༄༅། །བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་བཟོ་འགོད་དང་གཏན་འབེབས་བྱས་པའི་རྩ་འཛིན་ཡིག་ཆ།

ཆེད་བརྗོད།

༄༅། །བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་གསུམ་པ་དོན་ཚན་༡༧ པར། དོན་དམ་བོད་ཀྱི་གཞི་རྩའི་དགོས་མཁོ་དང་འཚམ་པའི་ཤེས་རིག་གི་སྲིད་བྱུས་ཡང་དག་ཅིག་བཟོ་རྒྱུ། ཞེས་གསལ་བ་བཞིན། ཕྱི་ལོ་༢༠༠༤ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་གཏན་ལ་ཕབ། སྲིད་བྱུས་ལག་བསྟར་གྱི་ལས་རིམ་གལ་ཆེ་ཤོས་ཤིག་ནི། བསླབ་གཞིའི་རྩ་འཛིན་དང་སློབ་ཚན་འཆར་གཞི་བཟོ་འགོད་བྱ་རྒྱུ་དེ་ཡིན་ཞིང། དེ་ནི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་རྣམས་དགེ་རྒན་གྱི་དངོས་གཞིའི་སློབ་ཁྲིད་ཀྱི་ཁ་ཕྱོགས་དང། ནང་དོན། བྱ་ཐབས། གཞི་རྩའི་སྒྲོམ་གཞི་ཚང་མའི་ནང་མངོན་འགྱུར་བྱ་རྒྱུ་དེ་ཡིན་སྟབས། ལས་རིམ་ཚང་མའི་སྙིང་པོ་ལྟ་བུ་ཡིན།
ཕྱི་ལོ་༢༠༠༦ ཟླ་༩ པར། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་གཞི་རིམ་སློབ་གྲྭའི་བསླབ་གཞིའི་རྩ་འཛིན་དང་སློབ་ཚན་འཆར་འགོད་གཏན་འབེབས་ཀྱི་ལས་རིམ་འགོ་འཛུགས་ཀྱིས། ཕྱི་ལོ་༢༠༠༨ ལོར་གཞི་རིམ་འོག་མའི་བསླབ་གཞི་རྩ་འཛིན་དངོས་སུ་དཔར་འགྲེམས་ཞུས། ཕྱི་ལོ་༢༠༠༨ ཟླ་༩ པར་གཞི་རིམ་བར་མའི་བསླབ་གཞིའི་རྩ་འཛིན་བཟོ་འགོད་ཚོགས་ཆུང་ཆེད་འཛུགས་ཀྱིས། ཕྱི་ལོ་༢༠༡༠ ཟླ་༣ པར་རགས་ཟིན་བཟོ་འགོད་ཀྱི་ལས་རིམ་ལེགས་གྲུབ་བྱུང་ནས་དཔལ་ལྡན་བཀའ་ཤག་ལ་གཞུང་འབྲེལ་གཏན་འབེབས་སླད་འབུལ་ལམ་ཞུས་པར། དཔལ་ལྡན་བཀའ་ཤག་ནས་ཐུགས་སྣང་ཆེར་བསྐྱེད་ཀྱིས་བསྐྱར་ཞིབ་གནང་བ་མ་ཟད། གཞི་རིམ་འོག་མའི་བསླབ་གཞིའི་རྩ་འཛིན་ལའང་བསྐྱར་ཞིབ་གནང་སྟེ། ཕྱི་ལོ་༢༠༡༡ ཟླ་༡ ཚེས་༡༢ ཉིན་སྔོན་འགྲོ་ནས་གཞི་རིམ་བར་མ་འཛིན་རིམ་བརྒྱད་པ་བར་གྱི་བསླབ་གཞི་རྩ་འཛིན་སློབ་ཁོངས་སོ་སོར་ལག་བསྟར་དགོས་པའི་བཀའ་ཁྲོལ་སྨིན་སྩལ་བྱུང་དོན་བཞིན། ཤེས་རིག་ལས་ཁུངས་ནས་དཔར་འགྲེམས་དང་ལག་བསྟར་བཀོད་ཁྱབ་འགྲེམས་གཏོང་ཞུས།
ཤེས་ཡོན་སྲིད་བྱུས་ཀྱི་དོན་ཚན་༦།༤ པར། “སྲོལ་རྒྱུན་གྱི་ཤེས་ཡོན་གཙོ་བོར་འཛིན་པའི་ཤེས་ཡོན་ལམ་སྲོལ་ནང་། སྲོལ་རྒྱུན་གྱི་ཤེས་ཡོན་གང་དུ་གནས་པའི་སྐད་ཡིག་དེ་ཉིད་ཤེས་ཡོན་སྤྱིའི་སློབ་སྟོན་བརྒྱུད་ལམ་དུ་བཟུང་འོས་ལྟར། བོད་ཀྱི་ཤེས་ཡོན་སློབ་ཁང་ཁག་ཏུ་སྔོན་འགྲོ་ནས་ཆེས་མཐོའི་ཞིབ་འཇུག་སློབ་རིམ་བར་སློབ་སྟོན་བརྒྱུད་ལམ་བོད་ཀྱི་སྐད་ཡིག་ཐོག་རིམ་བཞིན་སྒྱུར་ཐབས་བྱ་རྒྱུ།” ཞེས་གསལ་བ་བཞིན་འཛིན་རིམ་དགུ་པ་ཡན་གྱི་སློབ་ཚན་ཁག་ཀྱང་རིམ་བཞིན་བོད་སྐད་ཡིག་ཐོག་བཟོ་འགོད་བྱ་ཐབས་དང་། སློབ་ཚན་གྱི་སྒྲོམ་གཞི་དང་ནང་དོན་བཀོད་སྒྲིག་ལམ་སྟོན་སོགས་ཀྱི་ཆེད། བསླབ་གཞིའི་རྩ་འཛིན་མེད་ཐབས་མེད་པར་བརྟེན། ཕྱི་ལོ་༢༠༡༠ ནས་འགོ་འཛུགས་ཀྱིས་གཞི་རིམ་གོང་མའི་བསླབ་གཞི་རྩ་འཛིན་གྱི་རགས་ཟིན་བཟོ་འགོད་བྱ་འགོ་བཙུགས།
ལོ་ངོ་གསུམ་ལྷག་ནང་ཐོག་མའི་རགས་ཟིན་བཟོ་འགོད་གྲུབ་རྗེས། འབྲེལ་ཡོད་སློབ་ཚན་སོ་སོའི་དགེ་རྒན་དང་ཁྱད་མཁས་མི་སྣའི་ཚོགས་ཆུང་ཟུར་འཛུགས་ཀྱིས། རགས་ཟིན་ལ་བཅོས་སྒྲིག་དང་གཏན་འབེབས་གནང་། གཞི་རིམ་གོང་མའི་བསླབ་གཞི་རྩ་འཛིན་གཏན་འབེབས་ཆེད། ཁྱོན་བསྡོམས་ཚོགས་ཆུང་༩ ཟུར་འཛུགས་ཞུས་ཡོད་པ་དང་། དེའི་ནང་འབྲེལ་ཡོད་སློབ་ཚན་དགེ་རྒན་དང་ཆེད་མཁས་མི་སྣ་སོགས་ཁྱོན་བསྡོམས་མི་གྲངས་༦༣ དངོས་སུ་མཉམ་ཞུགས་གནང་ཡོད།
ཚོགས་ཆུང་ཁག་གིས་གཏན་འབེབས་ལེགས་པར་གྲུབ་རྗེས། དཔལ་ལྡན་བཀའ་ཤག་ལ་གཞུང་འབྲེལ་གཏན་འབེབས་སླད་ཕུལ་བར། དཔལ་ལྡན་བཀའ་ཤག་ནས་གཟིགས་ཞིབ་དང་མཐའ་མའི་གཏན་འབེབས་བཀའ་ཁྲོལ་སྩལ་གནང་བ་དང་། དཔར་འགྲེམས་ཆེད་ཤེས་ཡོན་ལྷན་ཚོགས་ལ་བཀའ་ཁྲོལ་སྙན་གསན་ཞུ་དགོས་མཛུབ་སྟོན་གནང་། དཔལ་ལྡན་བཀའ་ཤག་གི་བཀའ་ཕེབས་ལྟར། ཤེས་ཡོན་ལྷན་ཚོགས་ལ་གཟིགས་འབུལ་ཞུས་པར། ཕྱི་ལོ་༢༠༡༧ ཟླ་༤ ཚེས་༡༧ ཉིན་ཤེས་ཡོན་ལྷན་ཚོགས་ཐེངས་ལྔ་པའི་ཐོག་གཞི་རིམ་གོང་མའི་བསླབ་གཞི་རྩ་འཛིན་འདི་ཉིད་གཏན་འབེབས་དང་པར་སྐྲུན་ཆོག་པའི་བཀའ་ཁྲོལ་གསོལ་སྩལ་བྱུང་དོན་བཞིན། ཤེས་རིག་ལས་ཁུངས་ནས་དེབ་གཟུགས་སུ་དཔར་འགྲེམས་བྱས་པ་ཡིན།
ཤེས་ཡོན་སྲིད་བྱུས་ཀྱི་དོན་ཚན་༨།༡༣ པར། སྤྱི་འགྲེའི་གཞི་རིམ་གོང་མ་ལོ་བཞིའི་ཡུན་ཅན་གྱི་ནང་གནས་སྐབས་གནས་ཡུལ་རྒྱལ་ཁབ་ཀྱི་གཞི་རིམ་གོང་མའི་རྒྱུགས་སྤྲོད་ཀྱི་སློབ་ཚན་ཆ་ཚང་བཞག་དགོས་སྨོས་མེད་ཐོག ཚན་རིག་དང་དེ་ལས་གཞན་པའི་སྡེ་ཚན་དབྱེ་བའི་རྗེས་སུའང། སྡེ་ཚན་ཚང་མར་བོད་ཀྱི་སྐད་ཡིག་དང་། ཚན་མ་རིག་པའི་སློབ་ཚན་གཞན་ངེས་པར་གཞག་དགོས། ཞེས་གསལ་བ་བཞིན། གཞི་རིམ་གོང་མའི་བསླབ་གཞིའི་རྩ་འཛིན་ནང་གནས་ཡུལ་རྒྱལ་ཁབ་ཀྱི་གཞི་རིམ་གོང་མའི་རྒྱུགས་སྤྲོད་ཀྱི་སློབ་ཚན་ཐོག་རང་རེའི་དགོས་མཁོ་དང་མཐུན་པའི་ནང་དོན་ཁ་གསབ་གང་ཐུབ་བྱས་ཡོད།
བསླབ་གཞིའི་རྩ་འཛིན་ནི། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་རྣམས་གཞི་རིམ་སློབ་དགེ་ཡོངས་ཀྱིས་རྩ་འཛིན་དང་ལག་ལེན་བྱ་བའི་གཞི་རྩ་གལ་ཆེན་ཞིག་ཡིན་པས། དུས་རྒྱུན་སློབ་ཁྲིད་དང། སློབ་ཚན་འཆར་འགོད། རྒྱུགས་ཞིབ་སོགས་སུ་ངེས་པར་རྩ་འཛིན་བྱ་དགོས་ནའང། བཙན་བྱོལ་བོད་མིའི་སློབ་གྲྭ་གང་ཞིག་གིས་འཛིན་རིམ་གང་ཞིག་ལ་སློབ་དེབ་གང་ཞིག་སློབ་རྒྱུ་དང། ཇི་ལྟར་སློབ་མིན་ཐད་སློབ་གྲྭ་དང་དགེ་རྒན་ལ་རང་དབང་ཆེ་ཙམ་ཡོད། དེར་བརྟེན་སློབ་ཁྲིད་ཀྱི་ཁ་ཕྱོགས་དང། ནང་དོན། དམིགས་ཚད་བཅས་ཀྱི་ཐད་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་དང་མཐུན་པའི་ཐོག་སློབ་མ་དང་ཁོར་ཡུག་གི་གནས་སྟངས་ལ་གཞིགས་པའི་སློབ་ཁྲིད་ཀྱི་ནང་དོན་དང་གནས་ཚད་ལ་ཁ་གསབ་དང། གསར་སྣོན་གང་འོས་བྱ་ཆོག་ཅིང། སླད་མར་ཡར་རྒྱས་ཆེད་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་གནང་སྐྱོང་ཡོང་བའི་རེ་འདུན་བཅས། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་༢༠༡༧ ཟླ་༤ ཚེས་༡༨ ལ།

དཀར་ཆག

ལེའུ་དང་པོ། གཞི་རིམ་གོང་མའི་བསླབ་གཞིའི་གཞི་རྩའི་ལམ་སྟོན།
ལེའུ་གཉིས་པ། སྐད་ཡིག་བསླབ་གཞིའི་གཞི་རྩའི་ལམ་སྟོན།

འཛིན་རིམ་དགུ་པའི་བོད་ཡིག
འཛིན་རིམ་བཅུ་པའི་བོད་ཡིག
འཛིན་རིམ་བཅུ་གཅིག་གི་བོད་ཡིག
འཛིན་རིམ་བཅུ་གཉིས་ཀྱི་བོད་ཡིག
རིགས་ལམ་དང་ནང་ཆོས་ཀྱི་བསླབ་གཞི།

འཛིན་རིམ་དགུ་པ་དང་བཅུ་པའི་རིགས་ལམ་དང་ནང་ཆོས།
འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་རིགས་ལམ་དང་ནང་ཆོས།

ཨིན་ཇིའི་སྐད་ཡིག

འཛིན་རིམ་དགུ་པ་དང་བཅུ་པའི་ཨིན་ཇིའི་སྐད་ཡིག
འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་ཨིིན་ཇིའི་བསླབ་གཞི།
འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་ཨིན་ཇིའི་སྐད་ཡིག

འཛིན་རིམ་དགུ་པ་དང་བཅུ་པའི་སྤྱི་ཚོགས་ཚན་རིག
འཛིན་རིམ་དགུ་པ་དང་བཅུ་པའི་རྩིས་རིག
འཛིན་རིམ་དགུ་པ་དང་བཅུ་པའི་ཚན་རིག

འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་འབྱུང་རིག་སྡེ་ཚན་གྱི་བསླབ་གཞི།

ལོ་རྒྱུས།
ས་ཁམས་རིག་པ།
སྲིད་དོན་ཚན་རིག

འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་ཚོང་རིག་སྡེ་ཚན་གྱི་བསླབ་གཞི།

དཔལ་འབྱོར་རིག་པ།
ཚོང་ལས་རིག་པ།
རྩིས།

འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་རྩིས་རིག་གི་བསླབ་གཞི།

འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་ཚན་རིག་སྡེ་ཚན་གྱི་བསླབ་གཞི།

དངོས་ཁམས་རིག་པ།
རྫས་འགྱུར་རིག་པ།
སྐྱེ་དངོས་རིག་པ།

ལུས་སྦྱོང་དང་འཕྲོད་བསྟེན་གྱི་བསླབ་གཞི།
ཟློས་གར་རོལ་དབྱངས་བསླབ་གཞི།
བསླབ་གཞི་རྩ་འཛིན་བཟོ་འགོད་ཚོགས་ཆུང་ཁག

སྤྱི་ཁྱབ་འགན་འཛིན། དྲུང་འཕར་ཚེ་རིང་བསམ་གྲུབ།
རགས་ཟིན་བཟོ་འགོད། བསོད་ནམས་བཟང་པོ། དཔལ་ལྡན་རྡོ་རྗེ།
ཇུས་འགོད། བསོད་ནམས་བཟང་པོ།
ཕྱི་ལོ་༢༠༡༧ ལོར་ཐེངས་དང་པོ་དཔར།
ཤེས་རིག་ལས་ཁུངས་ཀྱིས་བསྐོ་འཛུགས་བྱས་པའི་བསླབ་གཞིའི་རྩ་འཛིན་བཟོ་འགོད་ཚོགས་ཆུང་ཁག་གིས་རགས་ཟིན་གཏན་འབེབས་བྱས།
ཤེས་རིག་ལས་ཁུངས་ཀྱི་རྒྱབ་གཉེར་ལྟར་བོད་སྒྲིག་འཛུགས་བཀའ་ཤག་དང་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱིས་གཏན་འབེབས་བཀའ་ཁྲོལ་གནང།

Special Acknowledgement

Printing of this book is made possible with the financial support from
Global Affairs Canada

Menu