ཟླ་རེའི་གསར་འགྱུར།

བཀའ་ཁྲི་མཆོག་གིས་གཙོ་སྐྱོང་གནང་བའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཆེ་ཁག་གི་འགན་འཛིན་ལྷན་ཚོགས་དབུ་འཛུགས་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༡༦ ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་རྡ་ས་གངས་སྐྱིད་བཀའ་ཤག་ཚོགས་ཁང་དུ་དཔལ་ལྡན་བཀའ་བློན་ཁྲི་པ་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་མཁས་དབང་བློ་བཟང་སེང་གེ་མཆོག་གིས་གཙོ་སྐྱོང་གནང་བའི་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཀྱིས་གཙོས། བཙན་བྱོལ་བོད་མིའི་སློབ་གྲྭ་ཆེ་ཁག་བཞིའི་སྤྱི་ཁྱབ་འགན་འཛིན་དང་ལས་རོགས་རྣམ་པ། དེ་བཞིན་ཤེས་རིག་ལས་ཁུངས་ཀྱི་འགན་འཛིན་ཁག་ཅིག་ལྷན་འཛོམས་ཐོག་ཚོགས་འདུ་དབུ་འཛུགས་གནང་ཡོད།
   དེ་ཡང་ཐོག་མར་བཀའ་བློན་ཁྲི་པ་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་མཆོག་གིས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་ཞུས་པ་དང་ལྷན་གསུང་བཤད་གནང་དོན།
    རྣམ་པ་ཚོ་ཚང་མས་མཁྱེན་གསལ་རེད། བཀའ་ཤག་སྐབས་ ༡༤ པའི་ཐོག་ཤེས་ཡོན་འདི་གལ་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་ལྟར་དམ་འབུལ་གཏམ་བཤད་སྐབས་སུའང་རབ་ཏུ་བྱུང་ན་དམིགས་ཡུལ་དེ་ནི་ལོ་ཉི་ཤུའི་ནང་ཁྱད་ལས་པའམ་རིགས་གཅིག་རྐང་འཛིན་ཁྲི་གཅིག་ཐོན་ཐུབ་པའི་དམིགས་ཚད་བཟུང་བ་ཡིན།
    དེ་བཞིན་བོད་ནང་འབོད་སྐུལ་ཞུ་རྒྱུར་འབུམ་གཅིག་ཐོན་ཐུབ་ན་ཡག་པོ་འདུག་ཅེས་ཞུ་རྒྱུ་བྱུང། དེ་རྗེས་གཟིམ་ཆུང་དུ་༸གོང་ས་མཆོག་མཇལ་ཞུར་བཅར་སྐབས་མགོན་པོ་གང་ཉིད་མཆོག་གིས་དཔེ་དང་སྦྲགས་ཏེ་བཀའ་སློབ་འདི་ལྟར་ཕེབས་སོང། ཐེངས་གཅིག་༸གོང་ས་མཆོག་ཀ་རྡོར་སྒང་གསུམ་ཁུལ་དུ་ཆིབས་སྒྱུར་གྱིས་སློབ་གྲྭ་ཞིག་ཏུ་ཆིབས་སྒྱུར་སྐབས་བོད་ཕྲུག་དང་འབྲས་ལྗོངས་རིགས་ཀྱི་སློབ་ཕྲུག་ཁག་གཅིག་ཐུག་སྐབས་ཁོང་ཚོས་གདེང་ཚོད་དང་ཁ་སངས་པོའི་ཐོག་དྲི་བ་དྲིས་པར་མགོན་པོ་གང་ཉིད་མཆོག་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་བྱུང། དེ་རྗེས་བོད་པའི་སློབ་ཕྲུག་འཛོམས་སའི་ཁུལ་དུ་ཆིབས་སྒྱུར་བསྐྱངས་ཏེ་བོད་པའི་སློབ་ཕྲུག་རྣམས་ཐུག་འཕྲད་སྐབས་བོད་ཕྲུག་ཚོ་ཁ་སངས་པོ་དང་གདེང་ཚོད་དེ་ཙམ་མེད་པ་མཐོང་སྐབས་ཐུགས་ཕམ་པོ་བྱུང་། དེར་བརྟེན་དེའི་ཐོག་ཡར་རྒྱས་ཇི་ལྟར་གཏོང་དགོས་བྱུང་ན་གཏོང་དགོས་ཀྱི་འདུག་ཅེས་བཀའ་སློབ་ཕེབས་བྱུང། ང་རང་འོས་བསྡུར་ལང་སྐབས་དང་དམ་འབུལ་སྐབས་ཤེས་ཡོན་གལ་ཆེར་འཛིན་གྱི་ཡིན་ཞེས་ཞུས་དགོས་པའི་རྒྱུ་མཚན་གཙོ་བོ་གཅིག་དུས་རྟག་ཏུ་ངས་བཤད་པ་ལྟར། ང་རང་ཁྱིམ་ཚང་དཀྱུས་མའི་ནང་ནས་འཚར་ལོངས་བྱུང་བ་ཞིག་ཡིན་ནའང། གཙོ་ཆེ་ཤོས་ཤེས་ཡོན་གྱི་བཀའ་དྲིན་ལ་བརྟེན་ནས་ང་རང་ཉིད་ཀྱི་རྐང་པའི་སྟེང་ལང་ཐུབ་པ་བྱུང་ཡོད། དེར་བརྟེན་སྤྱི་ཚོགས་ནང་ཕུགས་རྒྱང་རིང་ཐུང་གང་གི་ཐོག་བལྟས་ཀྱང་གཞོན་སྐྱེས་ནང་ཤེས་ཡོན་སྲ་ཐག་ཐག་ཅིག་བྱུང་ན། སོ་སོ་སྒེར་དང། ནང་མི། དེ་བཞིན་སྤྱི་པ་ལ་ཡང་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམ་པ་ཞིག་ང་ཚོས་བརྗོད་བཞིན་ཡོད་ལ་ངོས་འཛིན་ཡང་བྱེད་ཀྱི་ཡོད། ངས་དམ་འབུལ་གྲུབ་འཕྲལ་ལས་རོགས་བཀའ་བློན་རྣམ་པ་མེད་སྟབས་ཤེས་རིག་དྲུང་ཆེ་དང་ལྷན་གྲོས་བསྡུར་བྱས་རྗེས་ཐོག་མར་སློབ་གྲྭ་ཁག་གི་སློབ་སྤྱི་རྣམ་པའི་སྤྱི་ཡོངས་སློབ་གྲྭའི་ནང་དཀའ་ངལ་དང། དེ་དག་སེལ་ཐབས། གསར་གཏོད་སོགས་དགོངས་ཚུལ་རྟོགས་སླད་ལྡི་ལི་དོན་ཁང་དུ་བོད་རིགས་སློབ་སྤྱི་བཅུ་འདུ་འཛོམས་ཐོག་ཚོགས་འདུ་ཞིག་ཚོགས་པ་རེད། ཚོགས་འདུའི་ཐོག་བསམ་ཚུལ་བརྗེ་ལེན་ཧ་ཅང་ལྷུག་པོ་བྱུང་ཡོད་པ་མ་ཟད་ཕན་ཐོགས་ཀྱང་ཆེན་པོ་བྱུང། སྐབས་དེར་ང་རང་ལ་ཚོར་བ་ཤུགས་ཆེ་ཞིག་གང་བྱུང་ཞེ་ན། གཞི་རྩའི་ཡར་རྒྱས་གཏོང་རྒྱུ་མང་པོ་ཡོད་པའི་ཐོག་སློབ་སྤྱི་རང་ནས་ཐུགས་འགན་ཆེན་པོ་བཞེས་ཏེ་སློབ་གྲྭ་སོ་སོར་ཕྱག་ལས་གནང་བཞིན་ཡོད་ཀྱང། སློབ་གྲྭ་ཁག་ཕན་ཚུན་ནང་ཁུལ་དབར་འབྲེལ་ལམ་དང་བཀའ་མོལ་ཡག་པོ་མེད་པ་གསལ་པོ་ཤེས་བྱུང། སྐབས་དེར་སློབ་སྤྱི་རྣམ་པས་གསུང་དོན་ལ་ད་ལན་སློབ་སྤྱི་ཁེ་གཙང་ཚོགས་འདུ་ཚོགས་པ་དང་པོ་ཆགས་ཡོད། ཚོགས་འདུ་འདི་བཞིན་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང། འདི་ལྟ་བུའི་ཚོགས་འདུ་མུ་མཐུད་འཚོགས་རྒྱུ་གལ་ཆེན་པོ་འདུག་ཅེས་གསུངས་པ་བཞིན། ཚོགས་འདུ་ཞིག་ལོ་རྗེས་མའི་ཕྱི་ཟླ་ ༤ པའི་ནང་འཚོགས་རྒྱུ་དང། སྐབས་དེར་རྒྱ་གར་གྱི་སློབ་སྤྱི་རྣམས་ཀྱང་མཉམ་ཞུགས་ཐོག་ཚོགས་འདུ་འཚོགས་རྒྱུའི་འཆར་གཞི་ཡོད། སློབ་གྲྭའི་སློབ་སྦྱོང་ཡར་རྒྱས་གཏོང་རྒྱུའི་ཐབས་ལམ་བརྒྱ་ཆ་དྲུག་ཅུ་བདུན་ཅུ་ང་ཚོས་ནང་ཁུལ་ནས་བྱེད་ཐུབ་རྒྱུ་ཞིག་འདུག་སྙམ་པའི་ཚོར་བ་བྱུང། སློབ་སྤྱི་རྣམ་པའི་དགོངས་ཚུལ་ལྟར་ན་འདི་འདྲ་ཞིག་འདུག འོན་ཀྱང་དངོས་ཡོད་ཀྱི་གནས་ཚུལ་གང་འདྲ་ཞིག་ཡིན་མིན་ད་ལན་སློབ་གྲྭའི་འགན་འཛིན་རྣམ་པའི་ནང་ནས་ཕྱི་གསལ་ནང་གསལ་གྱི་སྒོ་ནས་སློབ་གྲྭའི་སྒྲིག་འཛུགས་དང་འཛིན་སྐྱོང་སོགས་ཡར་རྒྱས་ཇི་ལྟར་དགོས་མིན་བསམ་ཚུལ་བརྗེ་ལེན་བྱུང་ན་དེ་ལ་དཔག་པའི་ཐབས་ལམ་མང་པོ་ཞིག་ཡོང་གི་རེད་བསམ་པའི་རེ་བ་ཡོད། དེ་རིང་རྣམ་པ་ཚོས་བསམ་ཚུལ་བརྗེ་ལེན་འགྲུབ་རྗེས་སླར་ཡང་རྗེས་སུ་བསམ་ཚུལ་གསར་པ་ཡོད་ཚེ་ཡིག་ཐོག་ནས་གནང་ན། རིམ་པས་ཚོགས་ཆུང་བཙུགས་ཏེ་ཕྱི་ནས་མཁས་པ་ཁག་གཅིག་གདན་ཞུ་བྱེད་དགོས་ཡོད་མེད་བལྟས་ཏེ་མཐའ་མ་ཕྱོགས་བསྒྲིགས་བྱས་ནས་ལམ་སྟོན་ལྟ་བུ་འདོན་ཐུབ་ན་སློབ་གྲྭ་ཁག་ལ་ཐུགས་ཕན་གསོ་བ་ཡོང་ངེས་རེད། དེ་རིང་འདིར་ཕེབས་པའི་སློབ་གྲྭ་ཆེ་ཁག་གི་འགན་འཛིན་རྣམ་པར་བསམ་ཚུལ་ཕྱི་གསལ་ནང་གསལ་གྱི་ཐོག་ནས་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་གྲུབ་བསྟུན། ཤེས་རིག་དྲུང་ཆེས་ཚོགས་འདུའི་གྲོས་གཞི་ཁག་གི་ཐོག་ངོ་སྤྲོད་གསུང་བཤད་གནང། དེ་ནས་ཚོགས་འདུའི་གྲོས་གཞི་དོན་ཚན་ཁག་གི་ཐོག་གྲོས་བསྡུར་དབུ་འཛུགས་གནང་ཡོད། གཞི་རྩའི་དེ་རིང་གི་ཚོགས་འདུའི་ཐོག་ད་ལྟའི་གནས་སྐབས་དང་མཐུན་པའི་སློབ་གྲྭ་ཁག་གི་འཛིན་སྐྱོང་གནང་ཕྱོགས། གཞི་རིམ་ཤེས་ཡོན་གྱི་གནས་ཚད་དང་སྤུས་ཚད། གྲུབ་འབྲས་བཟང་དུ་གཏོང་ཐབས་སུ་སློབ་ཁྲིད་ལམ་སྲོལ། སློབ་ཐབས། སློབ་ཚན་རྣམ་གྲངས། དགེ་རྒན་གྱི་ཤེས་ཚད། ཁེ་ཕན། གསོ་སྐྱོང་བཅས་ཀྱི་ཐོག་བསྐྱར་ཞིབ་དང་། ལེགས་བཅོས། གསར་གཏོད་གནང་སྒོ་ཇི་ཡོད་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་འདུག་པ་བཅས།།

ཡོང་ཁུངས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ།
 

སྔོན་མ།
ཤེས་ཡོན་སྲིད་བྱུས་ཀྱི་གོ་རྟོགས་ལས་འཆར་སྤེལ་བ།
ཕྱི་མ།
གཏན་ཉིན་མཐོ་རིམ་བོད་དགེའི་ཟབ་སྦྱོང་དབུ་འཛུགས་གནང་བ།
Menu