ཟླ་རེའི་གསར་འགྱུར།

བཀའ་ཁྲི་མཆོག་གིས་གཞི་རིམ་བར་མའི་དགེ་རྒན་ཚོར་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་གཉིས་པའི་མཇུག་བསྡོམས་མཛད་སྒོར་གསུང་བཤད་གནང་བ།

གསར་འཕྲིན།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༧ ཉིན་དྷ་སའི་ཉེ་འགྲམ་ས་རཱ་བོད་ཀྱི་མཐོ་སློབ་ཀྱི་ཚོགས་ཁང་དུ་འདི་ག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག གཞི་རིམ་བར་མའི་དགེ་རྒན་རྣམས་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་གཉིས་པའི་མཇུག་བསྡོམས་མཛད་སྒོ་ཚོགས་པར་བཀའ་བློན་ཁྲི་པ་དང་། ཤེས་རིག་བཀའ་བློན་གཅིག་ལྕོགས་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་ཡོད།
དེ་ཉིན་ཕྱི་དྲོ་ཆུ་ཚོད་ ༢།༣༠ ཐོག་སྐུ་མགྲོན་གཙོ་བོ་བཀའ་ཁྲི་མཆོག་དང་། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས། ཤེས་རིག་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས། དྲུང་གཞོན་བསྟན་འཛིན་ཆོས་འཕེལ་ལགས། དྲུང་ལས་དངོས་གྲུབ་བསྟན་པ་ལགས། སློབ་གྲྭ་ཁག་གི་དགེ་རྒན་ཟབ་སྦྱོང་བ་བཅས་ལྷན་འཛོམས་གནང་སྟེ། ཐོག་མར་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཟབ་སྦྱོང་གི་ལས་དོན་ངོ་སྤྲོད་ཞུ་བ་དང། དེའི་རྗེས་ཟབ་སྦྱོང་བ་རྣམ་པའི་སྐུ་ཚབ་དྷ་སྟེང་བོད་ཁྱིམ་གྱི་སློབ་དགེ་བསྟན་འཛིན་དོན་ཡོད་ལགས་ཀྱིས་ཤེས་ཡོན་སྲིད་བྱུས་དེས་སློབ་མ་རྣམས་ཀྱི་མ་སྐད་ཀྱི་རྨང་གཞི་ཚུགས་པ་མ་ཟད། སློབ་སྦྱོང་བྱེད་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པའི་མྱོང་བ་གསུངས་མཚམས། སྤྱི་ཏི་མུན་སེལ་སློབ་གྲྭའི་སློབ་སྤྱི་ཚེ་རིང་རྡོ་རྗེ་ལགས་ཀྱིས་སྤྱི་ཏི་ཁུལ་དུ་དེང་དུས་ཀྱི་ཤེས་ཡོན་གནས་ཚད་ཞན་ཡང་། རིག་གཞུང་ཕུན་སུམ་ཚོགས་པའི་རྐྱེན་པས་མིའི་བཟང་སྤྱོད་གང་ལེགས་ཡོད་པ་དང་། ༸གོང་ས་མཆོག་གིས་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ང་ཚོས་སོ་སོའི་རིག་གཞུང་ངོས་འཛིན་གང་ལེགས་ཐུབ་པ་བྱུང་སྐོར་ངོ་སྤྲོད། བདག་གཅེས་ཐུབ་རྒྱུར་འདི་འདྲ་བའི་མཐུན་འགྱུར་མུ་མཐུད་གནང་སྐྱོང་ཡོང་བའི་འབོད་སྐུལ་བཅས་གནང་། དེ་རྗེས་རྡ་ཤོད་བོད་ཁྱིམ་སློབ་དགེ་སྐལ་བཟང་བདེ་སྐྱིད་ལགས་ཀྱིས་ཤེས་ཡོན་སྲིད་བྱུས་ལག་ལེན་འཁྱོལ་དགོས་ངེས་ཡིན་སྐོར་གྱི་མྱོང་བ་གསུངས་གྲུབ་བསྟུན་སཱ་ར༌མཐོ་སློབ་ཀྱི་སློབ་སྤྱི་འཇམ་དཔལ་གྲགས་པ་ལགས་ཀྱིས་ང་ཚོའི་ཕྲུ་གུ་ཚོ་བོད་མི་ཡག་པོ་ཞིག་ཆགས་པར་བསམ་བློའི་ཕུགས་བསམ་ཡོད་པ་བཟོ་དགོས་སྐོར་གསུངས།
དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་ཟབ་སྦྱོང་བ་རྣམས་ལ་ཕྱག་འཁྱེར་གནང་རྗེས་ལམ་སྟོན་གསུང་བཤད་གནང་དོན། དེ་རིང་འདི་གར་རྒན་ལགས་རྣམ་པ་མཇལ་རྒྱུའི་གོ་སྐབས་ཐོབ་པར་དགའ་སྤྲོ་ཆེན་པོ་བྱུང། ཤེས་ཡོན་སློབ་གསོ་ཕྲུ་གུ་ཚོར་ཐོབ་རྒྱུར་འཛིན་ཁང་ནང་དུ་གསུངས་པ་མ་ཟད། ཁ་ཡོད་ལག་ཡོད་བརྩེ་བའི་ཐོག་ནས་བཟང་སྤྱོད་རྒྱུད་ལ་འཇགས་རྒྱུར་འབད་བརྩོན་གནང་རྒྱུ་གལ་ཆེ་ཡིན། ཤེས་ཡོན་ཡར་རྒྱས་གཏོང་བར་གཙོ་བོ་འཛིན་སྐྱོང་ཐོག་ནས་མཐུན་རྐྱེན་ཡག་པོ་དགོས། སློབ་གྲྭའི་འགན་འཛིན་རྣམ་པས་མཐུན་རྐྱེན་བེད་སྤྱོད་ཡག་པོ་གཏོང་གལ་ཆེ་བ་ཡིན། དགེ་རྒན་གྱིས་སློབ་ཁྲིད་འོག་སློབ་ཕྲུག་ཚོས་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཤེས་ཡོན་ཐོག་ནང་མི་ཡོངས་ནས་རྒྱབ་སྐྱོར་གྱི་འབད་བརྩོན་བྱས་ན། ཤེས་ཡོན་ཡར་རྒྱས་འགྲོ་རྒྱུ་ཡིན་པ་ཧ་ཅང་གསལ་པོ་རེད། སྐབས་ ༡༤ པའི་བཀའ་ཤག་གི་ཤེས་ཡོན་དེ་གལ་ཆེ་ཤོས་དང་དགེ་རྒན་ལ་བརྩི་མཐོང་ཆེ་ཤོས་ཞུ་གི་ཡོད་ལ་དགེ་རྒན་གྱི་མཐུན་རྐྱེན་ཡང་གང་ཐུབ་ཀྱིས་བོད་སློབ་འཛིན་ཚོགས་དང་འབྲེལ་བའི་ཐོག་ནས་འབད་བརྩོན་ཞུ་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
ད་ཐེངས་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་འདིར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནས་དགེ་རྒན་ ༣༠ ཙམ་མཉམ་ཞུགས་ཀྱི་ཉིན་དྲུག་རིང་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་དབུས་ཆེད་ལས་མཁས་མི་སྣ་དྲུག་ཙམ་གྱིས་སློབ་ཁྲིད་གནང་ཡོད་པ་བཅས།
སྔོན་མ།
ལུགས་ཟུང་གི་བསླབ་བྱ་མུ་ཐི་ལའི་འཕྲེང་བ།
ཕྱི་མ།
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གཞི་རིམ་འོག་མའི་དགེ་འོས་བསླབ་པ་མཐར་སོན་པའི་མཛད་སྒོ།
Menu