ཟླ་རེའི་གསར་འགྱུར།

བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས་སློབ་ཁག་གི་གཞི་རིམ་འོག་མའི་དགེ་རྒན་ཟབ་སྦྱོང༌།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༤ ནས་  ༡༩ བར་ཉིན་དྲུག་རིང་བལ་ཡུལ་གངས་ཅན་བདེ་རྩ་ནས་དེ་གའི་ཁྱབ་ཁོངས་སློབ་ཁག་རྣམས་ཀྱི་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་ཤེས་ཡོན་སྲིད་བྱུས་དང་བོད་ཡིག་ཁྲིད་ཐབས་ཀྱི་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཡོད་པ་དང༌།  ཕྱི་ཚེས་ ༡༤ སྔ་དྲོ་བལ་ཡུལ་རྣམ་རྒྱལ་འབྲིང་རིམ་དུ་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་དུ་གངས་ཅན་བདེ་རྩའི་སྤྱི་ཁྱབ་དྲུང་ཆེ་ཚེ་རིང་སྟོབས་རྒྱལ་མཆོག་དང་འཛིན་སྐྱོང་པ་བསོད་ནམས་ཚེ་རིང༌།  རྣམ་རྒྱལ་འབྲིང་སློབ་ཀྱི་སློབ་སྤྱི་བློ་བཟང་ཐབས་མཁས།  ཤེས་རིག་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་བཅས་ཚོགས་ཕེབས་གནང་ནས་ཐོག་མར་བལ་ཡུལ་གངས་ཅན་བདེ་རྩའི་ཤེས་ཡོན་འགན་འཛིན་བསྟན་འཛིན་རབ་རྒྱས་ལགས་ནས་ཕེབས་བསུ་དང་ཟབ་སྦྱོང་གི་དགོས་དམིགས་དང་སློབ་ཚན། གཞན་ཡང་དགེ་རྒན་གྲངས་ཇི་ཙམ་བཅར་ཐུབ་པ་བྱུང་ཡོད་མེད་སོགས་ཟབ་སྦྱོང་ངོ་སྤྲོད་ཞུས། དེ་ནས་ཟབ་སྦྱོང་པ་རྣམས་ནས་སོ་སོའི་ངོ་སྤྲོད་གནང་བ་དང༌།  སྐུ་མགྲོན་གཙོ་བོ་གངས་ཅན་བདེ་རྩའི་སྤྱི་ཁྱབ་དྲུང་ཆེ་མཆོག་ནས་དབུ་འབྱེད་གསུང་བཤད་དུ་ཟབ་སྦྱོང་པ་རྣམས་ལ་ཤེས་ཡོན་གྱི་གལ་གནད་དང༌། དགེ་རྒན་གྱི་ལས་འགན། གཞན་ཡང་ཟབ་སྦྱོང་ནང་ཆ་ཤས་ལེན་རྒྱུའི་མཚོན་སློབ་ཁྲིད་ཐབས་ལམ་ཐད་དུས་དང་མཐུན་པའི་ཡར་རྒྱས་གཏོང་ཐབས་གནང་དགོས་པ་སོགས་ཀྱི་ལམ་སྟོན་བཀའ་སློབ་གནང༌།
    དེ་ནས་ཕྱི་ཟླ་ ༡༢ ཚེས་ ༡༤ ནས་ ༡༩ བར་ཉིན་དྲུག་རིང་ཤེས་རིག་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ནས་ཤེས་ཡོན་གྱི་ངོ་བོ་དང་ཤེས་ཡོན་སྤྲོད་པའི་དམིགས་ཡུལ།  རྒྱུགས་སྤྲོད་གཏོང་ཕྱོགས། སློབ་ཁྲིད་འཆར་ཟིན། བོད་སྐད་ཡིག་ཁྲིད་ཐབས་ལམ་བཅས་དང༌།  རྣམ་རྒྱལ་མཐོ་སློབ་སློབ་སྤྱི་ནོར་བུ་ཚེ་རིང་ལགས་ནས་དགེ་རྒན་གྱི་ལས་འགན།  རྣམ་རྒྱལ་འབྲིང་སློབ་སློབ་སྤྱི་དགེ་བློ་བཟང་ཐབས་མཁས་ལགས་ནས་ཉེས་རྡུང་སྔོན་འགོག་དང་འབྲེལ་བའི་སྐོར།  སྲོང་བཙན་མཐོ་སློབ་ཀྱི་དགེ་ཆེ་མཧེཤ་ཐཱ་པཱ་ལགས་ནས་དམིགས་བསལ་ཤེས་ཡོན།  རྣམ་རྒྱལ་འབྲིང་སློབ་ཀྱི་དགེ་ཆེ་དཔལ་ལྡན་ལགས་ནས་དགེ་རྒན་རྣམས་ཆེད་ལས་པའི་རྣམ་པ་ལྡན་ཐུབ་པ་ཇི་ལྟར་དགོས་མིན། བལ་ཡུལ་གངས་ཅན་བདེ་རྩའི་ཤེས་ཡོན་འགན་འཛིན་ནས་རིག་པའི་ནུས་ཚད་གོང་མཐོར་གཏོང་ཐབས།   བལ་ཡུལ་སྔོན་འགྲོ་ཁྱད་ལས་པ་བྱམས་དཔའ་ལགས་ནས་སྔོན་འགྲོའི་སློབ་འཁྲིད་ཐབས་ལམ་བཅས་ཀྱི་སྐོར་ལ་སློབ་འཁྲིད་གནང་ཡོད་པ་རེད།
    ད་ལན་ཟབ་སྦྱོང་ནང་བལ་ཡུལ་སློབ་ཁག་བཅུའི་གཞི་རིམ་འོག་མའི་དགེ་རྒན་གྲངས་ ༢༩ ཐམ་པས་ཆ་ཤས་བླངས་ཐུབ་པ་བྱུང་ཡོད།  ཕྱི་ཚེས་ ༡༩ ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཐོག་རྣམ་རྒྱལ་འབྲིང་སློབ་ཚོགས་ཁང་དུ་མཇུག་བསྡོམས་མཛད་སྒོར་སྐུ་མགྲོན་གངས་ཅན་བདེ་རྩའི་སྤྱི་ཁྱབ་དྲུང་ཆེ་དང་འཛིན་སྐྱོང་པ།  སྲོང་བཙན་མཐོ་སློབ་ཀྱི་སློབ་སྤྱི་དགེ་བྱམས་པ་ཕུན་ཚོགས་དང་རྣམ་རྒྱལ་འབྲིང་སློབ་ཀྱི་སློབ་སྤྱི་བཅས་ཚོགས་ཕེབས་ཀྱིས་ཐོག་མར་བལ་ཡུལ་ཤེས་ཡོན་འགན་འཛིན་བསྟན་འཛིན་རབ་རྒྱས་ལགས་ནས་ཟབ་སྦྱོངགི་ལས་བསྡོམས་སྙན་སྒྲོན་དང་སྦྲགས་འདས་པའི་ལོ་དུས་ནང་བལ་ཡུལ་གངས་ཅན་བདེ་རྩ་ནས་དེའི་ཁྱབ་ཁོངས་སློབ་ཁག་གི་འགན་འཛིན་ཟབ་སྦྱོང་དང༌། འཛིན་སྐྱོང་ལས་བྱེད་ཟབ་སྦྱོང༌། དགེ་རྒན་ཤེས་ཡོན་བརྗེ་རེས། སློབ་ཚན་བྱེ་བྲག་པ་ཁྲིད་ཐབས་ཟབ་སྦྱོང་སྣ་མང་གོ་སྒྲིག་ཞུས་ནས་ཕན་འབྲས་ཇི་བྱུང་བཅས་སྙན་སྒྲོན་ཞུས། དེའི་རྗེས་གངས་ཅན་བདེ་རྩའི་སྤྱི་ཁྱབ་དྲུང་ཆེ་ཚེ་རིང་སྟོབས་རྒྱལ་མཆོག་ནས་ཟབ་སྦྱོང་པ་རྣམ་པར་ཕྱག་འཁྱེར་དང་སློབ་འཁྲིད་གནང་མཁན་ལ་ཐུགས་རྗེ་ལེགས་འབུལ་དང༌། ཟབ་སྦྱོང་པའི་སྐུ་ཚབ་གསུམ་ནས་ཟབ་སྦྱོང་རིང་མྱོང་ཚོར་གསུང་བཤད་གནང༌།  དེའི་རྗེས་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ནས་ཟབ་སྦྱོང་སློབ་འཁྲིད་གནང་བའི་མྱོང་ཚོར་སློབ་ཕྲུག་རྣམས་ལ་ལམ་སྟོན་དང༌། རྣམ་རྒྱལ་འབྲིང་སློབ་ཀྱི་སློབ་སྤྱི་དགེ་བློ་བཟང་ཐབས་མཁས་ལགས་དང་དགེ་ཆེ་དཔལ་ལྡན་རྣམ་གཉིས་ལ་ཤེས་རིག་ལས་ཁུངས་ནས་ཞབས་ལོ་ཉེར་ལྔ་འཁོར་བའི་གཟེངས་བསྟོད་ཕྱག་ཁྱེར་དང་ཐང་ཀ་འབུལ་ལམ་ཞུས་ཤིང༌། མཐར་གངས་ཅན་བདེ་རྩའི་འཛིན་སྐྱོང་པ་བསོད་ནམས་ཚེ་རིང་ལགས་ནས་ཟབ་སྦྱོང་པ་རྣམས་ནས་ད་ལན་ཟབ་སྦྱོང་ལ་ས་ཐག་རིང་པོ་ནས་བཅར་བ་ཙམ་མིན་པར་ཆ་ཤས་ལེགས་པར་བླངས་གནང་བར་བསྔགས་བརྗོད་དང་ཟབ་སྦྱོང་སློབ་འཁྲིད་གནང་མཁན་རྣམ་པར་ཐུགས་རྗེ་ཆེ་ཞུ་གསུང་བཤད་གནང་ནས་ཟབ་སྦྱོང་ལེགས་གྲུབ་བྱུང་ཡོད་པ་བཅས།།  །།
 

སྔོན་མ།
༸གོང་ས་མཆོག་མོན་གྷོ་གཏན་སློབ་ཏུ་ཆིབས་སྒྱུར་བསྐྱངས།
ཕྱི་མ།
བོད་རིགས་དགེ་རྒན་གྱི་ཚོགས་ཆེན་ཐེངས་དང་པོ་སྐོང་ཚོགས་གནང་།
Menu