐང་མིན་པ་རྣམ་པ་ཚོས་ཤེས་དགོས། རྣམ་པ་ཚོར་ཁྲིམས་དང་ཡ་རབས་བཟང་སྤྱོད་ཀྱི་འགན་ཡོད། སློབ་སྦྱོང་གནང་གྲུབ་མཚམས་རྣམ་པ་ཚོ་ཕྱིར་ལོག་ཡོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྣམ་པ་ཚོས་ཨ་རི་ལ་སློབ་སྦྱོང་གནང་བཞིན་པའི་སྐབས་རྒྱ་རིགས་ཚོ་དང་མཉམ་འབྲེལ་བ་མང་ཙམ་གནང་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་དང་བོད་མིའི་ཚབ་མཚོན་ཐུབ་པ་ཞིག་རྣམ་པ་ཚོས་གནང་དགོས། ང་རང་ཨ་རི་ལ་སློབ་སྦྱོང་བྱེད་བཞིན་པའི་སྐབས་དཔྱད་རྩོམ་འབྲི་རྒྱུར་དཀའ་ངལ་འཕྲད་མྱོང་། དེར་བརྟེན་རྣམ་པ་ཚོས་མཐོ་སློབ་ཏུ་སློབ་སྦྱོང་གནང་བཞིན་པའི་སྐབས་སློབ་དཔོན་ཆེན་མོར་ཤེས་ཡོན་དང་འབྲེལ་བའི་སྐོར་དོགས་འདྲི་གང་མང་གནང་རྒྱུ་དང་། དེ་བཞིན་གྲོགས་པོ་དང་གྲོགས་མོ་མང་ཙམ་བསྒྲིགས་ཏེ་མཉམ་རུབ་ཐོག་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས། །

སྔོན་མ།
བཙན་བྱོལ་བོད་མིའི་སློབ་སྡེ་ཁག་གི་ཆེས་མཐོའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོ་བསྐོང་ཚོགས་གནང་།
ཕྱི་མ།
སློབ་གྲྭའི་འགན་འཛིན་རྣམས་ལ་དགེ་རྒན་གྱི་ཆེད་ལས་ཡར་རྒྱས་དང་འགོ་ཁྲིད་ཟབ་སྦྱོང་དབུ་འཛུགས་གནང་བ།