ཟླ་རེའི་གསར་འགྱུར།

བོད་ཀྱི་སློབ་གསོའི་ཁྲོད་སྐྱེས་མའི་སློབ་གསོའི་གོ་གནས་སྐོར་རགས་ཙམ་གླེང་བ།

ཡོང་ཁུངས། དགེ་འདུ་ཆོས་འཕེལ་དྲ་བ། རྩོམ་པ་པོ། མཁའ་མོ་རྒྱལ།

སྐྱེས་མའི་སློབ་གསོར་མཐོང་ཆེན་བྱེད་པ་ནི་སྔོན་ཐོན་གྱི་མི་རིགས་ཤིག་ཡིན་ངེས་པ་དང༌། སྐྱེས་མའི་ཐོབ་ཐང་ལ་བརྩི་འཇོག་གནང་བའི་རྒྱལ་ཁབ་ནི་སྔོན་ཐོན་གྱི་རྒྱལ་ཁབ་ཅིག་ཡིན་པ་སྙོན་དུ་མེད།
ད་ལྟའི་དུས་ནི་ཤེས་རིག་འཕེལ་བའི་དུས་རབས་ཤིག་ཡིན་པས། མི་རྣམས་ཀྱིས་རིག་སྟོབས་ནུས་ཤུགས་ལ་མཐོང་ཆེན་དང་རིག་སྟོབས་ཀྱི་ཐད་ནས་འཛམ་གླིང་ལ་དབང་སྒྱུར་བྱེད་བཞིན་ཡོད། རིག་སྟོབས་ནི་ལུས་ཤུགས་ངལ་རྩོལ་ལས་ལོགས་སུ་བཀར་བའི་ཚད་མཐོའི་ནུས་པ་ཞིག་ལ་ཟེར་ཞིང༌། དེང་སྐབས་འཛམ་གླིང་ཡོངས་ནས་སྐྱེས་མའི་སློབ་གསོར་མཐོང་ཆེན་བྱེད་གྱིན་ཡོད་ཀྱང་བོད་དུ་སྐྱེས་མའི་སློབ་གསོ་བློ་ཕམ་པའི་གནས་སུ་འདུག་སྟེ། རང་ཞིང་དུ་བོད་རིགས་ཡིག་རྨོངས་པ་ཁྲི་༦ དང་སྐྱེས་མ་དར་མའི་ཡིག་རྨོངས་པ་ཁྲི་༡༤ ཡོད་པའི་ཁར་ཞིང་ཆེན་གཞན་པའི་བོད་རིགས་སྐྱེས་མའི་ཡིག་རྨོངས་པ་བསྣན་ཚེ་བོད་ཁུལ་ཡོངས་སུ་བསྡོམས་པའི་ཡིག་རྨོངས་པ་ཁྲི་༦༠-༧༠ ལྷག་ཡོད། དེ་འདྲའི་གནས་ཚུལ་འོག་འཚོ་བ་འཕེལ་རྒྱས་ཀྱི་གོམ་པ་སྤོས་པ་ཧ་ཅང་དལ་ཞིང༌། བུ་བུ་མོ་སློབ་གྲྭར་མི་བསྐྱལ་བའི་ངན་སྲོལ་ཞིག་ཀྱང་མུ་མཐུད་དུ་རྒྱུན་སྲིང་དུ་འགྲོ་བཞིན་ཡོད།

དང་པོ། སྐྱེས་མ་ཡིག་རྨོངས་པར་གྱུར་པའི་རྒྱུ་རྐྱེན།
༡། འཚོ་བའི་ཁོར་ཡུག་གིས་བོད་རིགས་སྐྱེས་མའི་མདུན་ལམ་བཀག་པ།

མིའི་རིགས་བྱུང་འཕེལ་གྱི་ལོ་རྒྱུས་ལས། “རང་བྱུང་ཁམས་དང་འཐབ་རྩོད་བྱེད་པའི་མི་རྣམས་ཀྱིས་ལུས་སྟོབས་དྲག་ཞན་གྱི་དབྱེ་བ་བཀར་ཏེ། ལུས་སྟོབས་དྲག་པོ་ཚོར་ལུས་སྟོབས་ཞན་པ་ཚོས་ཡི་རང་དང་བརྩི་བཀུར་བྱེད་དགོས། དེར་བརྟེན། ཐོག་མའི་རྒྱལ་པོ་དང་དཔོན་པོ་ནི་མི་སྟོབས་ཆེན་དག་གིས་བྱེད་” ཅེས་ལུས་སྟོབས་ལ་གདེང་འཇོག་ཚད་མཐོན་པོ་གནང་བའི་སྤྱི་ཚོགས་དེའི་ནང་དུ་སྐྱེས་མའི་བུ་ཕྲུག་སྙོར་སྐྱོང་དང༌། ཁྱིམ་ལས་གཉེར་བ། ཁ་ཟས་གཡོ་སྐོལ་སོགས་དེ་འདྲ་ཤེད་ཤུགས་བཀོལ་མི་དགོས་པའི་ལས་སྒྲུབ་པ་མ་གཏོགས། སྟག་གཟིག་གསོད་པ་དང༌། འབྲོང་གཡག་འཛིན་པ། ཇག་པར་འཐབ་པ། ཤིང་སྡོང་བཅད་དེ་ཁང་པ་བཟོ་བ། རྟ་ནོར་གྱི་ཁ་ལོ་བཏུལ་དེ་ཞིང་རྨོ་བ། ཟོག་ལུག་བཤའ་བ་སོགས་གདུག་རྩུབ་ཆེ་བའི་ལས་ཀ་རྣམས་མི་འཇོན་པས། ངང་ངམ་ཤུགས་ཀྱིས་སྐྱེས་མ་དང་སྐྱེས་པའི་བར་དུ་ཁྱད་པར་ཆེན་པོ་ཞིག་བྱུང་ལ། སྐྱེས་མ་ཚོར་ཚེ་གང་བོར་རང་ཁྱིམ་ཁོ་ནར་སྡོད་པ་ལས་ལུང་པ་དང་ཁ་ཐག་རིང་བའི་ཡུལ་དུ་འགྲོ་མི་ཕོད་པས། མིག་གི་མཐོང་རྒྱ་ཆུང་ལ་རྣ་བའི་ཐོས་རྒྱ་དོག་པ། ཁྱིམ་ཀྱི་ཁབ་དང་སྐུད་པ་ཡན་ཆད་སྐྱེས་པ་ལ་རག་ལས་དགོས་པ་ཞིག་ཆགས། དེའི་ཕྱིར་བོད་མི་མང་ཤོས་ཀྱི་སེམས་སུ་སྐྱེས་མ་དང་སྐྱེས་པ་གཉིས་ནི་གཏན་ནས་བསྡུར་ཐབས་མེད་པའི་འདུ་ཤེས་ཤིག་གིས་བོད་རིགས་སྐྱེས་མ་ཚོའི་བསམ་བློར་ངང་ངམ་ཤུགས་ཀྱིས་དབང་བསྒྱུར་ཏེ་ད་ལྟའི་བར་གནས་པར་མ་ཟད། མུ་མཐུད་དུ་རྒྱུན་བསྲིང་དུ་འགྲོ་བཞིན་འདུག དེར་བརྟེན་ད་ལྟའི་དུས་སུའང་སྐྱེས་མའི་ཡིག་རྨོངས་པ་མང་པོ་བྱུང་བ་རེད།

༢། སྲོལ་རྒྱུན་གྱིས་བོད་རིགས་སྐྱེས་མའི་མདུན་ལམ་བཀག་པ།

རང་བྱུང་ཁམས་ཀྱིས་འཚོ་བའི་ཁོར་ཡུག་གཏན་ལ་ཕབ་པ་དང༌། འཚོ་བའི་ཁོར་ཡུག་གིས་སྲོལ་རྒྱུན་གྲུབ་པར་ཐོག་མའི་ཆ་རྐྱེན་བསྐྲུན་པས། གོང་གི་འཚོ་བའི་ཁོར་ཡུག་ཁྲོད་གཉའ་ཞུམ་པར་གྱུར་པའི་སྐྱེས་མ་ལ་སྲོལ་རྒྱུན་གྱིས་གོ་གནས་གལ་ཆེན་ཞིག་སྤྲོད་མི་སྲིད་པ་སྨོས་མ་དགོས་ཏེ། སྐྱེས་མ་ཚོས་ལུས་ཤུགས་ངལ་རྩོལ་ཁྲོད་ནས་ཕམ་ཁ་ཁུར་བ་དེ་རྨང་གཞི་བྱས་ཏེ་སྤྱི་ཚོགས་སྟེང་སྐྱེས་པ་དང་སྐྱེས་མའི་གོ་གནས་མཐོ་དམའ་དགར་བ་དང༌། སྐྱེས་པ་དང་སྐྱེས་མའི་སྐད་ཆ་ལ་གཙོ་ཕལ་དགར་བ། སྐྱེས་མའི་ལག་པས་སྐྱེས་པའི་ལུས་སྟོད་ལ་རེག་མི་རུང་བ། སྐྱེས་མའི་རྐང་པས་འབྲུག་རིས་དང་གླང་ཆེན་གྱི་རིས་བཀོད་པའི་གདན་ལ་སྤོ་མི་ཆོག་པ་སོགས་མཐོང་ཆུང་གི་སྣང་ཚུལ་ཧ་ཅང་མང༌། དེར་མ་ཟད། སྐྱེས་མ་ཚོའི་ཞན་ཆའི་ཐོག་ངན་ཆ་བསྣན་པ་སྟེ། རྒྱལ་པོའི་ནོར་འཁྲུལ་བཙུན་མོར་ཁུར་དུ་འཇུག་རྒྱུ་དང༌། དཔོན་པོའི་མ་འཇོན་པ་དཔོན་མོའི་ཐོག་ཏུ་འགེལ་རྒྱུ། བཟའ་དཔོན་གྱིས་སྒྲུབ་མ་ཕོད་པ་སྐྱེས་དམན་གྱིས་གེགས་བྱས་པར་བཤད་དེ། ངག་རྒྱུན་དང་གཏམ་རྒྱུད་དུ་སྤེལ་ནས། སྤྱི་ཚོགས་བདེ་འཇགས་ལ་གནོད་སྐྱེལ་མཁན་གྱི་མ་རུངས་པ་ཕལ་ཆེར་ནི་མོ་ཡིན་ལ། སྐྱེས་མ་ཞིག་ཡིན་ན་གདོན་དང་འདྲེ་ཡི་ཆ་བྱད་ཡོད་པར་བསྒྲགས་ཏེ། གཟུགས་མེད་ཀྱི་གྲུབ་ཆ་ཞིག་གིས་སྐྱེས་མ་རྣམས་ནི་ཆ་ཚང་ཞིག་ཡིན་མིན་ལའང་དོགས་པ་འཆར་བའི་བསམ་བློ་མི་རབས་ནས་མི་རབས་སུ་སྤེལ།

༣། སྲོལ་རྒྱུན་ངན་པས་ཆོས་ལུགས་ལ་ཤན་ཞུགས་ཏེ་བོད་རིགས་སྐྱེས་མའི་མདུན་ལམ་བཀག་པ།

ནང་པ་སངས་རྒྱས་ཀྱི་ཆོས་བོད་དུ་དར་བས། སེམས་ཅན་ཐམས་ཅད་མ་རུ་སྒོམ་པའི་དགོངས་པ་ཟབ་མོ་དང༌། སྐྱེས་པ་དང་སྐྱེས་མ་སུ་ཡིན་ཡང་རིས་སུ་མ་ཆད་པར་ཆོས་སྟོན་པ། སྐྱེས་མ་ཡང་སྐྱེས་པ་ནང་བཞིན་བཙུན་མ་བཟོས་ཆོག་པ་སྟེ། ནང་ཆོས་ནི་སེམས་ཁམས་ཀྱི་སྟོབས་ཆེན་པོ་ཞིག་ལ་བརྟེན་ནས་བསྒྲུབ་དགོས་པ་དེས། རེ་ཞིག་སྐྱེས་མ་ལ་བཅིངས་འགྲོལ་ལྟ་བུ་ཐོབ་ཀྱང༌། དུས་སྐབས་བཟང་པོ་དེ་ཡུན་རིང་ལ་གནས་མ་ཐུབ།
མི་རིགས་ཤིག་ལ་མཚོན་ན། སྲོལ་རྒྱུན་ནི་སྲ་མཁྲེགས་ཤིན་ཏུ་ཆེ་བའི་བསམ་བློའི་གྲུབ་ཆ་ཞིག་ཡིན་པས། སྐྱེས་མའི་ཐོབ་ཐང་ཕྱོགས་སུ་ནང་ཆོས་ཀྱིས་སྲོལ་རྒྱུན་ལ་ཤུགས་རྐྱེན་ཆེ་རུ་ཐེབས་མ་ཐུབ་པར། དེ་ལས་ལྡོག་སྟེ། སྲོལ་རྒྱུན་གྱིས་ནང་ཆོས་ལ་ཤུགས་རྐྱེན་དྲག་པོ་ཐེབས་ཏེ། ནང་ཆོས་ཀྱང་སྲོལ་རྒྱུན་ལ་མི་བསྟུན་རང་བསྟུན་དུ་གྱུར་ཏེ་སྐྱེས་མ་ཞིག་ཡིན་ན་སྐྱེ་བ་དམན་ཚུལ་དང། བསོད་ནམས་ཆུང་ཚུལ་གྱི་སྒྲུབ་བྱེད་གང་མང་ཞིག་ཀྱང་དཔེ་ཆ་ཁ་ཤས་སུ་བསྣན་ཏེ་དེབ་ཐེར་ཡོད་པ་ལྟ་བུ་རེད།
སྤྱིར་ན་སྐྱེས་པ་དང་སྐྱེས་མ་གཉིས་ནི་སྤྱི་ཚོགས་མདུན་སྐྱོད་ཀྱི་རྐང་པ་ཟུང་ཡིན་མོད། ལོ་རྒྱུས་ཐོག་འདི་འདྲའི་བཀག་རྒྱ་ཆེན་པོ་གསུམ་གྱིས་བོད་རིགས་མདུན་ལམ་ལ་བརྡབ་གསིག་བཏང་བ་དང་བསྟུན་ནས་ད་ལྟའི་དུས་སུའང་བོད་ཀྱི་སློབ་གསོར་ཕོག་ཐུག་དྲག་པོ་ཐེབས་ཏེ། བུ་མོ་སློབ་གྲྭར་འགྲོ་བར་སྐུལ་མ་མི་བྱེད་པས། བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཐད་དུ་ནུས་པ་ཆེར་འདོན་ཐུབ་ཀྱི་མེད་དོ། །

གཉིས་པ། སྐྱེས་མའི་སློབ་གསོར་མཐོང་ཆེན་བྱེད་པ་ནི་བོད་ཀྱི་སློབ་གསོ་གོང་དུ་སྤེལ་བའི་སྔོན་འགྲོའི་ཆ་རྐྱེན་ཡིན།

འཚོ་བའི་ཁོར་ཡུག་གིས་བོད་རིགས་སྐྱེས་མའི་མདུན་ལམ་ལ་ཐེབས་པའི་བཀག་རྒྱ་གཏོར་ཏེ་དེང་རབས་བོད་ཀྱི་སྤྱི་ཚོགས་ཁྲོད་སྐྱེས་མས་ཀྱང་ནུས་པ་ཆེར་འདོན་རྒྱུ་ནི་བོད་ཀྱི་སློབ་གསོ་སྤེལ་ཕྱོགས་ཆེས་ལེགས་ཤོས་ཤིག་ཡིན།
ད་ལྟའི་དུས་རབས་ནི་ཤེས་རིག་ལ་བརྟེན་ནས་འཛམ་གླིང་འགྲན་རྩོད་ཀྱི་དོ་རར་ཞུགས་པའི་དུས་རབས་ཤིག་ཡིན། ཤེས་རིག་ནི་རིག་སྟོབས་ལས་བྱུང་ཞིང༌། རིག་སྟོབས་ནི་ལུས་ཤུགས་ངལ་རྩོལ་ལས་ལོགས་སུ་བཀར་བའི་ནུས་པ་ཞིག་ཡིན་པས། ལུས་སྟོབས་ཞན་པའི་སྐྱེས་མས་ཀྱང་རིག་སྟོབས་ལ་བརྟེན་ནས་དཔལ་འབྱོར་གྱི་སྡེ་ཁག་ཆེན་པོའམ། རིག་གནས་ཀྱི་སློབ་གྲྭ་ཆེན་པོ། དམག་གི་དཔུང་ཆེན་དྲག་པོ། སྲིད་སྟོབས་ཆེན་པོར་ཁ་ལོ་བསྒྱུར་ཆོག་སྟེ། “ཨ་རིར་སྐྱེས་མས་གཉེར་བའི་ཀུང་ཟི་ཆེ་ཆུང་གང་ཡིན་ཡང༌། དཔལ་འབྱོར་གྱི་ཐོག་ནས་ཨ་རིར་ཚད་ལྡན་ཀུང་ཟི་གཞན་དང་འདྲ་བར་བློ་གཏོད་རུང་བ་ཡིན་པས། སྐྱེས་མས་ཅི་ཡང་མི་འཇོན་པའི་དྲན་ཕྱོགས་དེར་གནས་ལུགས་གང་ཡང་མེད་པ་ཤེས་ཐུབ་ལ། དེ་ལས་ལྡོག་སྟེ་སྐྱེས་མ་ནི་སྤྱི་ཚོགས་ཀྱི་མི་མངོན་པའི་གནས་སུ་ཡིབ་པའི་སྒུལ་ཤུགས་གཙོ་བོ་ཞིག་ཡིན་པ་སྟེ། “ཨ་རིར་བུ་ཕྲུག་གི་ཐོག་མའི་དགེ་རྒན་སྟེ་ཨ་མས་འཚོ་བ་དངོས་ཀྱི་ཁྲོད་དུ་བུ་ཕྲུག་ལ་སྐད་ཆ་དང་མཉམ་དུ་ཡི་གེ་ཁྲིད་”པ་དང་“འཇར་པན་གྱི་ཨ་མ་རྣམས་སློབ་ཆེན་ལས་མཐར་མ་ཕྱིན་ཚེ་བུ་ཕྲུག་ལ་སློབ་སྟོན་བྱེད་མི་ནུས་” ཞེས་པ་ལས་ཀྱང་སྐྱེས་མས་སློབ་གསོར་མཐོང་ཆེན་བྱེད་དགོས་པ་ཤེས་ཐུབ་པར་མ་ཟད། སྐྱེས་མའི་འཇོན་ཐང་ནི་མི་རིགས་དེའི་སྐྱེས་སྟོབས་ཀྱི་རྩ་བའི་ཁག་ཆེན་པོ་ཞིག་ཡིན་ལ། “ཨ་མས་ངའི་ལག་པ་ནས་བཟུང་སྟེ་བཅིང་བཅིང་བྱས་ཤིང་གདོང་མཆི་མའི་གང་བའི་ངུ་ངག་གིས་བུ་འུ་ཅག་མ་སྨད་ཀྱི་ལས་བསྐོས་ལ་ལྟོས་ལ། ཡུལ་དུ་མཐུའི་རྟགས་ཐོན་པ་ཞིག་ཅིས་ཀྱང་གྱིས་ཤིག་” ཅེས་དང༌། “གཞན་གྱིས་མཐུ་སློབ་པ་ནི་ཕྱུག་པོའི་རྩེད་མོ་ཡིན་ལ། འུ་མ་བུས་མཐུ་སློབ་པ་ནི་སྦྲང་བོ་འུ་ཐུག་པའི་རྟགས་ཡིན་” ཞེས་པའི་མ་མྱང་ཚ་དཀར་རྒྱན་གྱི་སྐད་ཆ་ཚིག་འདི་ཁོ་ནས་ཀྱང་རྗེ་མི་ལ་རས་པའི་མི་ཚེ་ལ་འགྱུར་བ་ག་ཚད་ཐེབས་པ་རྟོགས་ནུས། སྐྱེས་མ་རྣམས་ནི་ཨ་མ་ཡིན་པའི་ཆ་ནས་བྱིས་པ་རྣམས་ཆུང་དུས་ཁོང་ཚོར་ཁ་གྱེས་ཐབས་མེད་པ་དང༌། ཆུང་དུས་ཀྱི་སློབ་གསོ་དེ་ཁོང་ཚོའི་ས་ནས་ཐོབ་ཀྱིན་ཡོད་ལ། ཁོ་ཚོས་བྱིས་པའི་ལྷད་མེད་ཀྱི་སེམས་ཁམས་ལ་བློ་སྐྱེད་འབྱུང་བའི་ངེས་ཤེས་གང་ཞིག་བཞག་ན། ཕྲུ་གུ་མང་ཆེས་བས་དེ་ལ་རྨང་གཞི་བཅོལ་ཏེ་མི་ཚེའི་བགྲོད་ལམ་དུ་ཞུགས་ཀྱིན་ཡོད་པ་སྟེ། དཔེར་ན། “ཀོར་ཅིའི་རྨོ་མོ་ནི་ཐབས་དང་བློ་གྲོས་ལྡན་ཞིང་བྱམས་སྙིང་རྗེ་ཅན་དང༌། དམངས་ཁྲོད་ཀྱི་གཏམ་རྒྱུད་འཆད་མཁས་པའི་ཨུ་རུ་སུའི་ཚབ་བྱེད་སྐྱེས་མ་རྣལ་མ་ཞིག་ཡིན་པས། རྨོ་མོས་ཀོར་ཅིའི་རྗེས་ཕྱོགས་ཀྱི་རྩོམ་རིག་དོན་གཉེར་ཐད་ཤུགས་རྐྱེན་དྲག་པོ་ཐེབས་” ཞེས་པ་དང༌། ཡང་ན། ཚན་ཁ་ཨེར་གྱི་མ་ཡུམ་ནི་སྙིང་རྗེ་ཆེ་ཞིང་གཡོ་ལྷད་མེད་པའི་ཞིང་གྲོང་གི་སྐྱེས་མ་སྤྱིར་བཏང་བ་ཞིག་ཡིན་ལ། ཁོ་མོས་ཚན་ཁ་ཨེར་གྱི་གཤིས་རྒྱུད་དང་གསར་རྩོམ་ལ་བྱེད་ནུས་གལ་ཆེན་ཐོན་ཞིང༌། ཁོའི་གསར་གཏོད་ཁྲོད་ཨ་མའི་སྣང་བརྙན་གྱིས་གོ་གནས་གལ་ཆེན་བཟང་ཡོད་པ་སོགས་ལས་ངེས་ཤེས་ཟབ་མོ་སྐྱེ་ཐུབ་པའོ། །
དེ་བས། བོད་ཀྱི་སྤྱི་ཚོགས་ཡོངས་ཤེས་རིག་གི་ལམ་དུ་གོམ་པ་སྤོ་དགོས་ན། ད་ལྟའི་དུས་ནས་བཟུང་སྐྱེས་མའི་སློབ་གསོར་ཤུགས་སྣོན་དང་མཐོང་ཆེན་བྱེད་དགོས་སོ། །

སྔོན་མ།
ཕྱི་རྒྱལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་རྣམས་སློབ་གྲྭར་ཞུགས་ཚུལ།
ཕྱི་མ།
སློབ་ཁྲིད་བཅོས་སྒྱུར་སྐོར་གྱི་བསམ་གཞིགས།