ཟླ་རེའི་གསར་འགྱུར།

བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སློབ་དེབ་པར་སྐྲུན་དང་འགྲེམས་སྤེལ་གནང་བ།

གསར་འཕྲིན།

ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཀྱི་ཡིག་ཚང་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སྔོན་འགྲོ་ནས་འཛིན་རིམ་བཞི་པ་བར་གྱི་སློབ་དེབ་རྩོམ་སྒྲིག་ཟིན་ཏེ། པར་སྐྲུན་དང་འགྲེམས་སྤེལ་གནང་ཡོད།

དེ་ཡང་འདས་པའི་ལོ་བཅུ་ཕྲག་ནང་ཤེས་རིག་ལས་ཁུངས་ངོས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་མིའི་ཕྲུ་གུ་ཚོའི་ཆེད་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ལེགས་བྱང་བཅས་མི་ཉམས་རྒྱུན་འཛིན་ཡོང་བར་འབད་བརྩོན་གྱིས་དགོངས་ཚུལ་སྡུད་ལེན་དང་། ས་གནས་སོ་སོ་ནས་བཟོས་པའི་སློབ་དེབ་ལ་བསྐྱར་ཞིབ། རྩོམ་སྒྲིག་ཕྱག་རོགས། སློབ་དེབ་གཏན་འབེབས། བོད་དགེ་རྣམས་ལ་ཟབ་སྦྱོང་བཅས་ལས་རིམ་མང་དག་ཅིག་བརྩམས་ཏེ་མཐུན་འགྱུར་གང་ཐུབ་ཞུས་ཡོད།

ཕྱི་ལོ་ ༢༠༡༨ ལོར་ཤེས་རིག་ལས་ཁུངས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་སྤྱི་ལ་ཁྱབ་པའི་བསླབ་གཞིའི་རྩ་འཛིན་ཞིག་དགོས་གལ་དུ་མཐོང་སྟེ།  བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་གི་དགེ་རྒན་དང་། སློབ་ཕྲུག་གི་གནས་སྟངས་ལ་ཞིབ་འཇུག བསླབ་གཞིའི་རྩ་འཛིན་བཟོ་འགོད་ཐད་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་ནས་ཕེབས་པའི་དགོངས་འཆར། སྐད་ཡིག་གཞན་གྱི་བསླབ་གཞིའི་ལེགས་ཆ་རྣམས་གཞི་ལ་བཞག་སྟེ་<<བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་བསླབ་གཞིའི་རྩ་འཛིན་>>ཞེས་པ་བཟོ་འགོད་ཀྱི་རགས་ཟིན་གཏན་འབེབས་གནང་བ་དང་། ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢ དང་ ༣ ལ་ཤེས་རིག་ལས་ཁུངས་དང་།  བྱང་ཨ་རི་སྐུ་ཚབ་དོན་ཁང་གཉིས་ཀྱི་གོ་སྒྲིག་འོག་ནིའུ་ཡོག་ཏུ་བསྐོངས་ཚོགས་གནང་བའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ཚོགས་ཆེན་དང་པོའི་སྟེང་སྤྱི་མོས་གཏན་འབེབས་གནང་།

སྤྱིར་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་འོག་ས་གནས་སོ་སོ་ནས་རང་རང་གི་གནས་སྟངས་དང་འཚམ་པའི་སློབ་དེབ་རྩོམ་སྒྲིག་ཞུས་ཆོག་ཀྱང་། ས་གནས་ཆ་ཚང་གི་གནས་སྟངས་གཅིག་མཚུངས་མིན་སྟབས། ཕྱི་ལོ་ ༢༠༢༡ ལོར་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་འོག་སློབ་དེབ་རྩོམ་སྒྲིག་འགོ་འཛུགས་ཞུས་པ་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་གི་དགོངས་འཆར་བསྡུ་ལེན་ཐོག རྩིས་ལོ་ ༢༠༢༣-༢༤ ནང་སྔོན་འགྲོ་ནས་འཛིན་རིམ་བཞི་པ་བར་གྱི་སློབ་དེབ་གཏན་འབེབས་དང་པར་སྐྲུན་ཞུས་ཏེ། བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་ལ་ཚོད་ལྟའི་ཚུལ་དུ་འཛིན་རིམ་རེ་ཡི་སློབ་དེབ་གྲངས་ལྔ་རེ་རིན་མེད་འགྲེམས་སྤེལ་ཞུ་རྒྱུ་ཡིན་པ་དང་། སློབ་དེབ་ཁག་སློབ་གྲྭ་སོ་སོས་རང་རང་གི་ས་གནས་ཀྱི་སློབ་ཕྲུག་གི་གནས་ཚད་དང་འཚམ་པོ་མཐོང་ན། ཐད་ཀར་ཤེས་རིག་པར་ཁང་ལ་འབྲེལ་གཏུགས་ཀྱིས་མངགས་ཉོ་གནང་དགོས།

སློབ་དེབ་འདི་དག་ལག་བསྟར་གྱི་བརྒྱུད་རིམ་ནང་བརྗོད་བྱ་རྗོད་བྱེད་དང་། སྒྲིག་སྟངས། ཐབས་ཚུལ། ཆད་ལྷག་ཅི་ཡོད་ཐོག་རྒྱ་ཆེའི་བོད་དགེ་རྣམས་དང་། ཕ་མ། ཚོགས་སྒེར་ཅི་རིགས་ནས་དགོངས་འཆར་ཡིག་ཐོག་ནས་གནང་སྐྱོང་ཡོང་བའི་རེ་སྐུལ་ཅི་ཆེ་ཞུ་རྒྱུ་ཡིན།

འདི་ལོ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་འཛིན་རིམ་ལྔ་པ་ནས་བདུན་པ་བར་གྱི་སློབ་དེབ་རྩོམ་སྒྲིག་ཞུ་བཞིན་པ་དང་། རྩོམ་སྒྲིག་དང་པར་སྐྲུན་སོགས་ཌེ་ཎི་ཌ་ (DANIDA) རོགས་ཚོགས་ཀྱིས་མཐུན་འགྱུར་གནང་ཡོད་པ་བཅས།།

སྔོན་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་སློབ་ཁག་ཏུ་གཟིགས་སྐོར་ལེགས་གྲུབ་བྱུང་བ།
ཕྱི་མ།
སྒྲུང་དེབ་གསར་ཐོན།
Menu