ཟླ་རེའི་གསར་འགྱུར།

བྱང་ཤར་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་མཇུག་བསྒྲིལ་བ།

༄༅། །བསུ་ན་མདའ་བཀྲ་ཤིས་གླིང་མཉམ་འབྲེལ་ཚོགས་ཁང་དུ་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༢༥ ནས་ཟླ་ ༡༠ ཚེས་ ༡ བར་གྱི་བྱང་ཤར་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཀྱི་མཇུག་བསྡོམས་མཛད་སྒོ་ཚོགས་ཡོད།

མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་བྱང་ཤར་བོད་མིའི་གཞིས་ཆགས་ཁག་གི་སྤྱི་ཁྱབ་པ་རྡོ་རྗེ་རིག་འཛིན་ལགས་ཀྱིས་དབུས་པའི་བསུ་ན་མདའ་བཀྲ་ཤིས་གླིང་མཉམ་འབྲེལ་ཚོགས་གཙོ་བཅས་ཚོགས་ཕེབས་གནང་། དང་ཐོག་ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ནས་འཚམས་འདྲི་དང་སྦྲགས་ཉིན་གྲངས་དྲུག་གི་ལས་བསྡོམས་སྙན་སྒྲོན་ཞུས་དོན། འདུ་འཛོམས་འདིའི་ཉིན་དང་པོ་ནས་དྲུག་པ་བར་གྱི་ཉིན་རེའི་ལས་རིམ་ཆ་བགོས་ཇི་བྱས་ཆ་ཚང་བསམ་དོན་ལྟར་གྲུབ་ཅིང་། ལྟ་གྲུབ་དགེ་རྒན་རྣམ་པས་སྐུ་ངལ་འཛེམ་མེད་ཀྱིས་སློབ་གྲྭ་གང་གི་སློབ་ཕྲུག་ཡིན་མིན་ལ་མ་ལྟོས་པར་ལྷག་བསམ་རྣམ་དག་གིས་སློབ་ཕྲུག་ཡོངས་ལ་སྤྱི་སྙོམས་ཀྱིས་སློབ་ཁྲིད་ལམ་སྟོན་གང་ལེགས་གནང་ཡོད་ལ། ལྷག་པར་གདན་ཞུས་བློ་གླིང་དགེ་བཤེས་བསྟན་འཛིན་དཔལ་ལྡན་ལགས་དང་ལྟ་གྲུབ་དགེ་རྒན་ཐུན་མོང་ནས་བལ་ཡུལ་ཨེས་ཨོ་ཨེས་སྤོག་ར་སློབ་གྲྭའི་སློབ་ཕྲུག་རྣམས་ལ་ཉིན་གྲངས་དྲུག་རིང་རིགས་ལམ་སློབ་ཁྲིད་གནང་བའི་ཐོག སློབ་ཕྲུག་ཚོའི་ངོས་ནས་ཀྱང་དོ་དབྱིངས་དང་ཧུར་བརྩོན་ཆེན་པོས་སྦྱང་བརྩོན་ལེགས་པར་གནང་སྟེ་ཨེས་ཨོ་ཨེས་སྤོག་ར་སློབ་གྲྭའི་སློབ་ཕྲུག་བཅུ་གཉིས་ཆ་ཚང་ལ་རིགས་ལམ་གྱི་རྨང་གཞི་ཚུགས་པ་བྱུང་ཡོད། ཨེས་ཨོ་ཨེས་སྤོག་རའི་སློབ་ཕྲུག་རྣམས་ལ་ལྟ་གྲུབ་དགེ་རྒན་གྱི་མཐུན་རྐྱེན་འཛོམས་ན་རིགས་ལམ་སྦྱོང་འདོད་ཀྱི་སྤྲོ་བས་ཕོངས་པ་མེད་སྟབས། སློབ་གྲྭའི་འཛིན་སྐྱོང་ནས་སློབ་གྲྭར་ལྟ་གྲུབ་དགེ་རྒན་བསྐོ་གཞག་ཐུབ་ཚེ་བོད་ཀྱི་ཐུན་མིན་རིག་གཞུང་གི་ཞབས་འདེགས་དང་། ལྷག་པར་༸རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་སྒྲུབ་པའི་རྒྱུ་རུ་འགྲོ་རྒྱུ་ཡིན་པ་བཅས་ཀྱི་རེ་སྐུལ་གནང་།

དེ་ནས་སློབ་ཕྲུག་སྐུ་ཚབ་གཉིས་ནས་རིགས་ལམ་འདུ་འཛོམས་འདི་ནས་སློབ་གྲྭ་འདྲ་མིན་གྱི་ལྟ་གྲུབ་དགེ་རྒན་དང་སློབ་ཕྲུག་མང་པོའི་ལྷན་དུ་རྩོད་ཟླ་དང་། གོ་བསྡུར་སྦྱངས་བཤད་བྱེད་རྒྱུའི་གོ་སྐབས་མང་པོ་ཐོབ་སྟབས། ཐོག་མར་འདིར་ཡོང་བའི་སྐབས་དང་མཐར་ཕྱིར་ལོག་འགྲོ་བའི་སྐབས་སོ་སོའི་བསམ་བློའི་ནང་རིགས་ལམ་གྱི་གོ་རྟོགས་ཐད་ཁྱད་པར་ཆེན་པོ་བྱུང་སོང་བས། ཤེས་རིག་ལས་ཁུངས་དང་ལྟ་གྲུབ་རྒན་ལགས་རྣམ་པ་ཚང་མར་སློབ་ཕྲུག་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ།

ལྟ་གྲུབ་དགེ་རྒན་གྱི་སྐུ་ཚབ་རྡོར་གླིང་ལྟ་གྲུབ་དགེ་རྒན་དགེ་བཤེས་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་མྱོང་ཚོར་གསུང་དོན། རིག་པའི་གནས་གང་འདྲ་ཞིག་ཡིན་ཡང་། དེ་ལ་བརྟག་ཅིང་དཔྱད་པའི་སྒོ་ནས་གནད་དོན་དཔྱིས་ཕྱིན་ཤེས་རྟོགས་ཡོང་བར་རིགས་པའི་འགྲོ་སྟངས་དེ་མེད་དུ་མི་རུང་བ་ཡིན་སྟབས། ཚད་མ་རིག་པའམ་རིགས་ལམ་ནི་ཆོས་དང་འཇིག་རྟེན་གྱི་གནས་ཚུལ་གང་ལའང་ཕན་ཐོགས་ཆེན་པོ་ཡོད་པའི་ཐབས་ལམ་གལ་ཆེ་ཤོས་ཤིག་ཡིན། རིགས་ལམ་འདུ་འཛོམས་སྐབས་སློབ་གྲྭ་འདྲ་མིན་ནས་ལྟ་གྲུབ་དགེ་རྒན་དང་སློབ་ཕྲུག་མང་པོ་ཕེབས་ཀྱི་ཡོད་སྟབས། ལྟ་གྲུབ་དགེ་རྒན་ཕན་ཚུན་ནས་སློབ་ཁྲིད་ཐབས་ལམ་འདྲ་མིན་ཤེས་རྟོགས་དང་བློ་བསྐྱེད་ཆེན་པོ་ཡོང་གི་ཡོད་པ་མ་ཟད། སློབ་ཕྲུག་ཚོར་ཡང་དགེ་རྒན་འདྲ་མིན་གྱི་དྲུང་ནས་རིགས་ལམ་ཐོག་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་དང་སློབ་ཕྲུག་ཕན་ཚུན་ནས་རིགས་པའི་འགྲོ་སྟངས་མང་པོ་ཤེས་རྒྱུ་ཡོང་གི་ཡོད་པས། རིགས་ལམ་འདུ་འཛོམས་འདི་ལྟ་བུའི་ལས་རིམ་རྣམས་གལ་ཆེན་པོ་ཞིག་རེད་འདུག

ཐེངས་འདིར་མཉམ་ཞུགས་བྱེད་མཁན་སློབ་ཕྲུག་སྤར་ཆ་གནང་ཡོད་སྟབས་ཚོགས་ཡུལ་གྱི་ས་ཆ་ཅུང་ཟད་ཆུང་དྲགས་པའི་ཚོར་སྣང་བྱུང་སོང་བས། མ་འོངས་པར་ཚོགས་སའི་ས་ཆ་ཅུང་ཟད་གུ་ཡངས་པོ་ཞིག་བྱུང་ན་ཕན་ཐོགས་ཆེ་བ་ཡོང་རྒྱུའི་བསམ་ཚུལ་གསུངས།

དེ་ནས་སྐུ་མགྲོན་གཙོ་བོ་བྱང་ཤར་བོད་མིའི་གཞིས་ཆགས་ཁག་གི་སྤྱི་ཁྱབ་ས་གནས་འགོ་འཛིན་རྡོ་རྗེ་རིག་འཛིན་ལགས་ནས་ཚོགས་བཅར་བ་རྣམས་ལ་འཚམས་འདྲི་དང་སྦྲགས། དགེ་སློབ་རྣམས་ལ་མཇུག་བསྡོམས་གསུང་བཤད་གནང་དོན། སློབ་གྲྭ་འདྲ་མིན་ནས་སློབ་ཕྲུག་དགུ་བཅུ་ལྷག་འདིར་འཛོམས་ཏེ་ཉིན་གྲངས་དྲུག་ལྷག་རིགས་ལམ་ཐོག་སྦྱང་བརྩོན་གནང་ཡོད་པ་རེད། དུས་ཡུན་དེའི་རིང་སློབ་གྲྭ་ཁག་གི་ལྟ་གྲུབ་རྒན་ལགས་རྣམ་པས་སློབ་ཕྲུག་ཚོའི་ཆེད་དུ་སོ་སོའི་ལས་འགན་ཙམ་མིན་པར་ཁ་ཞེ་གཉིས་མེད་དང་ལྷག་བསམ་རྣམ་དག་གིས་སློབ་ཁྲིད་དང་དུས་ཚོད་བཏང་གནང་སོང་དྲན་གྱི་ཡོད། གང་ཡིན་ཟེར་ན་ང་རིགས་ལམ་འདུ་འཛོམས་ཚོགས་ས་འདིའི་ཉེ་འགྲམ་དུ་སྡོད་ཀྱི་ཡོད་སྟབས། ཁྱེད་རང་ཚོའི་ལས་གཞི་འདིའི་ལས་རིམ་ཁག་ལ་དོ་སྣང་དང་ཤེས་རྟོགས་ཡོང་གི་འདུག ལྷག་པར་ཨེས་ཨོ་ཨེས་སྤོག་ར་ལ་ཆ་བཞག་ན་ཐོག་མར་འདིར་སླེབས་སྐབས་རིགས་ལམ་སྐོར་གང་ཡང་ཤེས་ཀྱི་མེད་ཀྱང་། མཇུག་བསྡོམས་སྐབས་སློབ་གྲྭ་གཞན་དང་གཅིག་མཚུངས་རྟགས་གསལ་སྤྱན་འབུལ་ཐུབ་པ་དེ་ཧ་ཅང་ཡག་པོ་རེད།

སྔོན་མ་ངས་སློབ་ཕྲུག་ཚོས་བསྡུས་གྲྭའི་རྣམ་གཞག་བློ་འཛིན་བྱས་པ་ངག་སྐྱོར་བྱེད་ཀྱི་ཡོད་དམ་སྙམ་པ་དྲན་མྱོང་ཡོད་ཀྱང་། རྗེས་སུ་བསམ་གཞིག་བྱེད་སྐབས་རིགས་ལམ་ཁ་ལབ་ཐུབ་པའི་ཆེད་དུ་ཐོག་མར་མཚན་ཉིད་དབྱེ་བ་དང་། མུ་སྒྲིག་སྟངས་སོགས་ངག་སྐྱོར་བྱེད་རྒྱུ་དེ་ཡང་ཧ་ཅང་གལ་ཆེན་པོ་ཡིན་པ་ཤེས་རྟོགས་བྱུང་། སྤྱིར་སློབ་ཕྲུག་སྐུ་ཚབ་དང་ལྟ་གྲུབ་དགེ་རྒན་སྐུ་ཚབ་ཀྱིས་རིགས་ལམ་འདུ་འཛོམས་དང་འབྲེལ་བའི་མྱོང་ཚོར་གསུངས་ཚར་སོང་། རིགས་ལམ་སློབ་ཁྲིད་གནང་རྒྱུ་དེ་བོད་ཀྱི་རིག་གཞུང་གཅེས་འཛིན་ནང་ནས་གལ་ཆེ་བ་ཞིག་ཆགས་ཀྱི་ཡོད། ༸རྒྱལ་བ་རིན་པོ་ཆེ་ཡང་རིགས་ལམ་ལ་ཐུགས་དགྱེས་ཚོར་ཆེན་པོ་གནང་གི་ཡོད།

ཁྱེད་རྣམ་པ་ཚོའི་མཁྱེན་རྟོགས་ཆེད་དུ་ཞུ་ན། དེ་སྔ་༸རྒྱལ་བ་རིན་པོ་ཆེ་གཞིས་ཆགས་ཁག་ཏུ་ཆིབས་སྒྱུར་བསྐྱངས་སྐབས་ང་ཚོས་མཛད་རིམ་ནང་སློབ་ཕྲུག་གི་རྟགས་གསལ་ལས་རིམ་དེ་ངེས་པར་དུ་འཇོག་གི་ཡོད། དེར་བརྟེན་ཁྱེད་རང་ཚོས་རྟགས་གསལ་གཏོང་སྟངས་ཤེས་ནས་རིགས་པའི་འགྲོས་ཡག་པོ་ཞིག་ཆགས་སོང་ན། ༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ཁག་གི་ནང་ནས་དོན་དག་གལ་ཆེན་པོ་ཞིག་ཁྱེད་ཚོས་སྒྲུབ་ཀྱི་ཡོད་པ་རེད། མ་འོངས་བོད་ཀྱི་སོན་རྩ་དེ་ཁྱེད་རང་ཚོ་ཡིན་སྟབས། ཁྱེད་ཚོས་སློབ་སྦྱོང་ཡག་པོ་ཞིག་བྱས། ཀུན་སྤྱོད་བཟང་པོ་ཞིག་བསྟེན། བོད་མི་རིགས་ལ་ཕན་ཐོགས་མཁན་གྱི་མི་ཞིག་ཆགས་པ་ཡིན་ན། ༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དང་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་ངོ་མ་དེ་ཡང་འདི་རང་རེད།

དེ་མིན་སློབ་སྦྱོང་ལའང་ལྟ་བཟོ་མེད་པ་དང་། སྤྱོད་པའང་ངན་དུ་ཕྱིན་ཏེ་ནམ་ཞིག་འཛིན་རིམ་བཅུ་གཉིས་སོགས་ཐོན་ཀྱང་། སོ་སོའི་མི་ཚེ་མགོ་མ་ཐོན་པ་དང་། ཕ་མ་ལའང་ཕན་མ་ཐོགས་པ། སྤྱི་ཚོགས་ལའང་དཀའ་ངལ་བཟོ་མཁན་ཞིག་ཆགས་ན་ཧ་ཅང་གིས་ཐབས་སྐྱོ་པོ་རེད། ངས་དེ་སྔོན་དབུ་འབྱེད་སྐབས་ཞུས་པ་ལྟར་ང་ཚོའི་མི་རིགས་འདི་གཞན་དང་མི་འདྲ་བར་མི་འབོར་ཧ་ཅང་ཉུང་ཉུང་ཡིན་སྟབས། ང་ཚོ་བོད་མི་རིགས་ཀྱི་སྤུས་ཀ་དེ་ཡག་པོ་བཟོ་རྒྱུའི་འགན་དེ་ང་ཚོ་བོད་པ་ཚང་མར་ཡོད་པ་རེད།

དེས་ན་ཤེས་རིག་ལས་ཁུངས་ནས་ཀྱང་སྤུས་ཀ་དེ་ཡག་པོ་བཟོ་རྒྱུར་གལ་ཆེན་པོ་བརྩི་གི་ཡོད་རེད་ལ། ང་ཚོས་ཀྱང་དེ་གལ་ཆེན་པོ་ཞིག་ལ་བརྩི་ཡི་ཡོད། ང་ཚོས་ཕྱི་རྒྱལ་ནུབ་ཕྱོགས་ཀྱི་རིག་གཞུང་དང་བྱེད་སྟངས་ལ་དབྱིངས་ཞུགས་ནས་སྡོད་ཅིང་། ནུབ་ཕྱོགས་པ་རྣམས་ཀྱིས་ང་ཚོ་བོད་པའི་རིག་གཞུང་འདི་ལ་རིན་ཐང་ཞིག་མཐོང་སྟེ་ཚུར་དོ་དབྱིངས་དང་སློབ་སྦྱོང་གནང་གི་ཡོད་པ་རེད། དེས་ན་ང་ཚོ་བོད་པ་ཚོས་བོད་ཀྱི་སྐད་ཡིག་རིག་གཞུང་ལ་དོ་སྣང་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཤེས་རིག་ལས་ཁུངས་དང་བོད་མི་རིགས་ཀྱི་རེ་བའང་འདི་རེད། དེ་མིན་ཁྱེད་ཚོས་བོད་ཀྱི་སྐད་ཡིག་མ་ཤེས་པར་ཨིན་ཇི་སྐད་སོགས་ཐོགས་པ་མེད་པར་ཇི་ཙམ་ཤེས་ཀྱང་ཧང་སང་རྒྱུ་གང་ཡང་མེད།

དང་པོ་ང་ཚོས་སོ་སོའི་སྐད་ཡིག་རིག་གཞུང་དེ་ཡག་པོ་ཞིག་སྦྱངས་ཏེ་དེ་ཐོག་ཨིན་ཇི་སྐད་སོགས་འཕར་མ་གང་ཤེས་ཀྱང་རྒྱན་རེད། དཔེར་ན་གཏོར་མ་ཞིག་ལ་དཀར་རྒྱན་བརྒྱབ་པ་ལྟར་ཡོང་གི་རེད། དེ་སོང་ཙང་ངས་ཞུ་དོན་གཙོ་བོ་ནི་རིགས་ལམ་གྱིས་སོ་སོའི་རིག་སྟོབས་འཕེལ་བ་དང་། སྤྱང་གྲུང་དོད་པ། གནས་ཚུལ་གང་ལའང་བསམ་བློ་གཏོང་ཤེས་པ་ཡོང་གི་ཡོད་སྟབས། རིགས་ལམ་ནི་ཧ་ཅང་གི་གལ་ཆེན་པོ་རེད། ངས་རིགས་ལམ་འདུ་འཛོམས་འདིའི་དབུ་འབྱེད་དང་མཇུག་བསྡོམས་ཀྱི་ལས་རིམ་གཉིས་ཀ་མཐོང་ཡོད་སྟབས། ཉིན་དང་པོ་དང་མཐའ་མ་གཉིས་དབར་ཁྱད་པར་ཡོད་པ་མཐོང་སྟེ་བློ་བདེ་པོ་བྱུང་སོང་གསུངས།

རིགས་ལམ་འདུ་འཛོམས་འདིར་མཉམ་ཞུགས་གནང་མཁན་སློབ་ཕྲུག་ཚོ་སློབ་གྲྭ་སོ་སོ་ནས་ཐོན་ནས་ཕྱིར་མ་ལོག་བར་ཉིན་གྲངས་བཅུ་ཙམ་རིང་འཛིན་གྲྭ་སོ་སོའི་སློབ་ཚན་གཞན་ལ་ཉན་རྒྱུ་བྱུང་མེད་ཀྱང་འགྱོད་པ་སྐྱེ་དགོས་ཀྱི་མ་རེད། གང་ཡིན་ཟེར་ན་ཁྱེད་རང་ཚོ་ལ་སློབ་ཕྲུག་གཞན་གྱིས་མ་ཤེས་པའི་རིགས་ལམ་གྱི་འགྲོ་སྟངས་མང་པོ་ཞིག་གསར་པ་ཤེས་ཏེ་བློ་བསྐྱེད་ཆེན་པོ་བྱུང་ཡོད་པ་རེད། སློབ་ཕྲུག་ཚང་མ་ཨང་ཀི་དང་པོ་ཆགས་དགོས་ཀྱི་མ་རེད། འཛིན་གྲྭའི་ནང་ཨང་ཀི་བླང་རྒྱུ་ལས་སོ་སོའི་བསམ་བློའི་གནས་ཚད་དེ་ཡག་པོ་བཟོ་རྒྱུ་གལ་ཆེ་བ་རེད། ཨང་ཀི་དང་པོ་ཁོ་ནར་གོ་སྐབས་ཚང་མ་ཐོབ་དགོས་ཀྱི་ཡོད་ན། རྒྱ་གར་གྱི་སྲིད་བློན་དུ་མོ་དཱི་ཕེབས་ཐུབ་ཀྱི་མ་རེད། མོ་དཱི་སློབ་སྦྱོང་ཐོག་ཨང་ཀི་དང་པོ་སོན་ཐུབ་མེད་ཀྱང་། ཁོ་རང་གི་བསམ་བློའི་འཚར་ལོངས་དེ་ཚད་མཐོ་པོ་དང་གྲུང་པོ་ཡོད་སྟབས། ཁོང་གིས་རྒྱལ་ཁབ་སྐྱོང་ཐུབ་ཀྱི་ཡོད་པ་རེད།

ངས་འདི་ནས་མིད་པ་ན་ན་བཤད་པ་དེ་ཁྱེད་རང་ཚོ་ལ་ཕན་ཐོགས་ཤིག་བྱུང་ན་བསམས་ཏེ་ཤོད་ཀྱི་ཡོད། དེ་སོང་ཙང་ངས་དབུ་འབྱེད་སྐབས་སུ་ཡང་ཞུས་པ་ཡིན་ལ། ད་ལྟའང་བསྐྱར་ལྡབ་ཀྱིས་ཞུ་རྒྱུ་ནི་སློབ་ཕྲུག་ཁྱེད་རང་ཚོས་སྤྱོད་པ་ཡག་པོ་རྣམས་བསྟེན་པ་དང་། སྤྱོད་པ་ངན་པའི་ཆ་རྣམས་ངེས་པར་དུ་དོར་དགོས། གོང་དུ་སློབ་ཕྲུག་སྐུ་ཚབ་དང་ལྟ་གྲུབ་དགེ་རྒན་སྐུ་ཚབ་ནས་རིགས་ལམ་འདུ་འཛོམས་ཀྱི་ཕན་ཐོགས་སྐོར་གསུངས་པ་བཞིན། ངས་ཀྱང་འདུ་འཛོམས་འདི་ལྟ་བུ་ཧ་ཅང་གི་གལ་གནད་ཆེན་པོ་མཐོང་གི་ཡོད་སྟབས། མ་འོངས་པར་ཡང་ཤེས་རིག་ལས་ཁུངས་ནས་ལོ་འཆར་ཅན་མ་བྱུང་རུང་ད་ལྟ་བཞིན་ལོ་གཉིས་རེའི་མཚམས་སུ་ངེས་པར་དུ་འདུ་འཛོམས་འདི་ལྟ་བུ་གོ་སྒྲིག་ཐུབ་རྒྱུའི་རེ་བ་ཞུ་བ་དང་ཆབས་ཅིག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་ཡུན་རིང་བརྟན་པའི་སྨོན་འདུན་ཞུས།

མཛད་སྒོའི་མཐའ་མར་ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ནས་སྐུ་མགྲོན་གཙོ་བོ་དབུས་པའི་སྐུ་མགྲོན་རྣམ་པ་དང་། བསུ་ན་མདའ་བཀྲ་ཤིས་གླིང་མཉམ་འབྲེལ་གྱི་འགན་འཛིན་ལྷན་ཚོགས་དང་ལས་བྱེད། སློབ་གྲྭ་ཁག་གི་ལྟ་གྲུབ་དགེ་རྒན་རྣམ་པ་དང་སློབ་ཕྲུག གཞན་ཡང་ཕྱག་རོགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོའི་མཇུག་བསྒྲིལ།།

 


 

སྔོན་མ།
ཐ་སྙད་གོ་རྟོགས་ཀྱི་ལས་གཞི་སྤེལ་བ།
ཕྱི་མ།
ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་ལས་རིམ་ལེགས་གྲུབ་ཟིན་པ།
Menu