ཟླ་རེའི་གསར་འགྱུར།

བོད་མིའི་སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་ཉིན་མཐའ་མར་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༡༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་དྷ་ཤོད་བོད་ཁྱིམ་ཚོགས་ཁང་ནང་བོད་མིའི་སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་ཉིན་གསུམ་པའི་ལས་རིམ་གྱི་ཚོགས་ཐེངས་དང་པོའི་ཐོག་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཆེད་ཕེབས་ཀྱིས་ཚོགས་བཅར་བ་ཕ་མ་རྣམ་པ་དང་། དེ་བཞིན་ཕ་མའི་འཐུས་ཚབ་རྣམས་ལ་ཕ་མ་ཚོས་སོ་སོའི་བུ་ཕྲུག་གི་ཤེས་ཡོན་ཐད་འགན་ཁུར་གནང་ཕྱོགས་དང་འབྲེལ་བའི་ལམ་སྟོན་གསུང་བཤད་གནང་དོན།
ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་དང་། ལྷག་པར་ཤེས་ཡོན་སྲིད་བྱུས་ཐོག་ད་བར་སྐུ་ལས་སྐྱོན་མཁན་ཚེ་རིང་བསམ་གྲུབ་ལགས། ཤེས་ཡོན་འགན་འཛིན་རྣམ་པ། ས་གནས་ཁག་ནས་ཕེབས་པའི་ཕ་མའི་སྐུ་ཚབ་རྣམ་པ་བཅས་ལ་བཀའ་ཤག་གི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ང་ལ་སྲིད་སྐྱོང་གི་འགན་ཡོད་པར་བརྟེན་བོད་ནང་གི་ཛ་དྲག་གནས་སྟངས་དང་། རྒྱལ་སྤྱིའི་ཐོག་གང་འདྲ་ཡོང་གི་ཡོད་མེད། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ཕྱག་ལས་གནང་སྟངས་སྐོར་སྙིང་བསྡུས་ཤིག་ཞུས་ན་བསམ་བྱུང་། ཁ་སྔོན་ཕ་མའི་འགན་གང་ཡིན་སྐོར་ང་རང་ཤེས་ཚོད་ལ་དཔག་ནས་ཞུས་པ་ཡིན། འཛམ་གླིང་ཤར་ནུབ་གང་གི་ཕ་མ་ཡིན་རུང་ཕ་མ་ཡིན་པ་གཅིག་པ་རེད། འགན་ཡང་གཅིག་པ་རེད།
ང་ཚོས་དུས་རྟག་ཏུ་བུ་ཕྲུག་ཚོར་མ་འོངས་སོན་རྩ་ཟེར་གྱི་ཡོད། མ་འོངས་སོན་རྩ་ཡིན་ན། ཆེ་མཐོང་དང་བརྩི་བཀུར་བྱེད་དགོས་ཀྱི་ཡོད། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཕ་མར་འགན་ཆེན་པོ་ཡོད། སོ་སོའི་ཕྲུ་གུའི་ཆེད་དུ་ཕ་མ་ཚོ་ཧ་ལམ་ཟླ་བ་རེར་ཐེངས་རེ་སློབ་གྲྭར་ཚོགས་འདུ་སོགས་ལ་འགྲོ་དགོས་ཀྱི་ཡོད། ང་ཚོའི་སློབ་ཕྲུག་རྣམས་བཟོ་གྲྭར་བཅུག་པ་ནང་བཞིན་དགུན་དུས་ཟླ་གཉིས་གུང་གསེང་རྫོགས་མཚམས་གྱོན་ཆས་དང་སྒམ་སོགས་གསར་པ་ཉོས། རྔན་པ་འདྲ་སྤྲད་དེ་ཕྲུ་གུ་སློབ་གྲྭར་བཅུག་རྗེས་ཟླ་བ་དགུ་ལྷག་ཙམ་རིང་ཕ་མ་གར་སོང་ཆ་མེད་ལྟ་བུ་བྱས་ཏེ་ཕྲུ་གུར་དོ་སྣང་བྱེད་ཀྱི་མེད། ཟླ་བ་དགུ་ལྷག་རིང་སོ་སོའི་ཕྲུ་གུ་དེ་ག་རེ་ཆགས་པ་རེད། ཕྲུ་གུར་སེམས་ཁྲལ་དང་སྡུག་བསྔལ་བྱུང་ཡོད་མེད་དང་། སེམས་མ་སྐྱིད་པ་བྱུང་ཡོད་མེད། བརྙས་བཅོས་བྱེད་མཁན་བྱུང་ཡོད་མེད་སོགས་ཉུང་མཐར་ཟླ་བ་རེེར་སོ་སོའི་ཕྲུག་གུར་ཐེངས་རེ་ཁ་པར་ངེས་པར་དུ་གཏོང་དགོས། ཟླ་བ་གསུམ་རེའི་མཚམས་ཐེངས་རེ་ཐུག་པར་འགྲོ་ཐུབ་ན་ཡག་པོ་ཡོད། དེ་མིན་ཟླ་རེར་ཁ་པར་ཐེངས་རེ་བཏང་སྟེ་གནས་སྟངས་ཞིབ་ཕྲ་རྟོགས་ཐབས་བྱེད་དགོས།
ཐེངས་འདིར་བོད་མིའི་སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་ཐེངས་དང་པོ་བསྐོང་ཚོགས་གནང་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ་གཙོ་བོ་ནི། རྣམ་པ་ཚོ་འདིར་ཕེབས་ནས་ཕ་མའི་འགན་གཙོ་བོ་གང་ཡིན་པ་དེ་དག་མཁྱེན་པའི་ཐོག་ནས་ཕ་མ་དང་སློབ་སྤྱི་དབར་དང་། དགེ་རྒན། ལས་བྱེད། དཔེ་མཛོད་དོ་དམ་པ། མ་མ་བཅས་ཀྱི་དབར་ཕ་མས་འབྲེལ་བ་བྱེད་སྟངས་ཀྱི་ས་མཚམས་མཁྱེན་པའི་ཐོག་ནས་ཕྱག་ལས་ཡག་པོ་གནང་བ་ཡིན་ན་ཚགས་ཆུད་པོ་ཏན་ཏན་ཡོང་ངེས་རེད།
སྤྱིར་བསམ་གྲུབ་ལགས་ཀྱིས་ཤེས་ཡོན་སྲིད་བྱུས་གལ་ཆེན་པོ་ཇི་ཙམ་ཡིན་པ་དང་། ཤེས་ཡོན་སྲིད་བྱུས་ཟེར་ན་གང་ཡིན་པ་སྐོར་ངོ་སྤྲོད་གནང་ཡོད་རེད། གཞན་སྤྱི་ཚོགས་ནང་གོ་ནོར་ཐེབས་ཏེ་ཤེས་ཡོན་སྲིད་བྱུས་ཟེར་དུས་བོད་ཡིག་གཅིག་པུའི་ཐོག་ནས་སློབ་ཚན་ཁྲིད་རྒྱུ་མ་གཏོགས་གཞན་གང་ཡང་འཁྲིད་རྒྱུ་མིན་པ་དེར་ཟེར་གྱི་མེད། ཤེས་ཡོན་མཁས་པའི་ནང་བགྲོ་གླེང་མང་པོ་འགྲོ་གི་ཡོད། བགྲོ་གླེང་གང་བྱེད་ཀྱི་ཡོད་རེད་ཅེ་ན། སོ་སོའི་ཕྲུ་གུ་ལ་ཆུང་དུས་སྐབས་ནས་ཕ་སྐད་ཐོག་བསླབ་པ་ཡིན་ན། ཕྲུ་གུ་དེ་རང་གི་ཕ་སྐད་ཀྱི་གཞི་རྩ་བརྟན་པོ་ཡོད་པའི་ཐོག་སྐད་ཡིག་གཞན་སྦྱང་པ་ཡིན་ནའང་ལས་སླ་པོ་ཤེས་ཐུབ་པ་སོགས་ཀྱི་ཁེ་ཕན་ཡོད། དེ་ལྟར་ཕ་སྐད་ཐོག་སློབ་ཁྲིད་གནང་དགོས་དོན་དེ་གང་ཡིན་ཟེར་ན་སོ་སོའི་ཕ་མའི་ནང་ལ་ཕ་སྐད་ཐོག་ནས་སྐད་ཆ་བཤད་རྒྱུའི་ཁོར་ཡུག་ཅིག་དང་། ཕྱོགས་མཚུངས་གཞིས་ཆགས་ཁག་ནང་དང་། སློབ་གྲྭ་བཅས་ལ་སོ་སོའི་ཕ་སྐད་ཐོག་སྐད་ཆ་བཤད་ཀྱི་ཡོད་པར་བརྟེན། ཕྲུ་གུའི་གཞི་རྩའི་བསམ་བློའི་ནང་ཕ་སྐད་བེད་སྤྱོད་བྱེད་རྒྱུའི་གོམས་གཤིས་འཇགས་ཡོད་སྟབས། སློབ་ཁྲིད་བྱ་རྒྱུ་དེ་རང་གི་ཕ་སྐད་ཐོག་བསླབ་པ་ཡིན་ན་ཡག་པ་དང་མགྱོགས་པ་ཤེས་ཀྱི་རེད། ཡག་པ་དང་མགྱོགས་པ་ཤེས་ཚར་རྗེས་རྨང་གཞི་ཡག་པོ་ཆགས་མཚམས་ཨིན་སྐད་ཐོག་བསླབ་པ་ཡིན་ནའང་ཤེས་ཡོན་ཟེར་ན་གང་ཡིན་པ། ཡི་གེ་སྦྱང་སྟངས་གང་འདྲ་ཡིན་པ་དེ་དག་གཞི་རྩ་བརྟན་པོ་ཆགས་པའི་རྗེས་སུ་སྐད་ཡིག་གཞན་ཞིག་གི་ཐོག་ནས་བསླབ་པ་ཡིན་ན། ཡག་པ་དང་མགྱོགས་པ་ཤེས་ཀྱི་རེད།
དཔལ་འབྱོར་ཡར་རྒྱས་འགྲོ་སའི་རྒྱལ་ཁབ་དང་། ལྷག་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཁས་པ་ཚོས་ཕ་སྐད་ཐོག་ཡི་གེ་བསླབ་པ་ཡིན་ན། ཡག་པོ་ཤེས་ཀྱི་རེད་ཅེས་བརྗོད་དགོས་པའི་དགོས་པ་རྒྱུ་མཚན་དང་ཁུངས་སྐྱེལ་རྒྱུ་ཡོད། ཨ་རི་ལྟ་བུ་ཡིན་ན། སྐད་ཡིག་གཉིས་གསུམ་ཆུང་དུས་སྐབས་ནས་སློབ་ཀྱི་ཡོད། གང་ཡིན་ཟེར་ན་ཕྲུ་གུ་ཆུང་དུས་སྐབས་རིག་པ་ཧ་ཅང་གསལ་པོ་ཡོད་པ་དང་། སྐད་ཡིག་གསུམ་བསླབ་པ་ཡིན་ནའང་ཤེས་སླ་བ་ཡོད། ང་ཚོའི་ཤེས་ཡོན་སྲིད་བྱུས་འདི་ཧ་ཅང་གཏིང་ཟབ་པོ་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་སྲིད་སྐྱོང་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་དང་། རྒྱལ་སྤྱིའི་ཐོག་གང་འདྲ་ཡོང་གི་ཡོད་མེད། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ཕྱག་ལས་གནང་སྟངས་སྐོར་སོགས་ཞིབ་ཕྲ་ངོ་སྤྲོད་དང་མང་ཚོགས་ཀྱི་དྲི་བ་ཁག་ལ་ལན་འདེབས་གནང་ཡོད་པ་བཅས། །

སྔོན་མ།
བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་ཐེངས་དང་པོའི་ཐོག་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་བ།
ཕྱི་མ།
སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་ཐེངས་དང་པོ་མཇུག་སྡོམ་ཚོགས་འདུར་ཤེས་རིག་བཀའ་བློན་མཆོག་གིས་གསུང་བཤད་གནང་།