ཟླ་རེའི་གསར་འགྱུར།

བོད་པའི་སློབ་གྲྭ་ཁག་གི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་ཡར་རྒྱས་ཕྱིན་པ།

༄༅། །རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་ཕྱི་ལོ ༢༠༢༤ ཟླ་ ༥ ཚེས་ ༡༣ ཉིན་འཛིན་རིམ་བཅུ་གཉིས་དང་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་གྲུབ་འབྲས་གསལ་བསྒྲགས་བྱས་ཡོད།

རྒྱ་གར་ནང་བཙན་བྱོལ་བོད་མིའི་སློབ་གྲྭ་ ༡༣ ནས་ཁྱོན་བསྡོམས་སློབ་ཕྲུག་ ༩༦༢ ཀྱིས་ཕྱི་ལོ ༢༠༢༤ ཟླ་ ༣ ཚེས་ ༡༥ ནས་ཟླ་ ༤ ཚེས་ ༢ བར་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ནང་མཉམ་ཞུགས་བྱས་ཏེ། འདི་ལོར་སློབ་གྲྭ་ ༡༡ གི་རྒྱུགས་འཕྲོད་བརྒྱ་ཆ་ ༡༠༠ ཡིན་པའི་ཐོག་སྤྱི་ཡོངས་ཀྱི་རྒྱུགས་འཕྲོད་བརྒྱ་ཆ་ ༩༩་༦༩ དང་། ཆ་སྙོམས་བརྒྱ་ཆ་ ༧༥་༠༡ ཐོབ་ཡོད་པས་ཡིག་རྒྱུགས་གྲུབ་འབྲས་སྔར་ལྷག་ཡར་རྒྱས་ཕྱིན་འདུག

འཛིན་རིམ་བཅུ་གཉིས་ཁྲོད་ནས་གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་སློབ་མ་སྐལ་ལྡན་ཚེ་རིང་གིས་བརྒྱ་ཆ ༩༥་༢ དང་། རིན་ཆེན་ཀརྨ་མཚོ་མོས་བརྒྱ་ཆ་ ༩༥ བླངས་ཏེ་ཤེས་རིག་ལས་ཁུངས་ཀྱི་ཕུལ་བྱུང་བྱ་དགའ་ཐོབ་ཡོད་ཅིང་། ཁོང་གཉིས་ལ་ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༢ བོད་ལྗོངས་མང་གཙོའི་ཉིན་མོའི་གཞུང་འབྲེལ་མཛད་སྒོར་ལག་ཁྱེར་དང་པང་ཐོག་ཀམ་པུ་ཊར་རེ་གནང་རྒྱུ་གཏན་འཁེལ་ཡོད།

གཞན་ཡང་ཕྱི་ལོ་ ༢༠༢༤ ཟླ ༢ ཚེས ༡༥ ནས་ཟླ ༣ ཚེས ༡༣ བར། རྒྱ་གར་ནང་བོད་མིའི་སློབ་གྲྭ་ ༢༣ ནས་ཁྱོན་བསྡོམས་སློབ་ཕྲུག་ ༡༠༠༧ ཡིས་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ནང་མཉམ་ཞུགས་བྱས་ཏེ། སློབ་གྲྭ་ ༡༣ གིས་རྒྱུགས་འཕྲོད་བརྒྱ་ཆ་ ༡༠༠ བླངས་པའི་ཐོག་སྤྱི་ཡོངས་ཀྱི་རྒྱུགས་འཕྲོད་བརྒྱ་ཆ་ ༩༧་༡༢ དང་། ཆ་སྙོམས་བརྒྱ་ཆ ༦༣་༣༠ ཐོབ་སྟེ་ཡིག་རྒྱུགས་ཀྱི་གྲུབ་འབྲས་ཅུང་ཡར་རྒྱས་ཕྱིན་པ་བསྟན་འདུག།

འདི་ལོའི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་གང་ལེགས་བྱུང་བར་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས། ཁོང་སྐུ་སྒེར་དང་ཤེས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་འབྲེལ་ཡོད་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་ཡི་རང་བསྔགས་བརྗོད་ཞུས་པ་དང་ཆབས་ཅིག་མ་འོངས་པར་མུ་མཐུད་ཤུགས་རྒྱག་དགོས་པའི་ནན་སྐུལ་གནང་སོང་།

སྤྱིར་བོད་པའི་སློབ་གྲྭ་ཡོངས་ནས་ཧར་པ་སྤུར་སཾ་བྷོ་ཊ་གཏན་སློབ་ཀྱི་སློབ་མ་ཤ་ཡ་ནཱ་(Shayna) ཡིས་བརྒྱ་ཆ་ ༩༧་༤ ཐོབ་སྟེ་འཛིན་རིམ་བཅུ་གཉིས་ནང་ཨང་དང་པོ་དང་། དེ་བཞིན་སློབ་གྲྭ་དེ་ཉིད་ཀྱི་སློབ་མ་རཱི་ཤི་ཏཱ་(Rishita) ཡིས་བརྒྱ་ཆ་ ༩༦་༢ ཐོབ་སྟེ་འཛིན་རིམ་བཅུ་པའི་ཁྲོད་ནས་ཨང་དང་པོ་བཅས་བླངས་འདུག ད་ལན་འཛིན་རིམ་བཅུ་གཉིས་དང་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་གྲུབ་འབྲས་གང་ལེགས་བྱུང་བར་སློབ་ཕྲུག་ཚོའི་ཕ་མ་དང་འཛིན་སྐྱོང་གི་རྒྱབ་སྐྱོར་ཐོག་འབྲེལ་ཡོད་སློབ་ཕྲུག་དང་དགེ་རྒན་རྣམས་ནས་སློབ་དུས་ཧྲིལ་པོར་དཀའ་ལས་རྒྱག་པའི་འབྲས་བུ་ཡིན་པ་བསྟན་གྱི་ཡོད།

སྔོན་མ།
ཚན་རིག་སློབ་ཕྲུག་རྣམས་ཀྱི་ཆེད་ཉམས་གསོག་སྦྱོང་བརྡར།
ཕྱི་མ།
རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ཁྲོད་བོད་སློབ་ཁག་ཅིག་ཨང་རིམ་རྩེར་སོན་བྱུང་བར་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་འཚམས་འདྲི་གནང་བ།